Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

78 occurrences of གཙང་
[Clear Hits]


 
དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་གྱི་ཞལ་ཤེས་རྣོ་མདེལ་མ།
 
 
  
  
 
 
  
  
  
 
  
  
  
  
 
  
  
  
  
  
  
  
  
 
 
 
  
  
23   
20   
 
 
  
 
 


78 occurrences of གཙང་
[Clear Hits]

 
no previousདཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་གྱི་ཞལ་ཤེས་རྣོ་མདེལ་མ།next

དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་གྱི་ཞལ་ཤེས་རྣོ་མདེལ་མ།


CMR029_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་གྱི་ཞལ་ཤེས་རྣོ་མདེལ་མ་བཞུགས་སོ། །


CMR029_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་ཀཱ་ལ་ཡེ། རྣོ་མདེལ་གནམ་ཆོས་ལུགས་ཀྱི་ཆོ་འཕྲུལ་འདི། །གཞན་གྱིས་མ་མཐོང་སྙན་བརྒྱུད་ཁོ་ན་ཡིན། །འདི་ལ་རང་མདུན་ས་ནག་ལ་སོགས་ལ། །སྟེགས་བུའམ་མ་འཛོམ་ན་རེ་ནག་ཕྱར་སྟེང་དུ། འབྲུ་ནག་གིས་གྲུ་གསུམ་སུམ་རིམ། དེ་སྟེང་ཚོམ་བུ་འདབ་བརྒྱུད་བཀོད། མཉྫིའི་སྟེང་དུ་མགོན་པོའི་གཏོར་མ་འཁོར་བཅུའི་བསྐོར་བ། དམར་ནག་ཅུང་ལིང་ཤ་དང་ཉུང་རྒྱན་ལྡན་བཤམས། མདའ་དར་སོགས་གཞུང་གི་རྟེན་རྫས་ཡོད་ཀྱང་བཤམས། གཞི་སྟེང་བཀྲ་མི་ཤིས་པའི་ས་སྣ་ཚོགས་ལ་ཐན་གཟུགས་བྱ་བའམ་གང་འོང་གནོད་པའི་གཟུགས་ཀྱིས་


CMR029_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར། སྔོན་འགྲོ་རྒྱུན་གཏོར་ལ་སོགས་མཆོད་རྫས་བཤམས། མུན་ནག་དུས་མུན་མཚམས་ངག་བཅད་ལྡན་པས་རང་གི་ཡི་དམ་གང་འདོད་རྒྱས་པར་བཏང་། དེ་ནས་བདག་མདུན་གཉིས་ཀ་མགོན་པོར་བསྒོམ། མཚལ་མའི་གཞུང་རྫོགས་པར་བཏང་། དམ་ཅན་བར་གཏོར་བསྔོས་བསྟོད་པ་བྱ། དེ་ནས་སྤྱན་འདྲེན་སྔགས་དམིགས་ཉིན་ཕྱེད་བར་བཟླ། དེ་ནས་དགོང་མོ་གཞུང་གི་སྐུ་གསུང་ཐུགས་ཀྱི་ཤཱ་ས་ན་བཅས་ཐུན་གཅིག་བཟླས། ཕྱི་དྲོ་ནས་ཐན་འགྱེད་གནམ་ཆོས་ལུགས་ཀྱི་སྔགས་བཟླས། དམིགས་པ་གཞུང་གི་ཟིན་བྲིས་ལྟར་བསྒོམ། སྔགས་སྟོང་ཚོ་གསུམ་


CMR029_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

མམ་གཅིག་བཟླས། དེ་ནས་དམར་གཏོར་གཅིག་ལ་བསྐུལ་བཅས་དགྲ་ཕྱོགས་སུ་འཕང་ངམ་ཕུལ་བའི་དམིགས་པ་ཞལ་ཤེས་ལྟར་བྱེད། དེ་འདྲ་ཉིན་རྫོགས་སམ་མི་གྲོལ་ན་ཞག་གསུམ་ལྔ་བདུན་ལྟར་བྱེད། དེ་ནས་གྲོལ་ན་ཐན་གཟུགས་རྟེན་གཏོར་བཅས་དགྲ་ཕྱོགས་སུ་འཕང་། དམོད་བཅོལ་བཅས་བྱེད། ༈ དམ་ཅན་དང་འབྲེལ་ན་སྔོན་ན་རྟེན་གཏོར་སྔོན་དམ་ཅན་གཏོར་མ་གཅིག་བཞག །བསྐྱེད་བསྟིམ་མཆོད་བསྟོད་བཅས་བྱ། ཨོཾ་བཛྲ་སཱ་དྷུ་ས་མ་ཡ༔ དགྲ་བོ་སྒྲེ་མོ་ལ་སོགས་བརྒྱ་རྩ་རེ་བཟླས། དམ་ཅན་སྐུ་ལ་ཨ་ཙ་ར་མི་ནག་མང་པོ་དམ་ཉམས་གར་ཡོད་སར་སྡིགས་མཛུབ་སྙིང་གར་གཏད་དེ་རྣམ་ཤེས་བསྒྱུར། མིག་གི་འབྲུ་ཚུགས་བལྟས་ནས་ཐན་དང་ལྟས་ངན་སྣ་ཚོགས་ཕབ་པར་བསམ། གཏོར་མ་ཡང་ཕ་ཝཾ་ལོང་བུ་དང་དྲེགས་པ་ལྔ་འདུར་གྱི་བསྐུལ་ཞིང་འཕང་། འདི་ཞག་གཉིས་ཉིན་སྒྲུབ་ཞག་མང་ཉུང་ལ་འབྲེལ་ན་ཡང་ཆོག །མགོན་པོ་རང་གར་ཡང་རུང་། གཞན་ལ་མ་སྤེལ་མགོན་པོའི་བཀའ་ཆད་འོང་༔ ཞེས་རཱ་ག་ཨ་སྱས་ཞལ་ཤེས་བྲིས་པ་མངྒ་ལཾ།། བཀྲ་ཤིས། ༈ དམ་ཅན་ཆིག་རྒྱུག་གི་སྒྲུབས་ཐབས་བཞུགས་སོ། །དམ་ཅན་རྡོ་རྗེ་ལེགས་པའི་ཆོ་


CMR029_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་བཏང་ཐབས་འདི་ལ་ཐལ་བས་རི་མོ་གྲུ་གསུམ་པ་གཅིག་བྱེད། དེའི་ཐོག་ཏུ་ལིངྒ་བཏིང་། འགུགས་གཞུག་བྱ། དེའི་ཐོག་ཏུ་རྡོ་རྗེ་ལེགས་པའི་གཟུགས་ཁམས་ས་ལ་བྱས་པ་བགོ་ཞུ་ཅན་བཞག །གཡོག་པོ་ཞྭ་ཆུ་ཅན་སྒོ་ན་བཞག །དེ་སྟེང་ཤིང་འཚམས་ཐོག་ཏུ་གཏོར་མ་ཟུར་གསུམ་བཅས་ལ་ཤས་བརྒྱན། བསྙེན་པའི་ཚད་ལ་ས་རུབ་ནས་སྲོད་ཚུན་ལ་བཟླའོ། །ཟན་ཟ་ཡུན་ལའང་། སྐྱེ་བོ་དང་ནག་ཆང་གིས་བསྒྲུབ་ཀྱང་འགྲུབ། བསྒྲུབ་པའི་རྫས་ལ་རའི་དབང་པོ་རྣམ་ལྔས་གཏོར་མ་བརྒྱན། དུག་ཕྱུང་བྱ་འབོད་པའི་དུས་སུ་ར་ཚིལ་དུད་པ་བཏང་། འབོད་དུས་སྒོར་བསྡད། ཆད་དུས་རྒྱབ་ནས་དེད། ར་གསུར་དང་ཤུག་ཕྱེ་གཉིས་ཀྱི་དུད་པ་རྒྱུན་མ་ཆད་པ་བཏང་། ཟད་དུས་དུད་པ་བཅད་ནས་ཡུངས་ཀར་དང་ཐལ་ཆེན་གྱིས་བྲབ་པར་བྱའོ། །དེ་ནས། ཧཱུྃ། ཐལ་ཆེན་དཀར་པོ་ལ་གནས་པའི་དམ་ཅན་རྡོ་རྗེ་ལེགས་པ་ཁྱོད། ལྷ་ཀླུ་གནོད་སྦྱིན་མང་པོས་ཁྱོད་བརྟེན་ཏེ། །མཐུ་ཆེན་སྤྱན་རྩ་དམར་པོ་ནམ་མཁའི་དབྱིངས་སུ་བལྟ། །དབུ་སྐྲ་རལ་པའི་ཅོད་པན་གསིག་པ་ནི། །ཀླུ་ཆེན་བརྒྱད་ཀྱང་རང་བཞིན་གནས་ནས་བསྐུལ། །ཆིབས་སུ་ཞུར་པོ་རྐང་དཀར་


CMR029_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བཅིབས་པའི་ཚེ། །འཇིག་རྟེན་གསུམ་ཡང་སྐད་ཅིག་ཡུད་ཀྱིས་འཁོར། །ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས་པ་ཡིས། །དམ་ཉམས་དགྲ་བོའི་སྙིང་གི་དཀྱིལ་དུ་རྒྱོབས། །གཡོན་པས་སྡིགས་མཛུབ་སྦྲུལ་ཞགས་གདེངས་པ་ཡིས། །དམ་ཉམས་དགྲ་བོའི་མགོ་ལུས་ཡན་ལག་ཆིངས། །དགེ་བསྙེན་བཛྲ་སཱ་དྷུའི་དུས་ལ་བབ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །སྡང་བའི་དགྲ་ལ་ཆོ་འཕྲུལ་སྟོན། །ཏྲི་མ་ལི་ཀྲིང་ཀྲིང་ཀ་ར་རཀ་ར། །སྡང་བའི་དགྲ་ལ་རྒྱུག །མྱུར་དུ་སྟོན། མྱུར་དུ་སྟོན། མ་ཐོགས་མྱུར་དུ་སྟོན། དྲག་ཏུ་སྟོན་། དམ་ཅན་རྡོ་རྗེ་ལེགས་པ་འཁོར་དང་བཅས་པའི་ཞལ་དུ་བ་ལི་ཏ་ཁ་རཾ་ཁཱ་ཧི། ཞེས་རཀྟ་དང་། རཀྟ་དམར་གྱི་མཆོད་པ་བཞེས་སུ་གསོལ། ཕྲིན་ལས་བཅོལ་བའི་དམོད་ནི། དགྲ་བོ་དེ་ལ་སྒོ་ཆོད། མཚན་མ་སྟོན། ཆོ་འཕྲུལ་ཐོངས། སྒྲ་ལ་འཐེན། འགྲམ་ལྕགས་རྒྱོབ། རྩ་བའི་སྔགས་ཀྱི་མཐར། དམ་ཅན་རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དགྲ་བོའི་ཐོག་ཏུ་རྒྱུག་རྒྱུག །རྒྱ་སྟག་ཁྲ་བོ་རྒྱུག །ལྕགས་སྤྱང་སྔོན་པོ་རྒྱུག །བྱ་ཐན་རྒྱུག །སྦར་ཐན་རྒྱུག །ཐན་སྣ་སུམ་བརྒྱ་དྲུག་ཅུ་དགྲ་བོ་ལ་རྒྱུག །ནམ་ཕྱེད་


CMR029_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུག །ཉིན་ཕྱེད་རྒྱུག །སྒོ་ནོར་ལ་རྒྱུག །མཆན་གྱི་བུ་ལ་རྒྱུག །འོད་ཀྱིས་ཁང་ཁྱིམ་ཁང་། སྦྲུལ་ནག་གི་ཡན་ལག་ཆིངས། དགྲ་བོ་ཟག་རྫས་ཁྱེར་མི་དེའི་ཐོག་ཏུ་རྒྱུག་ལ་སྙིང་དཀྲུགས་ལ་ད་ལྟ་ཉིད་དུ་ཀ་ཆ་ཁྱེར་ལ་ཤོག །ར་སྤུ་དུམ་གཅིག་བཅུ་གཅིག །ཆེད་དུས་མི་གཡུགས། ནམ་མཁའི་བར་ནས་དམ་ཅན་མང་པོ་དམིགས་ལ་བསྟིམ་མོ་། །དམ་ཅན་གྱི་ཐུགས་ཀར་གྲུ་གསུམ་བྲུས་ཏྲི་མི་ལི་སྔགས་ཀྱི་མཐར་ནོར་རྫས་གང་ཤོར་གྱི་མིང་བྲིས་ལ་སྦ། ར་གཞུར་པོ་རྐང་དཀར་པོ། མན་པ་དེ་ཨྠྀི། ༈ བེར་ནག་ཅན་གྱི་མཚལ་མའི་ལས་ཚོགས། གིང་ནག་པོ་དང་། །དམ་ཅན་ཆིག་རྒྱུག་གི་ཟིན་བྲིས་གསལ་བའོ། །བླ་མ་རིན་པོ་ཆེའི་དྲུང་དུ་ཞུ་བ། ལར་མན་ངག་ཕལ་ཆེར་ལྷ་ཞིག་གི་ལས་ཚོགས་མིན་པ་ཆེར་མེད་པ། ལས་ཚོགས་མིན་པའི་ཡན་གར་བ་འགའ་རེ་འབྱུང་ཡང་ཏྲིའུ་ཕོ་མོའི་རྫས་བསྟན་བཀྲ་མི་ཤིས་པར་གསུངས་པས། རྟགས་ཅུང་ཟད་འབྱུང་ཡང་རྗེས་སུ་མི་ལེགས། དེ་ནས་རང་གི་རྟག་ཏུ་མཆོད་ཅིང་བསྟེན་པའི་ཆོས་སྐྱོང་གི་ལས་ཚོགས་བདེ་མོ་ཞིག་ཡོད་ན་རྟགས་ཀྱང་མྱུར་དུ་དེར་མ་བྱུང་ཡང་མྱུར་དུ་འོང་། དེ་འབྱུང་ཡང་བཀྲ་ཤིས་པ་ལས་རྗེས་སུ་ངན་པ་


CMR029_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

མི་འོང་ལ། ཆོས་སྐྱོང་བརྟེན་པའི་དགོས་ཆེད་ཀྱང་ཡིན། དེ་ལ་མནན་པ་རླུང་འཁོར་སོགས་དང་མི་འདྲ་རང་ལ་ལྡོག་དོག་མེད་པ་རྫས་མི་རྙེད་པ་མི་ཡིན་པ་ཡུན་རིང་བསྒྲུབ་དགོས་པའི་དཀའ་ཚེགས་མེད་པ་རྣོ་ཞིང་བྱ་སླ་བའི་མན་ངག་འདི་གཉིས་ལ། གནས་ནི་ཆོས་ཆེ་གསུངས་རབ་སོགས་ཀླག་མར་མིན་པ། གལ་ཏེ་ཁང་པ་གཅིག་ཡིན་ཀྱང་། དེའི་རྒས་སྒོ་སྔར་དེར་དགེ་བའི་བྱ་བ་བྱས་ས་མིན་པ་ཞིག་ཏུ་བཅའ་འོ། རི་ཁང་གཉན་ཞིང་གཞི་བདག་རྒོད་སར་སྦྲ་གུར་ཕུབ་ནས་བྱས་ན་ཤིན་ཏུ་བཟང་། ༈ བེར་ནག་གི་གིང་ནག་པོའི་རྟེན་དར་ལ། སྙིང་གཉིས་རས་ཐུམ་བྱས་ལ་བཏགས་པ་གཞི་འགྲམ་དུ་བཙུགས། དེ་རྒྱུན་དུ་རྟེན་རྫས་བཅངས་ནས་གྲུ་གསུམ་སྟེང་དུ་ལིངྒ་བཏིང་བའི་སྟེང་དུ་ཨོ་ཁར་དམར་གཏོར་བཤམས། མཚལ་མ་གཞུང་ལྟར་བཏོང་ལ་སྤྱན་འདྲེན་དུས། དེ་ཝ་རཀྟ་ཉེར་གཅིག་ཙམ་བཟླས་ལ་མགོན་པོ་གིང་ནག་པོའི་ཚོགས་ཐམས་ཅད་བྱོན་པར་བསམ། བསྙེན་པའི་སྐབས་སུ་ཤཱ་ས་ན་ཉེར་གཅིག་ཙམ་དང་སྙིང་པོ་སྔགས་ཐུང་བརྒྱ་བཟླས་སོ། །དེ་ནས་ཐུན་གཏོར་བཀུག་གཞུག་གི་ས་དེར་ཕྱིན་པ་དང་། ལིངྒ་དམར་གཏོར་ཐུན་གཏོར་གསུམ་ཀ་ལ་མཉམ་དུ་བཀུག་གཞུག་རྒྱས་པ་ལས་


CMR029_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིགས་ལྟར་བདུན་ཙམ་མིང་ནས་བཟུང་ལ་བྱ། བླ་འགུགས་སྔགས་བརྒྱའམ་ཉེར་གཅིག་བཟླ། དེ་ནས་ཤྲཱི་མ་ཧཱ་ཀཱ་ལ་སོགས་གིང་ནག་པོའི་སྔགས་དེ་འདོན་ཚེ་ཡི་དམ་བསྐྱེད་རིམ་བསྡུས་ལ། གཞུང་ལྟར་གིང་ཤན་པ་ནག་པོར་བསྒོམ། མདུན་མདའ་དར་ཡང་རང་འདྲ་བ་བསྒོམ། འཁོར་རང་འདྲ་མང་པོ་བཀུག་ནས་ལིངྒ་ལ་བསྟིམ་པ་དང་། ཆོ་འཕྲུལ་སྣ་ཚོགས་བཏང་བར་བསྒོམ་ལ་སྔགས་བརྒྱ་ཚོ་ཡན་སྟོང་མན་ཅི་ལྕོགས་བཟླ། གཏོར་མ་དེ་ཤན་པའི་ཚོགས་ལ་ཡིད་ཀྱིས་བསྔོ། ངག་ཏུ་མི་བརྗོད། དེ་ནས་ས་རྗེན་ནམ་ཕྱར་ནག་སྟེང་དུ་ལིངྒ་བཞག་ལ་མདའ་དར་ནག་པོ་དེའི་མདེལ་གྱི་གིང་སྔགས་བཟླ་ཞིང་བརྒྱན། དམར་གཏོར་དེ་ལིངྒའི་སྟེང་དུ་བརྒྱབ། འོ། གིང་ཤན་པ་ནག་པོ་ཞེས་འབོད་པ་གཅིག་བྱས་ནས། དེ་ནས་ཆོ་འཕྲུལ་སོགས་གང་འདོད་དམོད་མོ་ངག་གིས་མི་བརྗོད་པར་ཡིད་ཀྱིས་བརྗོད། ལིངྒ་ཐུན་གཏོར་སྟེང་དུ་མེ་སྦར་ལ་ཐལ་བ་ཐུན་གཏོར་སྟེང་དུ་བླུགས་ནས་བྲན་ལ་མགོན་པོའི་བསྐུལ་ཅི་མང་བཏོན་ལ། དཀར་གཏོར་གསེར་སྐྱེམས་ཕུལ། ནམ་སྲོད་ལ་དགྲ་ཕྱོགས་སུ་གཟའ་དང་མཁའ་འགྲོའི་གདོང་མ་ཐུག་པར་གཏོར་མ་འཕེན་ནས་གིང་སྔགས་


CMR029_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་འབོད་ཤུབ་བུར་བརྗོད། དར་ནག་བརྡབ་བོ། །རང་འགྲོ་མ་བདེ་ན་གྲྭ་པ་བསྐྱེད་རིམ་ཤེས་པ་གཅིག་ལ་འཕེན་བཅུག་ལ་རང་གིས་ཁྱིམ་ནས་རྔ་བརྡུང་ཞིང་གིང་ནག་གི་སྔགས་དང་། དམོད་བཅོལ་བྱའོ། །མགོན་པོ་འཁོར་ཚོགས་གིང་ཀ་རིའི་ཚོགས་ཐམས་ཅད་སོང་ནས་ཆོ་འཕྲུལ་སྣ་ཚོགས་བཏང་བར་བསམ་པའོ། །དམ་ཅན་གཅིག་རྒྱུག་ཡང་དགུ་གཏོར་ཞོར་ལྟ་བུ་མ་གཏོགས་མཁར་ཐབས་དང་། ས་སྤྲིན་ལ་དམ་ཅན་དཔོན་གཡོག་གི་གཟུགས་བརྡ་ཙམ་བྱས་པའི་མཐར་གྲུ་གསུམ་བྲུས་ལ། སྔགས་མཐར་ནོར་མིང་དང་འདི་ཁྱེར་ཤོག་བྱ་བ་བྲིས་ནས་བཅུག་ལ། སྐྱེས་དར་མ་གྲིར་ཤི་བའི་ཐལ་ཆེན་རྙེད་ན་རབ། མེད་ན་ཐལ་དཀར་ས་རྗེན་ལ་དཀྱིལ་འཁོར་སྒོ་གཅིག་བརྡ་ཙམ་བྲིས་པའི་སྟེང་ལིངྒ་བཏིང་བཀུག་གཞུག་གཅིག་བྱ། དེ་སྟེང་སྐུ་བཞག །དེ་སྟེང་ཨོ་ཁར་གཏོར་མ་བཞག །མཚལ་མ་གཞུང་ལྟར་ལས་དམ་ཅན་བསྙེན་པའི་སྐབས་སུ། ཏྲི་མ་ལའི་རྩ་སྔགས་དེ་བསྙེན་པ་སྟོང་ཙམ་བྱས་ཏེ་དཀྱིལ་འཁོར་དེའི་སྒོ་ངོས་ནས་གཟུགས་ལ་ཁ་གྱུས་ལ། ར་རྒྱ་བོ་གཞུར་ཅན་གྱི་སྤུ་ཚུན་གཅིག་ལ་རྔ་ཐོག་བྱས་པ་གཡུག་ཅིང་བསྙེན། རི་གསུར་བཏང་། དམ་ཅན་མང་པོ་འོ་ཡུག་ གཙང next hit་ནས་བྱོན་ཏེ་


CMR029_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དེར་ཐིམ་པར་བསམ། གསོལ་ཁ་གཞུང་ལྟར་བྱ། ཐུན་གཏོར་སྐབས་སུ་ལིངྒ་ཐུན་གཏོར་དམ་ཅན་གཏོར་མ་གསུམ་བཀུག་གཞུག་མིང་ནས་བཟུང་ལ་བྱ། བླ་འགུགས་མགོའི་དེ་བརྒྱའམ་ཉེར་གཅིག་བྱ། གཏོར་མ་གསེར་སྐྱེམས་བྱས། དེ་ནས་ཧཱུྃ་ཐལ་ཆེན་སོགས་ཆིག་རྒྱུག་གི་བསྟོད་བསྐུལ་དེ་དང་། རྩ་སྔགས་གཏོར་མ་ཁཱ་ཧི་བཏགས་པ་བདུན་གྱིས་མཁར་ཐབས་དེ་བསྔོ། འགྲམ་ལྕག་རྒྱོབ་ཀྱི་བར་ཕྲིན་ལས་བཅོལ་བ་དེ་ལན་གསུམ་བྱ། དེ་ནས་ཏྲི་མི་ལའི་སྔགས་མཐར། རྡོ་རྗེ་ལེགས་པ་ཞེས་པ་ནས་ཀ་ཆ་ཁྱེར་ཤོག་གི་བར་དམོད་བཅོལ་འདྲ་བ་དེ་རྦད་སྔགས་ཡིན་པས་ཚར་བརྒྱ་ལས་མི་ཉུང་བ་དྲག་ཏུ་བརྗོད། ར་གསུར་བཅད། རྦད་སྔགས་འདོན་ཚེ་ཐུན་ཐལ་ཆེན་སོགས་བྲབ་ཅིང་འདོན་ཏེ། དང་པོ་ནས། དཀྱིལ་འཁོར་སྒོ་དགྲ་ཕྱོགས་སུ་ལྟ་བར་བྲིའོ། །དེ་ནས་ལིངྒ་མཁར་ཐབས་སྟེང་དུ་བསྲེགས་ལ་བྲན། ཕ་ཝཾ་ལོང་བུ་འདོན། དང་པོ་ཉི་མ་ནུབ་ཕྱོགས་སོགས་དང་། དེ་ནས་མགོན་པོའི་བསྐུལ་རྣམས་ཅི་ལྕོགས་བྱས་ལ། གཟའ་མཁའ་འགྲོ་དང་གདོང་མ་ཐུག་པར་དགྲ་ཕྱོགས་སམ། ནོར་ཁྱེར་ངོས་སུ་ལྟོས་ཙམ་ལ། དང་པོ་དམ་ཅན་གཏོར་མ་འཕེན་རྦད་


CMR029_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འདོན། དེ་ནས་གཡོག་པོ། དེ་ནས་དམ་ཅན་སྐུ་དེ་འཕེན། དེ་ནས་མགོན་པོའི་ཐུན་གཏོར་བསྐུལ་ཐུང་གཅིག་བཏོན་ལ་འཕེན། དར་ནག་བརྡབ་བོ། །དེ་ནས་རྒྱུན་དུ་བསྐང་གསོ་ནམ་བྱེད་དུས། ཕྱི་རྟགས་མ་བྱུང་བར་དུ་དམ་ཅན་ཆད་སྔགས་དང་། གིང་ནག་སྔགས་རྣམས་ཐུན་གཏོར་དུས་ཅི་ལྕོགས་བཟླས་ལ་འཕེན་པའི་ཕྱོགས་སུ་བསྐྱལ་ལོ། །རྟགས་ཐོན་ནས་གཏང་རག་གི་གསོལ་ཁ་གཟབ་པས་ཇེ་རྣོ་ལ་འགྲོ་བའོ། །རང་ལ་ནུས་པ་ཅུང་ཟད་ཅིག་ཡོད་ཚུན་ཆོད་འདི་གཉིས་སླ་བ་དང་རྣོ་བ་མེད་དོ། །ཐུགས་དགྱེས་པ་མཛད་པ་དང་གཞན་སུ་ཡང་མི་སྤེལ་བ་མཁྱེན་མཁྱེན་མཁྱེན། ཞེས་ཨ་རཱ་གས་སོ། །སྦས་རྒྱུ། ༈ གིང་སྔགས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨ་ཀརྨ་ཡ་ཨ་ཀརྨ་ཡ། གནོད་པར་བྱེད་པའི་དགྲ་བོ་འདིའི། འདིར་ཤོག་འདིར་ཤོག །གནོད་བྱེད་ཀྱི་སྙིང་ལ་ཨ་ཀར་ཡ། གནོད་པར་བྱེད་པའི་དགྲ་བོ་འདིའི། ཚད་དང་མཚན་མ་ནོར། ཚེ་དང་ཉི་ཟེར་བཙུགས། དུས་དང་དུས་ཚོད་བཙུགས། ལས་དང་རྟགས་དུས་ལ་བབ། ཨོ་གིང་ཀ་ར་གིང་ཀ་ར་དགྲ་བོའི་སྙིང་ལ་གིང་ཀ་ར་གིང་ཀ་ར། སྲོག་ལ་གིང་ཀ་ར་གིང་ཀ་ར། ཨོ་ཏིག་ཏིག་སྲོག་རྩ་ཆོད་


CMR029_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་རྦད་རྦད། གཏུབ་གཏུབ་རྦད་རྦད། ཆོད་ཆོད་ལྡིབ་ལྡིབ་ནོན་ནོན། ༈ ཨོ་རྒྱན་ཆེན་པོས་མ་འོངས་ལུང་བསྟན་ལས། །འོ་བྲན་དཔལ་གྱི་དབང་ཕྱུག་དུས་ཀྱི་མཐར། །སྔགས་ཀྱི་རྣལ་འབྱོར་རླུང་གི་གྲུབ་པ་ཐོབ། །ཁམས་ཀྱི་ཉང་རེ་སེ་བོ་གྲོང་ཁྱེར་ནས། །རིགས་བཙུན་ཡོན་ཏན་ལྡན་པ་དཔལ་གྱི་སྦྱིན། །དཔའ་བོ་སྟོབས་ལྡན་རིག་པའི་ངར་དང་ལྡན། །སྨྱོན་པའི་བརྟུལ་ཞུགས་ལྷ་སྲིན་གདུག་པ་འདུལ། །མཁའ་ལ་སྐྱོད་ཅིང་ཆུ་ལ་ཉ་ལྟར་འཕྱོ། །བསྟན་པའི་རྒྱལ་མཚན་འགྲོ་བའི་དཔལ་དུ་འབྱུང་། །དེ་བཞིན་ཞིང་ཁམས་ལས་རབ་བརྩེགས་པ་རུ། །དབུགས་འབྱིན་སྐྱེ་ཐོག་དགའ་ནས་བོད་ཡུལ་དེར། །འགྲོ་བའི་དོན་ཕྱིར་སྤྲུལ་པ་དང་བཅས་སྟོན། ཞེས་གསུངས་ལུང་བསྟན་བཞིན་དུ་སྒྲུབ་ཆེན་མཆོག །ཉག་རེ་སེ་བོ་མངོན་པར་སངས་རྒྱས་ནས། །སླར་སྤྲུལ་སྐུ་མི་ཡི་ཚུལ་བཟུང་བ། །སྟོང་ནག་ཆུ་འཕུར་བ་ཞེས་རབ་གྲགས་ཤིང་། །བདུད་ཀྱི་བསླུ་བས་དྭགས་བརྒྱུད་ཆེར་ཉེས་ཚེ། །སྒྲུབ་ཚུགས་མངོན་ཤེས་གྲུབ་རྟགས་སྣ་ཚོགས་ཀྱིས། །སྒྲུབ་བརྒྱུད་བསྟན་པ་ཉམས་མེད་རྒྱས་མཛད་ཕྱིར། །སྒྲུབ་བརྒྱུད་འདི་ལ་བཀའ་དྲིན་མཚུངས་མེད་པ། །སྟོང་


CMR029_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ནག་རས་ཆེན་མཆོག་དེའི་རིགས་འཁྲུངས་ཤིང་། །ཀརྨ་སི་ཏུ་ལ་སོགས་རྒྱལ་བ་ཡིས། །མ་གཅིག་བུ་ལ་བརྩེ་ལྟར་རྗེས་བཟུང་བ། །དབང་དང་གདམས་ངག་རྒྱ་མཚོའི་གཏེར་ཆེན་འཆང་་།བསྡུ་དངོས་བཞི་དང་འཕགས་པའི་ནོར་བདུན་གྱིས། །ཕྱུག་པའི་རྡོ་རྗེ་སློབ་དཔོན་ཞབས་དྲུང་དུ། ཞུ་འབྲས། བདག་ལ་ཡབ་སྲས་ཀྱིས་མཛད་པའི་སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ་གང་ཡང་དཔེ་མེད་ལགས་ཤིང་། ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་སྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་རྩ་གཉིས་གཅིག་ཏུ་བསྲེས་ནས་བྲིས་པའི་ཧ་ཅང་མང་ཆེ་བ་ཞིག་ཡོད་པའི་དབང་ལུང་གི་རྒྱུན་ཡང་ཡོད་ཕྱིར། ངེད་ཚང་མངོན་རྟོགས་ཕལ་ཆེར་དེ་ནས་བྱེད་པ་ཡིན་པས། འདི་ཁོང་ཚོ་ལ་ཉེ་བར་མཁོ་དུ་བ་དང་། ཡབ་སྲས་ཀྱི་མིན་པས་ཁྱེད་ལ་མི་མཁོ་སྙམ་དབང་ད་ལམ་མ་བསྐུར། དོ་གལ་ཆེ་ན་སང་ཕྱིན་གཡར་པོ་འབུལ། དྲེགས་པའི་དཔེ་ཆ་གཉིས་གསུམ་དེ་སྔར་ནས་གཞན་ལ་མི་བསྟན་པའི་དམ་བཅའ་འདུག་པ་དང་། འདིར་ཡང་གློ་བུར་བ་འདྲ་འོང་དོགས་ནས་རི་བྲག་བཞིན་དུ་གྲོ་གའི་ཤུབས་སོགས་བྱས་ནས་སྦས་ཡོད་པའི་ཕྱིར་གཡར་ཐབས་མི་བདེ་ལགས། གདམས་སང་ཕྲན་བུ་བཞེད་པ་ལྟར། དྲེགས་པ་ཅི་ལྟ་བ་བྱེད་


CMR029_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ན། བཀའ་བརྒྱད། ཉང་ལུགས་སམ། རཏཱ་ལུགས་ཀྱི་གུར་དྲག་སོགས་ལས་འབྱུང་བ་ལྟར། དྲེགས་པའི་སྲོག་དབང་ཞུ་བ་དང་། དྲེགས་པ་ཉི་ཤུའི་སྔགས་བྱང་དེའི་ལུང་ཞུ་བ་དང་། རྒྱུན་དུ་དྲེགས་པ་ལ་གཏོར་བསྔོས་ཁཱ་ཧི་ཙམ་མ་ཆག་པར་བྱེད་ནས་གཞུང་ལྟར་བྱེད་ན་རྟགས་འབྱུང་ཡང་། འདི་ཕུག་མུ་སྟེགས་ཀྱི་རྒྱུད་ནས་ཨོ་རྒྱན་གྱི་ཕྱུང་བར་འདུག་པས་མུ་སྟེགས་ཀྱི་དྲག་སྔགས་རིགས་རྣམས་འཕྲལ་རྣོ་ལ་ཕུག་བཀྲ་མི་ཤིས་གསུངས་པ་ལྟར་དགྲ་རྐུན་གཉིས་ལ་མི་ལེགས་པ་ལག་བླངས་ཡིན་པ་དང་། རླུང་དམར་ནི་སྔགས་རྒོད་ཁོ་ན་ཡིན་པས་སྔགས་མ་དག་པ་དང་། དག་པ་ཤེས་དཀའ་བའི་གནད་ཡིན་ཟེར་མཁན་ལ། མི་ཤེས་ལག་བླངས་ཡིན་པ་དང་། རང་རེ་བྱ་བྲལ་ཉམས་ལེན་མཁན་ལ་དེ་ལྟར་དྲག་སྔགས་ཆེན་པོ་ལ་བརྩོན་པ་བསྐྱེད་མི་རིགས་པ་དང་། གལ་ཏེ་ནུས་རྟགས་ཐོན་ན་དུས་དབང་གིས་དེ་ལས་ཀྱང་སྐྱོན་ཆེ་བ་འོང་སྲིད་ཕྱིར། དྲག་སྔགས་ཆེན་པོ་རྣམས་བློས་བཏང་ལ་གཏེར་དུ་སྦ་བར་ཞུ། བདག་ཀྱང་སྔ་སོར་དེ་འདྲ་ལ་དགའ་ནས་མང་དུ་བསླབ་ཀྱང་། ད་ནས་བློས་བཏང་བ་ཡིན། བསྟན་པའི་དོན་ནི་རང་རེ་སོ་སོའི་སྐྱེ་བོས་བྱ་མ་བབ། རང་རང་ངན་སོང་དུ་མ་


CMR029_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བ་གལ་ཆེ་ཆེ། ད་ལྟ་སྤྲུལ་བའི་སྐྱེས་ཆེན་དུ་མ་བཞུགས་པས་ཐབས་གང་རུང་གི་སྒོ་ནས་བསྟན་པ་ཡལ་བར་མི་འདོར་བ་ཐག་ཆོད། ཁྱད་པར་བསྟན་པ་སྲུང་མཁན་དེང་སང་ཡང་ཨོ་རྒྱན་གྱི་སྤྲུལ་པ་འགའ་རེ་ཡོད་པར་འདུག །རང་དོན་ངན་རྐུན་སོགས་ཀྱིས་རྟག་ཏུ་བརྙས་ཆོས་ལྟ་བུའི་ཐུགས་རྒྱལ་མི་ཟ་སྟེ། ཅི་དྲག་འབྱུང་ནའང་ཁྱེད་ཕྲིན་ལས་ཅན་ཡིན་ཅིང་སེམས་ཅན་གཅིག་གི་རྗེས་ལ་བསྒྲུབ་པ་རེ་མི་འགྱང་། ལར་ཡི་དམ་བསྙེན་སྒྲུབ་དང་རྟོགས་པ་མཐོ་བ་གཞུ་ལྟ་བུ། ཆོས་སྐྱོང་བསྙེན་པ་དང་དུས་གཏོར་གསོལ་མཆོད་མདའ་ལྟ་བུ། རང་གི་ཆོས་སྐྱོང་དེ་ཡི་ལས་སྦྱོར་སྟབས་བདེ་ཞིང་རྣོ་མདེལ་ལྟ་བུ། དེ་རྣམས་འཛོམ་ན་ཧ་ཀྱང་དམ་དམ་མ་བྱས་ཀྱང་རུང་ངོ། །དེས་ན་ཁྱེད་ཀྱི་ཐུགས་དམ་མཚལ་མ་ཡིན་པར་འདུག་པས། བེར་ནག་གི་ལས་ཚོགས་གིང་ནག་པོ་དང་། དམ་ཅན་ཚིག་རྒྱུག་གཉིས་པོ་འདི་ཞག་རེ་ཙམ་དགུ་གཏོར་ཞོར་ལ་བྱས་ན་སྟབས་བདེ་བ་ལགས། དེའི་ཞིབ་ཆ་ཡིག་ཆུང་དུ་གསལ། ཁྲོ་ཆུའི་བཟློག་འཁོར། གཟའ་སྲུང་གཉིས་བཟློག་ལ་གཟའ་སྲུང་དཀྱིལ་ཕྱག་རྡོར་ཐུགས་ཀ་དང་། གཅིག་དེའི་རྡོ་རྗེའི་ལྟེ་བར་བྱིན་རླབས་རྟེན་རྙེད་ཚད། རྫས་ཙམ་ཤོག་ཐུམ་གྱིས་ལ་ཞོག །


CMR029_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་ཡང་རབ་ཞལ་ཕུད་འཛོམས་ན་སྔར་ལྟར་ལྟེབ་ལ་ཐོག །ནང་དུ་ཟམ་སུའམ་དར་རས་ནག་པོ། དེ་ནས་ཟངས་གའམ། བསེ། སག་རི་སོགས། མགོ་རྡུལ་དཀའ་བས་གཡོགས། སྒལ་རིལ་མ་གསུངས་པས་མི་དགོས་སོ། །ཇོ་འཁོར་པར་བཏབ་ཚར་ན་སྐྱུར། འདིར་འདེབས་རྒྱུ་ཡོད། མ་ཚར་ན་རྗེས་སོར་བསྐུར་ཞུ། དཔེ་ཆུད་མ་ཟོས་པར་ཡོད། གསོལ་ཇ་དམིགས་པའི་བར་ཁག་གཅིག་བཅས་རི་ཁྲོད་ནས། ༧ རཱ་ག་ཨ་སྱས་ཕུལ་བའི་ཞུ་ཡིག། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


no previousདཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་གྱི་ཞལ་ཤེས་རྣོ་མདེལ་མ།next