Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

3 occurrences of འབངས་མི་
[Clear Hits]


  
  
  
  
  
  
  
  
  
  
  
 
དཔལ་ལྡན་ལྷ་མོ་དུད་སོལ་མའི་གཏོར་དབང་བདུད་རྩི་སྨན་གྱི་ཆར་འབེབས།
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  


3 occurrences of འབངས་མི་
[Clear Hits]

 
previousདཔལ་ལྡན་ལྷ་མོ་དུད་སོལ་མའི་གཏོར་དབང་བདུད་རྩི་སྨན་གྱི་ཆར་འབེབས།next

དཔལ་ལྡན་ལྷ་མོ་དུད་སོལ་མའི་གཏོར་དབང་བདུད་རྩི་སྨན་གྱི་ཆར་འབེབས།


CMR029_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ལྷ་མོ་དུད་སོལ་མའི་གཏོར་དབང་བདུད་རྩི་སྨན་གྱི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།


CMR029_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཧེ་བཛྲ་ཡེ། འདིར་ལྷ་མོའི་གཏོར་དབང་སངས་རྒྱས་ཡེལ་པའི་ལུགས་གབ་སྦས་འཁྲུགས་བསལ་ཏེ། བཀོད་པ་ལ་མ་གཅིག་གི་ཐུགས་ཀྱི་བརྩེ་བས་གནང་ཞིང་རྗེས་བྱིན་གྱིས་བརླབ་ཏུ་གསོལ། སྟེགས་གཞིའི་སྟེང་དུ་དར་རས་ནག་པོ་ཁྲུ་གསུམ་དུ་བཏིང་བར་འབྲུ་ཡི་ཚོམ་བུ་ལྷ་གྲངས་དགུ་བཀོད་པའི་སྟེང་དུ་མཉྫི་བཞག་པར་ལྷ་མོའི་གཏོར་མ་ཟུར་གསུམ་ཧ་ཅང་མི་རིང་བར་རལ་གྲི་ཁཊུ་ཧཱུྃ་ཡིག་གིས་མཚན་པའི་མར་རྒྱན། གཏོར་མར་ནག་རྩི་བྱུག་པར་བྱས། རྩེ་ལ་ཡོད་ན་ཙཀ་ལི་དར་ནག་གདུགས་བཙུགས་པའི་མཐར་སྨན་རཀ་རྣམ་ལྔ་སོགས་སྤྱི་ལྟར་གང་འཛོམ་དང་། དམར་གཏོར་བཟང་བ་གཅིག་ཀྱང་བཤམས་ཏེ། འབྱོར་ན་ཚོགས་རྫས་གང་འཛོམས་བཤམས། ཕུགས་གཏོར་ཡོད་ན་གསོ་བྲན་བྱེད། མེད་ན་ལྷ་མོའི་སྨད་མཆོད་


CMR029_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

པར་དམིགས་ལ། ཡི་དམ་གདན་བཞི། ཀྱི་རྡོར། ཕྱག་རྡོར། རྟ་མགྲིན་རྣམས་གང་རུང་བསྒོམ་པ་ཡིན་ན་འབྲེལ་ཆེ་བས་ལེགས་ལ། ཡང་ན་ཡི་དམ་གང་རུང་གི་བདག་བསྐྱེད་སྔོན་དུ་སོང་ན་དེས་ཆོག །ལྷ་མོའི་མངོན་རྟོགས་ནས་བསྟོད་པ་ཡན་གཏོར་ཆོག་ལྟར་རྒྱས་བསྡུས་སྐབས་དང་བསྟུན། བསྙེན་པ་བརྒྱ་རྩ་ལས་མི་ཉུང་བར་བྱ། གྲྭ་པ་མང་ན་སྔགས་འུར་འདོན་སྟོང་ཕྲག་ཙམ་བྱས་ལ། དེ་ནས་སློབ་མ་རྣམས་འདུས་ལ། ཁྲུས་ཆབ་དང་མེ་ཏོག་བཀྱེ། སྔོན་དུ་མ་སོང་ན་བགེགས་གཏོར་བཏང་། མཚམས་བཅད་སྲུང་འཁོར་བསྒོམ་པ་དང་རྒྱས་བསྡུས་སྐབས་དང་བསྟུན་ཏེ་བྱས་ལ། འོ་ན་ད་ལམ་ཁྱེད་རྣམས་ལ་མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མའི་དབང་གཏོར་མ་ལ་བརྟེན་ཏེ་རྫོགས་


CMR029_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྐུར་བ་ཡིན་པས། དེ་ལ་ཐོག་མར་ལོ་རྒྱུས་ཟུར་ཙམ་ཞིག་ཞུ་ན། ལྷ་མོ་འདིའི་ངོ་བོ་ནི་མེ་ལྕེ་འབར་བའི་རྒྱུད་ལས། དབྱིངས་ཀྱི་དབྱིངས་སུ་དབྱེར་མེད་པའི་སྟོང་ཉིད་ཆོས་སྐུ་རྣམ་དག་ཡེ་ཤེས་ལྔ། སྤྲུལ་པའི་མཚན་མ་སྟོང་། ཞེས་དང་། རྒྱུད་ལས་བསྐལ་པ་དུ་མའི་སྔོན་རོལ་ནས། དུས་གསུམ་སངས་རྒྱས་ཞལ་མཐོང་ཞིང་། །བླ་མེད་བྱང་ཆུབ་གོ་འཕང་ཐོབ། །པདྨའི་ཞིང་འདིར་སྤྲུལ་པའི་སྐུ། །ལྷ་མོའི་ཚུལ་དུ་རབ་བརྟེན་ནས། །འགྲོ་བའི་དོན་ལ་རབ་ཏུ་བརྩོན། །ཞེས་གསུངས་པས། ལྷ་མོ་འདི་བསྐལ་པ་གྲངས་མེད་པ་ནས་སངས་རྒྱས་ཚར་ནའང་སྤྲུལ་པའི་བཀོད་པ་གྲངས་མེད་པས་འགྲོ་བའི་དོན་མཛད་དེ། སྤྲུལ་པ་རེ་རེ་ལའང་སྐྱེ་རྒྱུད་དང་ལོ་རྒྱུས་མི་འདྲ་བའི་རྒྱུད་གཞུང་རེ་རེ་ཡོད་པས། དེ་དག་ཐམས་ཅད་རྫུ་འཕྲུལ་གྱི་བཀོད་པ་ཡིན་པས། རྒྱུད་གཞུང་གི་ལོ་རྒྱུས་དེ་དག་ཐམས་ཅད་བདེན་གྱིས་འགལ་བ་དང་མ་དག་གི་ཁྱད་ནི་མ་ཡིན་ནོ། །དེའི་ཕྱིར་གྲུབ་ཆེན་ནཱ་རོ་པའི་གསུངས་རྒྱུད། བུ་ཆུང་དུ་གྲགས་པའི་ལོ་རྒྱུས་ལས་དཔལ་ལྡན་ལྷ་མོ་འདི་ནི། ཕྱག་རྡོར་གྱི་སྤྱན་དབུས་མ་ལས་བྱུང་བའི་ལྷ་མོ་ཨུ་མ་དང་། ཚངས་པའི་ཡུམ་དཔལ་འབར་མ་


CMR029_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དབང་ཕྱུག་གི་ཡུམ་འདོད་ཁམས་དབང་ཕྱུག་མ་དང་། བརྒྱ་བྱིན་གྱི་ཡུམ་ལྷ་མོ་དབང་ཕྱུག་མ་དང་། ལྷ་མིན་གྱི་ཡུམ་ལྷ་མོ་མེ་འབར་མཚོ་སྐེམ་མ་དང་།། གཤིན་རྗེའི་གོ་རི་ལ་སོགས་པ་དགྱེས་རྡོར་གྱི་ཕྱོགས་བཞིའི་ལྷ་མོ་བཞི་རྣམས་ངོ་བོ་གཅིག་ཡིན་ཀྱང་། སྤྲུལ་པ་དང་སྐུའི་བཀོད་པ་སོ་སོ་ཡིན་པར་བཤད། སློབ་དཔོན་པདྨས། ཕྱི་ལྟར་ཨེ་ཀ་ཙ་ཏི། ནང་ལྟར་རེ་མ་ཏི། གསང་བ་སྲོག་སྒྲུབ་ནག་མོ། ཡང་གསང་ཀུན་ཏུ་བཟང་མོ་རྣམས་ངོ་བོ་གཅིག་པར་གསུངས། ས་གུར་དང་རྒྱུད་གུར་ལས་སྦྱར་བའི་འདོད་ཁམས་མ་འདི་ཡིན་ཏེ། བསྟོད་པ་ལ་ངོ་བོ་གཅིག །རྐང་བརྒྱད་འདི་རང་བྱེད། རང་བྱུང་རྒྱལ་མོ་དང་ངོ་བོ་གཅིག་སྟེ། དྲེལ་ཞོན་མ་དང་བོང་ཞོན་མ་གཉིས་རྣམ་པ་ན༔ དཔོན་གཡོག་ཏུ་སྣང་ཡང་ངོ་བོ་གཅིག་ཚུལ་རྒྱུད་རྣམས་སུ་གསལ། སངས་རྒྱས་ཡེལ་པའི་ལུགས་ལ་ནི། གྲུབ་ཆེན་བིར་ཝ་པས་བདག་མེད་མ་མཇལ་ནས་དབང་བསྐུར་བས་ས་དྲུག་པ་ཐོབ་པ་བདག་མེད་མ་དེ་ནི། ལྷ་མོ་འདི་ཉིད་ཡིན་པར་གསུངས་པར་གདའ། དེ་བཞིན་དུ་རྒྱ་གར་གྱི་གྲུབ་ཆེན་མཚོ་སྐྱེས་པས་མཛད་པའི་གཞུང་ལས། ཕྱི་སྒྲུབ་དབྱངས་ཅན་


CMR029_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མ། ནང་སྒྲུབ་རྡོ་རྗེ་ཕག་མོ། གསང་སྒྲུབ་ལྷ་མོ་འདི་ཉིད་ཡིན་པར་གསུངས། རྒྱ་བོད་མཁས་གྲུབ་ཕལ་ཆེར་ནས་གསེར་འོད་དམ་པ་ནས་གསུངས་པའི་དབྱངས་ཅན་མ་དང་། །ལྷ་མོ་དཔལ་དང་དོན་གཅིག་ཏུ་བཞེད་དེ། དེ་ཐམས་ཅད་ཅི་ལྟར་ཞིག་སྙམ་ན། གསང་སྔགས་སྔ་འགྱུར་ལྷ་མོའི་རྒྱུད་ལས། མི་མངོན་ནམ་མཁའི་དབྱིངས་ཤེད་ནས། །དཔལ་ལྡན་ལྷ་མོ་རེ་མ་ཏི། །སྐུ་ལུས་གཅིག་ལ་སྤྲུལ་པ་སྟོང་། །སྤྲུལ་པ་རེ་ལ་ཕྱག་བརྙན་འབུམ། །སྐུ་ཡང་མི་གཅིག་སོ་སོར་བསྒོམས། །སྔགས་ཀྱང་མི་གཅིག་སོ་སོར་བཟླས། །མཚན་ཀྱང་མི་གཅིག་སོ་སོར་འབོད། །ཇི་ལྟར་བྱས་ཀྱང་ངོ་བོ་གཅིག །ཇི་ལྟར་སྒྲུབ་ཀྱང་དངོས་གྲུབ་འབྱུང་། །ཞེས་གསུངས་སོ། །དེ་ལྟར་ངོ་བོ་གཅིག་ལ་སྤྲུལ་པའི་ལྷ་མོ་སྟོང་རྩ་བརྒྱད། དེ་རེ་རེ་ལའང་ལོ་རྒྱུས་དང་སྐྱེ་རྒྱུད་སྒྲུབ་ཐབས་མི་འདྲ་བ་རེ་རེ་ཡོད་ནའང་། འདིར་མེ་ལྕེ་འབར་མ་དང་། ཤན་པ་ནག་མོའི་རྒྱུད་དང་། དངོས་གྲུབ་བསྟན་གཟིགས་གསུམ་གཙོ་བོར་བྱས་ཏེ་ལོ་རྒྱུས་བཤད་ནའང་། ལྷ་མོ་འདི་ཉིད་ཆོས་སྐུ་ཡུམ་ཆེན་མོ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ཆེན་ནམ་མཁའ་ལྟར་ཀུན་ལ་ཁྱབ་པའི་ངང་


CMR029_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ལོངས་སྐུ་འཇའ་ཚོན་ལྟ་བུར་རྡོ་རྗེ་རོ་ལངས་མ་དང་། བདག་མེད་མ་དང་། རྡོ་རྗེ་ཕག་མོ་དང་། པདྨ་གཟི་ལྡན་མ་དང་། ཀྲོ་ཏི་ཤྭ་རི་མ་ལ་སོགས་སུ་སྣང་བས། ཡི་དམ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པ་ལས། བསྐལ་པ་སྔོན་གྱི་དུས་ཞིག་ལ། །སྤྲུལ་པས་འགྲོ་བ་འདུལ་ཕྱིར། བྱང་ཆུབ་སེམས་དཔའ་ས་བརྒྱད་ལ་གནས་པ་སྨོན་ལམ་ཏིང་ངེ་འཛིན་མི་གཡོ་བ་བྱ་བ་གཅིག་ཏུ་སྤྲུལ་ནས་བཞུགས་པ་ལ། སངས་རྒྱས་རྣམས་ཀྱི་སྤྱན་གྱི་དབང་བསྐུར་བས། དེ་ཉིད་ཁྲོ་བོ་རྣམ་པར་སྣང་མཛད་ཅེས་བྱ་བ་ལྗང་ཁུ་དབུ་བཅུ་ཕྱག་སྟོང་ཞབས་སོ་གཉིས་དང་ལྡན་པ། སྐུ་ཚད་ནམ་མཁའ་དང་མཉམ་པར་སྤྲུལ་ནས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཞབས་ཀྱིས་མནན་པའི་ཆོ་འཕྲུལ་རྒྱུ༔ བསྟན་ནས་སླར་སྤྲུལ་པ་བསྡུས་ཏེ་རི་རབ་ཀྱི་རྩེར་བཞུགས་པ་དང་། རྒྱལ་བ་རིགས་ལྔ་དང་། སྤྱན་རས་གཟིགས་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་འདུས་སོ། །དེར་བྱང་ཆུབ་སེམས་དཔའ་དེས་བདག་ནི་གདུག་པ་ཅན་གྱི་ལུས་སུ་གྱུར་ནས་འདུལ་དཀའ་བ་འདུལ་ཞིང་བསྟན་པ་སྐྱོང་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་མ་ཐག །བྱང་ཆུབ་སེམས་དཔའ་དེ་ཉིད་


CMR029_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དཔོན་གཡོག་གཉིས་སུ་བསྒྱུར་ཏེ། དྲེལ་དང་བོང་བུ་ཆིབས་ནས་འཇིག་རྟེན་ཁམས་སུ་རྒྱུག་གོ །དེར་ལྷ་ལ་སོགས་པའི་འཁོར་ལ་ལ་སྐྲག་ཤིང་དངང་ལ་ལས་འཕྱ་ཞིང་བགད། པ་ན། འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་ནས། འདི་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་ཡིན། མ་གཤེ་སྐྱབས་དང་གླིང་དུ་ཤེས་པར་གྱིས་ལ་མ་སྐྲག་པར་མཆོད་ཅིག་གསུངས་པས་ལྷ་སྲིན་སྡེ་བརྒྱད་ཀྱིས་མཆོད་ཅིང་བསྟོད་དོ། །དེ་ནས་དམྱལ་བ་ཡི་དྭགས་དང་དུད་འགྲོ་དང་ལྷ་མ་ཡིན་གྱི་ཡུལ་དུ་བྱོན་ནས་ཆོས་བསྟན་ནས་བར་ཆད་ཐམས་ཅད་གྲོལ་བའི་ལམ་ལ་བཀོད་པས་དམྱལ་བ་སྟོང་བྱེད་མ། ཡི་དྭགས་ཚིམ་བྱེད་མ། བྱོལ་སོང་གི་ལྷ་མོ་གཡང་ཤམ་མ་ཞེས་གྲགས། དེ་ནས་རི་རབ་ཀྱི་རྩེར་བྱོན་ནས་ལྷ་རྣམས་ལ་ཆོས་བསྟན་ནས་ཕྱག་ན་རྡོ་རྗེས་ལྷ་རྣམས་ལ་མཆོད་པ་གྱིས་ཤིག་གསུངས་ནས། ལྷ་སྲིན་སྡེ་བརྒྱད་ཀྱིས་མཆོད་དོ་ཕྱག་ན་རྡོ་རྗེའི་ལེགས་སོ་གསུངས། དེ་རྣམས་ནི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་བཀོད་པ་སྐད་ཅིག་ལ་བསྟན་པར་སྣང་ལ། དེ་ནས་ལྷ་མོ་དཔོན་གཡོག་དེ་འཇིག་རྟེན་ལྷ་དང་མི་ལ་ཕན་ཕྱིར་སྐྱེ་བ་བརྒྱུད་ཚུལ་ནི། དེ་ཡང་ལྷ་མོ་འདི་སྔོན་སངས་


CMR029_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ། ལྷ་མོ་འོད་ཟེར་ཅན་དུ་གྱུར་ནས་བཅོམ་ལྡན་འདས་དེའི་དྲུང་དུ་ལམ་ལ་བསླབ་བོ། །དེ་བཞིན་དུ་འོད་སྲུང་གི་བསྟན་པ་ལ། ནམ་མཁའི་དཔལ་མོ་བྱ་བར་གྱུར། མར་མེ་མཛད་ཀྱི་བསྟན་པ་ལ་ལྷ་མོ་མཉྫ་ཞེས་བྱ་བར་གྱུར་ནས། དེའི་དུས་ཤཱཀྱ་ཐུབ་པ་དགེ་སློང་དབང་ཕྱུག་དཔའ་བོ་ཞེས་བྱ་བར་གྱུར་པ་བླ་མར་བསྟེན་ཏེ་ས་བརྒྱད་ཐོབ་ཚུལ་བསྟན། དེ་ནས་འདས་པའི་སངས་རྒྱས་རྣམས་ཀྱི་བསྟན་པ་ནི་རྫོགས་སོ། །ཐུབ་པ་དེའི་བསྟན་པ་མ་བྱུང་སྐབས་ཡུན་རིང་བའི་ཚེ། ལྷ་མ་ཡིན་རྒྱལ། ལྷ་ཕམ་པའི་ཚེ། ལྷ་དབང་ཕྱུག་ཆེན་པོ་དང་ལྷ་མོ་ཨུ་མ་གཉིས་ཀྱི་སྲས་མོར་ལྷ་མོ་འདི་འཁྲུངས། ལྷ་མ་ཡིན་གྱི་གཡུལ་ཟློག །ལྷ་རྒྱལ་བར་བྱས་ཏེ་མཚན་ཙ་མུན་ཏྲར་ཞེས་གྲགས་སོ། །དེ་ནས་རི་ཁྲོད་མདངས་དགའ་ན་རི་ཁྲོད་ཅན་གྱི་ལོ་མ་མནབས་ནས་འཕགས་པ་མི་ཕམ་པའི་གཟུངས་བཟླས་པས། ལྷ་མོ་པཎ་ཤ་བ་རི་རི་ཁྲོད་ལོ་མ་ཅན་ཞེས་གྲགས་སོ། །དེ་ནས་ཀླུ་དུང་གི་མཛེར་པ་ཅན་ལ་ཁྱུང་གི་འཚེ་བ་ལས། ཁྱུང་བཏུལ་ནས་ཀླུའི་སྐྱབས་མཛད་པས་དཀར་མོ་དུང་སྐྱོང་ཞེས་གྲགས་སོ། །དེ་ནས་རི་རབ་ཀྱི་རྩེར་བྱང་


CMR029_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཤིང་དྲུང་ནས་རིན་པོ་ཆེ་གཞལ་ཡས་ཁང་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་བཞུགས་ཤིང་ལྷ་རྣམས་ཀྱིས་མཆོད་དོ། །དེའི་ཚེ་སྲིན་པོའི་ཡུལ་དུ་ལྷས་སྐྱོན་ཕབ་ནས། སྲིན་པོ་དྷ་ཤ་གྷི་ཝ་དང་རྣ་ལ་རྩེ་གཉིས་མ་གཏོགས་ཕལ་ཆེར་ཤི་ནས། དེར་ཟླ་ཤེས་ལྷ་དང་མི་འདུལ་བའི་ཕྱིར་སྲིང་མོ་མ་ཧཱ་དྷེ་ཝར་ཕུལ་བས། རེ་མ་ཏི་འཁྲུངས་པ་དང་། ཕྱག་ན་རྡོ་རྗེ་དང་ལྷ་སྲིན་ཐམས་ཅད་ཀྱིས་བསྟན་པ་སྲུང་བའི་དམོད་བོར་ནས་རེ་མ་ཏི་མིང་བཏགས། ཡབ་ཀྱིས་སྦས་པའི་བུ་མོ་ཐལ་མདོག་མ། ཡུམ་གྱིས་མི་ཕམ་ཁྲོ་གཉེར་རོ་ལངས་མ། དུང་སྐྱོང་མས་སྲིན་མོ་དམར་འདབ་ཕུར་བའི་ལྷ་ཞེས་མིང་བཏགས། དེར་དུང་སྐྱོང་མའི་གཡོག་མོར་ཕུལ་བས་བསླུས་ཏེ་དུང་སྐྱོང་མ་དྷ་ཤ་གྷི་ཝའི་ཁབས་སུ་བྱོན་པ་ལ། ཡུམ་གྱིས་དམོད་བོར་བས་སྲིན་མོའི་གཟུགས་སུ་སོང་། སྲིན་ཕྲུག་ལྔ་བརྒྱ་སྐྱེས་ནས་སྲིན་པོ་ཤི་སྟེ། རལ་གྲི་ནེའུ་ལ་དང་ནོར་བུ་རྣམས་ཁྱེར། སྲིན་གྱི་བོང་བུ་ལ་ཆིབས་ནས་དུར་ཁྲོད་དུ་བྲོས་ཏེ་ཤ་ཁྲག་ལ་ལོངས་སྤྱོད། གཤིན་རྗེའི་རླུང་གི་འཁོར་ལོ་སྒོམ་པས་རླུང་ནག་འཚུབ་མ་གྲུབ་སྟེ། བསྟན་པ་སྲུང་བའི་འདོད་ཁམས་ལ་དབང་བསྒྱུར་བའི་སྨོན་ལམ་བཏབ་


CMR029_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ནས། རླུང་ལྷར་བོས་རླུང་ནག་གི་དཔོན་གཡོག་གཉིས་རྒྱ་མཚོར་བསྐུར་བས་ལྷ་མོ་ནི་རྒྱ་མཚོའི་འགྲམ་གྱི་དུར་ཁྲོད་དུ་གཤིན་རྗེ་ལྷག་པའི་མཐུ་ཆེན་གྱི་བུ་མོར་སྐྱེས། གཡོག་མོ་ཀླུ་མོ་ཆུ་སྲིན་གདོང་དུ་སྐྱེས་པ་ནི་ཀླུ་མོ་རེ་མ་ཏི་གྲགས། དེ་ཡང་མྱུར་བར་ཚེ་འཕོས་ནས་བདུད་རེ་ཏི་མགོ་ཉག་དང་བདུད་མོ་དྲན་པ་དབང་མེད་མ་གཉིས་ཀྱི་བུ་མོར་སྐྱེས་པ་ལ། ཕས་སྲིད་གསུམ་བློ་འཕྲོག་མ་དང་། མས་ཡ་མཚན་འཕྲུལ་གྱི་གཤོག་པ་ཅན་དུ་བཏགས། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་བདུད་མཁར་རྩེར་འདུག་པ་ལས། རྗེ་མོས་སྔགས་ཀྱི་བཀུག་པས། ཁོལ་མོའི་སྐྱེ་བ་དྲན་ཏེ། བདུད་ཀྱི་ཁྲམ་ཤིང་མཚོན་གྱི་དྲུ་གུ་དྲུག་ཁྱེར་ནས་འོང་། སྲིན་པོ་བུམ་སྣ་ཤི་བའི་ནད་ཁྲག་གི་རྫིང་བུ་འཐུངས་བས་ཁ་རླངས་ནད་སྤྲིན་བྱུང་། བཙན་སྐྱ་རྡོ་རྗེ་ཟླ་བ་དང་འགྲོགས་པས་བཙན་གྱི་ཤྭ་རྡེལ་བྱིན། སྲིན་གྱི་བོང་བུ་དང་། རྒོད་མ་ཟངས་ཀྱི་སོ་ཅན་མ་གཉིས་ལ་དྲེལ་སྔོན་རླུང་གི་གཤོག་པ་ཅན་བྱུང་བ་གཡོག་མོས་ཆིབས། སྲིན་གྱི་བོང་བུ་གྲྭ་དམར་དཔོན་མོས་ཆིབས། རྗེ་མོས་མི་ལྤགས་གྱོན་རལ་གྲི་ཐོད་པ། གཡོག་མོས་ཁྲམ་ཤིང་ཤྭ་རྡེལ་ཐོགས་ཏེ་ཤིན་ཏུ་མཐུ་རྩལ་ཆེ་བས་སྐྱེ་


CMR029_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམ་བཞིའི་སེམས་ཅན་རྣམས་ཟད་ལ་ཁད་དུ་ཟོས་སོ། །འཇིག་རྟེན་གྱི་མ་མོ་མཁའ་འགྲོ་ཐམས་ཅད་བྲན་དུ་གྱུར་ཏོ། །རཱ་ཧུ་ལ་དང་སྲིན་པོ་སྒྲ་ལྡན་དང་། གཤིན་རྗེ་མེ་རུ་རྩེ་དང་བདུད་འཆར་ཁ་ནག་པོ་དང་། ཀླུ་ཀུན་ལི་དང་ལྔ་དཔོན་མོ་ཡིས་དང་། འབྱུང་པོ་དགེ་བ། བགེགས་བི་ན་ཡ་ཀ །གནོད་སྦྱིན་ཡག་ཤ་ཀ་ལ། རླུང་ལྷ་བ་ཡ་བེའི་གདོང་ནི་གཡོག་མོའི་མཛའ་གྲོགས་སུ་གྱུར་ནས་དུར་ཁྲོད་ལ་སོགས་པ་ཐམས་ཅད་དུ་རྒྱུ་བའི་ཚེ། བྱང་ཆུབ་ཤིང་མཆོག་དྲུང་དུ་སྟོན་པ་ཤཱཀྱ་ཐུབ་པ་དང་མཇལ་ནས། དཔོན་གཡོག་གཉིས་ཀ་བྱང་ཆུབ་ཏུ་སེམས་བསྐྱེད། སྲོག་སྙིང་ཕུལ། དེ་ནས་ཨ་སུ་རིའི་བྲག་ཕུག་ཏུ་བྲམ་ཟེ་མཆོག་སྲེད་དང་གསུམ་གྱི་ཡུམ་ཆེན་ཨེ་ཀ་ཙ་ཏི་བསྒྲུབ་པས་ཞལ་མཐོང་བས། རྗེ་མོ་ལ་མ་ཧཱ་ཀཱ་ལིར་ཁོལ་མོར་རཀཱ་རེ་མ་ཏི་བཏགས། འདོད་ཁམས་མཐུ་མོ་ཆེར་དབང་བསྐུར། དགེ་སློང་གཅིག་དང་དགེ་སློང་མ་གཉིས་བལ་པོས་རྒྱལ་པོས་ཁྲིམས་བཅད་ནས་བསད་པ་བདུད་དུ་སྐྱེས་ནས་ མི་ཐམས་ཅད་རེས་མོས་ཟ་བའི་བདུད་དེ་ཉིད་བསྒྲལ་ལོ། །ས་ཡི་ལྷ་མོས་ནམ་གྲུ་མཆེད་བརྒྱད་འབངས next hit་སུ་ཕུལ། དཔལ་རྟ་མགྲིན་དང་ཡུམ་ཨུ་མས་དབང་


CMR029_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར། ཕྱག་ན་རྡོ་རྗེའི་གསང་བའི་དབང་ཆེན་དཔག་ཏུ་མེད་པ་བསྐུར་བས་ས་རྣམ་པ་དྲུག་ཏུ་གཡོས་སོ། །མཐུ་རྩལ་བསམ་མི་ཁྱབ་པར་གྱུར་པས། འཁོར་ལོས་སྒྱུར་རྒྱལ་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས་རང་རང་གི་བསྟན་པ་ཕྱག་རྒྱ་རེ་ཕུལ་ཞིང་བསྟོད་དོ། །སྲིད་པ་གསུམ་ན་འགྲན་ཟླ་དང་བྲལ་བར་གྱུར་ཅིག །དེ་ལྟར་མ་རུངས་པའི་ཚུལ་སྟོན་པ་ཡང་འདུལ་དཀའ་བའི་རིགས་རྣམས་འདུལ་བ་སྟེ། མེ་ལྕེ་འབར་མའི་རྒྱུད་ལས། སྙིང་རྗེའི་དབང་གིས་འགྲོ་དོན་བྱེད་པས་ན། །མདོར་ན་སངས་རྒྱས་སྤྲུལ་པ་ཡིན་པ་སྟེ། །ཁོ་མོ་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ལོ། །མཚན་མོ་བདུད་མོ་སྲིན་མོར་ལྟ་མི་བྱ། །ཞེས་གསུངས་སོ། །བསྐལ་པ་འདི་ལ་སངས་རྒྱས་སྟོང་གི་བསྟན་པ་བསྲུངས་ནས་མཐར་སངས་རྒྱས་ཚུལ་མེ་ལྕེ་འབར་མ་ལས། བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེར་བཀའ་སྩལ་པ། མཁའ་འགྲོ་ལྷ་མོ་ནག་མོ་འདིས། །བསྐལ་པ་མང་པོས་སྔོན་རོལ་ནས། །དུས་གསུམ་རྒྱལ་བའི་ཞལ་མཐོང་ནས། །དམན་པའི་ཞིང་འདིར་སྤྲུལ་པའི་སྐུ། །ལྷ་མོས་ཚུལ་དུ་བསྟན་ནས་ཀྱང་། །འགྲོ་བའི་དོན་ལ་རབ་ཏུ་བརྩོན། །ཉོན་མོངས་


CMR029_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་རབ་ཏུ་སྤང་། །དེ་ལྟར་ཤེས་བྱའི་སྒྲིབ་པ་སྦྱངས། །དེ་ཡི་ཁོལ་མོ་རེ་མ་ཏི། །སྨོན་ལམ་དག་པའི་འགྲོ་དོན་བྱེད། །བསྒོམ་པའི་དོན་ལ་རབ་གནས་ནས། །དེ་ལྟར་ཉོན་མོངས་སྒྲིབ་པ་སྦྱངས། །འདི་ལ་དུས་ནི་ཕྱི་མི་དུས་ཀྱི་ཚེ། །མཁའ་འགྲོ་ལྷ་མོ་ནག་མོ་འདི། །བྱང་ཤར་མཚམས་ཀྱི་འཇིག་རྟེན་ཁམས། །པདྨ་རྣམ་པར་རོལ་པ་འདིར། །དག་རྫོགས་པའི་སངས་རྒྱས་ནི། །པདྨོ་དམ་པའི་དཔལ་ཞེས་བྱ། །ངས་ནི་ལྷ་མོ་ལུང་བསྟན་ཏོ། །དེ་ཡི་གཡོག་མོ་རེ་མ་ཏི། །པདྨ་ཅན་གྱི་ཞིང་ཁམས་དེར། །བདེ་བའི་བྱང་ཆུབ་སེམས་དཔའ་ནི། །བློ་གྲོས་བཤེས་གཉེན་ཞེས་བྱ་བར། །དེང་འདིར་ངས་ནི་ལུང་བསྟན་ཏོ། །ཞེས་གསུངས། དེ་ལྟ་བུའི་ལྷ་མོ་འདི་ལ་བཀའ་གསར་རྙིང་གི་རྒྱུད་སྡེ་མཐའ་ཡས་པ་གཅིག་ཡོད་པའི་ནང་ནས། དངོས་གྲུབ་འབྱུང་རྒྱུད་ཀྱི་རྗེས་སུ་འབྲང་དུད་སོལ་མ་འདི་གང་ལས་བརྒྱུད་པ་ནི། རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་པཎྜི་ཏ་དཔལ་ལྡན་ཆོས་སྐྱོང་དེས་ས་ག་ཟླ་བའི་བཅོ་ལྔར་ལྷ་མོ་འདི་འཁོར་ནག་མོ་འབུམ་དང་བཅས་པ་ཞལ་མཐོང་ནས་དབང་བསྐུར་བྱིན་གྱིས་བརླབས་པས་ས་དྲུག་པ་ཐོབ་པའི་གཡས་སྤྲུལ་མའི་བསྟོད་པ་


CMR029_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། ལྷ་མོ་ཉིད་ཀྱིས་གསང་སྒྲུབ་འདི་ཡང་དངོས་སུ་གནང་། ཁོང་གྲུབ་པ་ཐོབ་ཅིང་ཉི་མ་སྟོད་ལ་མནན། ཆུ་བོ་གངྒ་གྱེན་ལ་ཟློག་པ་སོགས་མཛད་པས། །གྲུབ་ཆེན་བིར་ཝ་པར་མཚན་ཐོགས། མུ་སྟེགས་པ་མང་པོ་ནང་པ་ལ་བསྒྱུར་ནས་གཅིག་གྲུབ་པ་ཐོབ་པ་ནག་པོ་པ་ཞེས་གྲགས་པ་དེ་ལ་གནང་། དེ་ལྟར་དཔོན་སློབ་གཉིས་ཀར་ཏེ་ལོ་པས་ཞུས་སོ། །ཡང་ལྷ་མོ་འདི་ཉིད་ཀྱི་མཁའ་འགྲོ་མ་བསྐལ་པ་བཟང་མོ་ལ་དབང་ལུང་མན་ངག་གནང་ངོ། །ཡང་རྡོ་རྗེ་འཆང་དང་བསྐལ་པ་བཟང་མོ་གཉིས་ཀ་ལ་ཏེ་ལོ་པས་ཞུས་སོ། །དེ་ནས་ནཱ་རོ་པས་དཀའ་བ་བཅུ་གཉིས་སྤྱད་པའི་རྗེས་ལ་གསེར་ཕྱེ་བྲེ་གང་ཕུལ་ནས་ཏེ་ལོ་ལ་ཞུས་སོ། །དེ་ནས་ནཱ་རོའི་དྲུང་དུ་མར་པ་ལོ་ཙཱས་གསེར་གྱི་མཎྜལ་ལ། གཡུ་ཡི་ཚོམ་བུ་བཀོད་དེ་ཕུལ། དུས་ངན་བསྟན་པ་རྒུད་པའི་དུས་སུ། ལྷ་མོ་ཐམས་ཅད་ཀྱི་ཡང་སྙིང་སྒྲུབ་སླ་ལ། བྱིན་རླབས་ཆེ་བ་རྦད་ན་ལས་ལ་མྱུར་བ་གཅིག་ཞུས་པས་ནཱ་རོ་པའི་ཞལ་ནས་སུས་ཀྱང་བཟློག་ཏུ་མེད་པ་ཡེ་ཤེས་ཀྱི་ལྷ་མོ་དུད་སོལ་མ་འདི་དེ་སྔ་ཆུ་བོ་གངྒཱ་ཕན་ཆོད་ལ་མེད་པའི་ཆོས་སྐྱོང་ཡིན། ཁྲག་འཐུང་ནག་མོ་འབུམ་སྡེའི་ཡང་སྙིང་། ལྷ་མོའི་


CMR029_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གི་སྒྲུབ་པ་སྤུ་གྲི་ཀ་མ་ལྟ་བུ། མེ་བས་ཚ་བ། གློག་བས་མྱུར་བ། རླུང་བས་མགྱོགས་པ་འདི་ཁྱོད་ཀྱི་ལྔ་བརྒྱའི་དུས་སུ་སྒྲུབ་པ་བྱེད་པའི་གང་ཟག་གིས་ཆོས་སྐྱོང་བའི་སྲུང་མ་དམ་པ་མཛོད་ཅིག་གསུངས་ནས་གནང་ངོ། །བལ་པོ་སྤྱི་ཐིལ་བ་ལ་ཡང་མར་པས་དབང་ལུང་མན་ངག་དང་བཅས་པ་ཞུས་སོ། །རྒྱ་གར་ནས་ཆོས་སྐྱོང་བརྒྱ་རྩ་བརྒྱད་གདན་དྲངས་ན་ཡང་འདི་ནཱ་རོ་པའི་ཆོས་སྐྱོང་གཙོ་བོ་སྟེ། གཏོར་མ་རེ་ཆག་མེད་རེ་འབུལ་བར་འདུག་པས། ཆོས་སྐྱོང་བརྒྱ་རྩ་བརྒྱད་ནང་ནས་ཀྱང་མར་པས་འདི་མཆོག་དམ་པར་མཛད་དོ། །དེ་ནས་རྔོག་སྟོན་ཆོས་རྡོར་གྱིས་འབྲི་ལྔ་བརྒྱ་དང་སྤོང་དག་ལན་གསུམ་གྱི་འབུལ་བ་བྱས་རྗེས། ཆོས་སྐྱོང་གསུམ་གྱི་ནང་ནས་འདོམ་གསུངས་ནས། ལྷ་མོ་འདི་འདོམ་པས་རྟེན་འབྲེལ་ལེགས་གསུངས། ནཱ་རོ་པས་ལུང་བསྟན་ཡོད་གསུངས་ནས་བླ་མ་རྔོག་པ་དང་། སྲས་དར་མ་མདོ་སྡེ་དང་། མཚུར་སྟོན་དབང་ངེ་གསུམ་ལ་ལྷ་མོའི་ཞལ་དངོས་སུ་བསྟན་ནས་རྗེས་གནང་མཛད། རྒྱུད་སྒྲུབ་ཐབས་དང་བཅས་པ་གནང་ངོ། །རྔོག་ཆོས་སྐུ་རྡོ་རྗེ་ལ་ཞེ་སྡང་རྡོ་རྗེས་ཞུས། རྔོག་ཞེ་སྡང་རྡོ་རྗེས་དྲུང་ནས་འགྲོ་མགོན་ཡེལ་པས་གནང་བར་


CMR029_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་ཞུས་པས་ཅི་ཡང་མ་གསུངས། འབྱོན་རིན་པ་དང་ཐང་ཀོང་ནས་ཐང་ཀ་དང་། དཔེ་བརྩེགས་ནས་དཔེ་ཆ་གང་ཟིན་ཁྱེར་ཤོག་དང་གསུངས་ཕྱག་ཏུ་བཏང་བས་ཐང་ཀ་དང་དཔེ་ཆ་གཉིས་ཀ་ལྷ་མོ་འདི་ལ་བབས་པས། ཁྱོད་ཀྱི་སྐྱེ་བ་སྔོན་གྱི་ལས་ལྷར་འདུག་གསུངས་ནས། དུས་གསུམ་དུ་གཏོར་མ་མ་ཆག་པར་བྱིན་དང་མིས་མ་ནུས་ཀྱང་ཡེ་ཤེས་པ་འདི་རང་རྒྱུག་འགྲོ་བར་འདུག་གསུངས། མི་རབས་བདུན་དུ་མ་སྒྲུབ་པར་རང་རྒྱུག་བྱེད་པར་འདུག་གསུངས་སངས་རྒྱས་ཡེལ་པས་ནི་རྟག་ཏུ་ལྷ་མོ་ཞལ་གཟིགས་ཤིང་། གསེར་མིན་རྒྱལ་པོའི་དམག་བྱུང་དུས། ལྷ་མོའི་རྒྱལ་པོ་དེས་སྙིང་དངོས་སུ་བཏོན་ནས་ཕུལ་བ་ད་ལྟ་ཡང་རྟ་རྣའི་གཙུག་ལག་ཁང་དུ་ཡོད་པ་སོགས་ལོ་རྒྱུས་མང་བར་སྣང་ཡང་ལྷ་མོ་འདི་རྫོག་པའི་གདན་རབས་བདུན་པ་ནས་འབྲུག་ལུགས་སུ་བརྒྱུད་པ་དང་། དེནས་ཡན་ཙམ་ནས་འབའ་སྒྲོམ་བཀའ་བརྒྱུད་ལ་བརྒྱུད་པའི་དབང་ལུང་ཅི་རིགས་པ་ཐོབ་པ་དང་། དེང་སང་གནམ་ཆོས་ནས་བྱུང་བ་སོགས་བརྒྱུད་པ་འགའ་རེ་ཡོད་ཀྱང་། འདི་སངས་རྒྱས་ཡེལ་པ་ནས་བརྒྱུད་པའི་ལུགས་སོར་བཞག་གོ །དེ་ནས་ལྷ་མོ་འདིའི་ཕན་ཡོན་


CMR029_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ནི། མེ་ལྕེ་འབར་མའི་རྒྱུད་ལས། འདིའི་འདོན་སྒོམ་རྩེ་གཅིག་ཡིད་ཀྱིས་བཟླས་ན། །འདིས་ནི་མི་ནུབ་པའི་རྒྱལ་མཚན་དམ་པ་ཐོབ། །འདིས་ནི་ཆོས་ཀྱི་དབང་ཕྱུག་གོ་འཕང་ཐོབ་། །འདིས་ནི་ཡིད་བཞིན་རིན་ཆེན་འབར་བ་ཐོབ། །འདིས་ནི་ཅི་འདོད་ཐོགས་མེད་དངོས་གྲུབ་ཐོབ། །ཅེས་དང་། ལྷ་མོའི་བསྟོད་པའི་རྒྱུད་ཆེན་པོ་ལས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་བཀའ་སྩལ་པ། ལྷ་མོ་འདི་ལ་བསྟོད་པ་ནི་ང་ལ་བསྟོད་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ལ་བསྟོད་པ་ཡིན་ནོ། །ལྷ་མོས་ཀྱང་མི་དེ་སྲུང་བར་བྱེད་དོ། །སྐྱོབ་པར་བྱེད་དོ། །ཅི་འདོད་པའི་དངོས་གྲུབ་སྟེར་རོ། །ཞེས་དང་། གསེར་འོད་དམ་པ་ལས། གལ་ཏེ་གཡུལ་འགྱེད་འཇིགས་པའི་གནས་དག་ན། །མེ་དོང་ལྟུང་བ་དག་ནི་མཐོང་གྱུར་ན། །ཆུ་བོ་ཉམ་ང་ཆོམ་རྐུན་འཇིགས་པའི་ཚེ། །འཇིགས་པ་དེ་དག་ཐམས་ཅད་སེལ་བར་ནུས། །གལ་ཏེ་རྒྱལ་པོའི་ཁྲིམས་ཀྱི་བཅིངས་སྒྲོས་གམ། །གལ་ཏེ་ཤ་ཆང་གསོད་པར་བྱེད་པའི་ཚེ། །སེམས་ནི་རྩེ་གཅིག་མི་གཡོ་གནས་གྱུར་ན། །ངེས་པར་མྱ་ངན་སྡུག་བསྔལ་ཀུན་ལས་ཐར། །ཞེས་དང་། དངོས་གྲུབ་འབྱུང་རྒྱུད་དང་། ལྷ་མོའི་


CMR029_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་མི་འདྲ་བ་གསུམ་ཙམ་ཞིག་དོན་མཐུན་པར་ལྷ་མོའི་སྙིང་པོ་བཟླས་པས་ནད་རིམས་དང་ཡམས་དང་གདོན་དང་འབྱུང་པོའི་གནོད་པ་ཐམས་ཅད་ལས་སྐྱོབ་ཅིང་། དཔག་ཚད་གཅིག་ཚུན་ཆད་དུ་བསྲུང་བར་གསུངས་ཤིང་། མི་ནད་གང་ཡིན་ཁྱོད་མིང་ཤེས། །དེ་ལ་འཇིགས་པ་མེད་པར་འགྱུར། །ཞེས་དང་། བཞི་བརྒྱ་རྩ་བཞིའི་ནད་རྣམས་རྩད་གཅོད་མ། །བདུད་རྩི་སྨན་གྱི་རྒྱལ་མོ་ཞེས་གསུངས་པས། །ནད་པ་སྲིའུ་གསོ་བ་དང་། །མི་ནད་ཕྱུགས་ནད་ཡམས་ནད་རྣམས་བསྲུང་བ་དང་གཅོད་པའི་མཆོག་དམ་པ་ཡིན་ནོ། །ཡེ་ཤེས་པ་ཡིན་ངེས་ཀྱང་འདི་རྣོ་མྱུར་དང་ཀོ་ལོང་ནི་འཇིག་རྟེན་གྱི་ལྷ་འདྲེ་བས་ཀྱང་ཆེ་བས་བཀའ་ཤིན་ཏུ་གཉན་པས། འཕགས་པ་དུར་ཁྲོད་ནག་མོའི་རང་རྒྱུད་ལས་། སྔགས་པས་བོས་ན་འོང་བའི་ཀུན་གསན་མ། །འགྲོ་བ་དབུགས་དང་བྲལ་ཁ་མི་སླེབ་མི་སྲིད་པས་དབུགས་བདག་ཆེན་མོ། ཕྲག་དོག་ཆེ་བས་བསྟེན་ཚུལ་དཀའ་མ། བཅོས་ན་ཐུབ་པས་ཟློག་སླ་མ། ཐ་མ་ལྷག་མར་བསྡུས་པས་ལྷག་དགྱེས་མ། ཕུད་ལ་དགའ་བས་ཕུད་བདག་ཆེན་མོ་ཞེས་སོ། །དེ་ལྟར་བྱིན་རླབས་ཆེ་བས། བཀའ་ཧ་ཀྱང་


CMR029_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་གྲགས་པའི་དབང་ཞུ་བའི་ཕྱིར་དུ་མཎྜལ་ཕུལ། ཞེས་སོ། །ད་ནི་བླ་མ་ཀྱེའི་རྡོ་རྗེ་དང་རྣལ་འབྱོར་ནམ་མཁའི་ངོ་བོ་ལ། རྣམ་པ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསལ་བ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སྲིད་པའི་འཆིང་བ་ཀུན་གཅོད་ནས། །བླ་མེད་གོ་འཕང་མཆོག་ཐོབ་པའི། །བླ་མ་ཧེ་རུ་ཀ་དཔལ་ཆེ། །ཆེ་བའི་ཆེ་མཆོག་དགོངས་སུ་གསོལ། །ཐོག་མར་དཔལ་ལྡན་ཧེ་རུ་ཀས། །སྲིད་པའི་རྒྱལ་མོར་དབང་བསྐུར་བས། །ཡང་དག་རྫོགས་པའི་དཀྱིལ་འཁོར་དུ། །འདོད་པ་ཁམས་ཀྱི་དབང་མོར་གྱུར་། །དེ་བཞིན་གཙོ་བོ་བདག་ཉིད་ལ། །བདག་ལ་ཡང་དག་མངོན་གྱུར་མཛོད། །ལན་གསུམ་མམ་གཅིག །ད་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སོགས་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་དང་གསུམ་མམ་ཚིག་རྗེས་མ་ལ་གསུམ་བྱའོ། །དེ་ཡང་ཁྱེད་རང་རྣམས་དམིགས་པ་འདི་བཞིན་དུ་མཛོད་ཅིག །མདུན་གྱི་གཏོར་མ་འདི་ཉིད་ཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་སྣ་ཚོགས་པའི་གཞལ་ཡས་ཀྱི་


CMR029_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་པ་ཡངས་ཤིང་རྒྱ་ཆེ་བ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། དཔལ་ལྡན་ལྷ་མོ་སྐུ་མདོག་ཆར་སྤྲིན་དང་བོང་བ་ལྟར་ནག་པ། ཞལ་གཅིག་སྤྱན་གསུམ་དབུ་སྐྲ་གྱེན་དུ་བརྗེ་ས་པ། མཆེ་བ་བཞི་གཙིགས་ཤིང་མི་རོ་རིངས་པར་ཁར་བཅུག་པ། སྙན་གཡས་སྦྲུལ་དང་གཡོན་སེང་གེའི་བརྒྱན་པ། ཕྱག་གཡས་གཉིས་ན་རལ་གྲི་དང་བྷནྡྷ། གཡོན་གཉིས་ཤཀི་དང་རྩེ་གསུམ་ཐོགས་པ་དུར་ཁྲོད་ཆས་བརྒྱད་དང་། ཀླུའི་དབང་པོའི་སྐུ་རེགས་ཅན། ཞབས་གཉིས་ལྕགས་སྒྲོག་གིས་བརྒྱན་པ། བོང་བུ་དམར་གཱའི་སྟེང་ན་བཙན་དཀྱིལ་གྱིས་བཞུགས་པ། ཟུར་གསུམ་སྟེང་དུ་སྙིང་འཕྲོག་མ་གསུམ། ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་མ་བཞི་ཕྱོགས་མཚམས་བརྒྱད་དུ་དུར་ཁྲོད་ཀྱི་མ་མོ་བརྒྱད། ཕྲ་མེན་མ་བརྒྱད། སྒོ་བཞིར་སྒོ་མ་བཞི་དང་། དེ་རྒྱབ་སྐུ་སྤྲུལ་དཀར་མོ་འབུམ་སྡེ། གསུང་སྤྲུལ་དམར་མོ་འབུམ་སྡེ། ཐུགས་སྤྲུལ་ནག་མོ་འབུམ་སྡེ། ཡོན་ཏན་གྱི་སྤྲུལ་པ་སེར་མོ་འབུམ་སྡེ། ཕྲིན་ལས་ཀྱི་སྤྲུལ་པ་ལྗང་མོ་འབུམ་སྡེ། སྤྲུལ་པ་ཡང་སྤྲུལ་ཉིད་ཀྱིས་ཚོགས་དཔག་ཏུ་མེད་པས་བསྐོར་བར་བསྒོམ། སྟེང་གི་ཆ་


CMR029_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྡོ་རྗེ་འཆང་ལ་བཀའ་བརྒྱུད་ཀྱི་བླ་མ་རྣམས་དང་། བར་གྱི་ཆ་ལ་དགྱེས་པ་རྡོ་རྗེ་རྡོ་རྗེ་གདན་བཞི་ལ་སོགས་པ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ལྷ་ཚོགས་འཁོར་བཅས་ཀྱི་མཐའ་བསྐོར་དུ་ཆོས་སྐྱོང་སྲུང་མའི་ཚོགས་སྤྲིན་ལྟར་འཁྲིགས་པ་རྩེ་གཅིག་ཏུ་དམིགས་ཤིག །ཡེ་ཤེས་ཀྱི་ལྷ་མོ་སྤྱན་དྲངས་ནས་མདུན་བསྐྱེད་ལ་སིབ་སིབ་ཐིམ་པར་བསྒོམས། རྔ་རོལ་མོ་སྤོས་དུད་དང་བཅས་དབྱངས་དང་ཌཱ་དྲིལ་ཙམ་གྱིས་ཀྱང་ཆོག་སྟེ། བྷྱོཿ རི་རབ་ཆེན་པོས་བྱང་ཤར་མཚམས། །གཡུ་མཚོ་མུ་ལེ་མཐིང་གི་དབུས། །རིན་ཆེན་ལྔ་ལྡན་གཞལ་ཡས་ཁང་། །དེ་དབུས་སྲིད་གསུམ་ཐོད་མཁར་ནས། །གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས། །དཔལ་ལྡན་ལྷ་མོ་དུད་སོལ་མ། །འཁོར་ཡང་ནག་མོ་འབུམ་དང་བཅས་། །གནས་འདིར་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཧཱུཾ་ཤི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོརཿ ཨེ་ཨ་ར་ལི་ཧྲི་ཧཱུྃ་ཛཛཛཿཧཱུྃ་བཾ་ཧོ་རོལ་མོ་དྲག་ཏུ་བྱ། །པདྨ་ཀ་མ་མྱུ་ཧཱུཾ། ཨནྡྷཾ་སོགས་རོལ་མོ། མ་ཧཱ་ཀཱ་ལི་ཨ་མྲྀ་ཏ་རཀྟ་བྷ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། བྷྱོཿ དགའ་བ་ཚལ་གྱི་དུར་ཁྲོད་ནས། །འདས་དང་མ་བྱོན་ད་ལྟར་གྱིས། །བསྟན་པ་སྲུང་བར་


CMR029_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་གསོལ་བའི། །དུད་སོལ་ལྷ་མོར་འཁོར་བཅས་བསྟོད། །དེ་ལྟར་བླ་མ་ཕྱག་ན་རྡོ་རྗེ་དང་། །གཏོར་མ་ལྷ་མོའི་ལྷ་ཚོགས་སུ་གསལ་བའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །བླ་མ་ཡི་དམ་མཁའ་འགྲོ་དང་། །དཔལ་ལྡན་ལྷ་མོའི་ཚོགས་རྣམས་ཀྱིས། །བདག་གི་ལུས་ངག་ཡིད་གསུམ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ་བྱའོ། དེ་ལྟར་གསོལ་བ་བཏབ་པས་དང་པོ་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པས། སྡིག་སྒྲིབ་ཐ་མལ་གྱི་ལུས་གདོས་བཅས་དག་ནས་ཡེ་ཤེས་ཀྱི་ལུས་གསང་བདག་ཕྱག་ན་རྡོ་རྗེ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་སྡིགས་མཛུབ་མཛད་པ་དུར་ཁྲོད་ཀྱི་ཚེས་བརྒྱད་གོས་སྔོན་པོའི་སྟོད་གཡོགས་ཅན། ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ནས་པད་ཉིའི་སྟེང་ན་འདོར་སྟབས་སུ་འགྱིངས་བ། ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་པའི་ཐུགས་ཀར་ཧཱུྃ་མཐིང་གིས་མཚན་པ་གསལ་ཐོབ། འོ་ད་སྐུ་གསུང་ཐུགས་ཡོན་ཏན་གྱི་དབང་བཞི། ཕྲིན་ལས་ཀྱི་སྒོ་ནས་བཀའ་བསྒོ་བ་དང་ལྔ་ལས། དེ་ལ་ཐོག་མར་སྐུའི་དབང་ཞུ་བའི་དོན་དུ་དམིགས་པ་


CMR029_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞིན་དུ་མཛོད་ཅིག །མདུན་གྱི་གཏོར་མ་འདིའི་དབུས་ན་བཞུགས་པའི་བཀའ་བརྒྱུད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་། ཁྱད་པར་དུ་དུད་སོལ་ལྷ་མོ་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ཡིག་དཀར་པོ་ལས་འོད་ཟེར་དཀར་པོ་ཨོ་ཡིག་གིས་མཚན་པ་ཅན། དཔག་ཏུ་མེད་པ་བྱུང་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཞུགས་པས་ལུས་ཀྱི་སྡིག་སྒྲིབ་དག་ནས་ལུས་སྤྲུལ་སྐུ་འགྲུབ་པའི་མོས་པ་མཛོད་ཅིག །གཏོར་མ་ལག་ཏུ་ཐོགས་ལ་དྲིལ་བུ་བསིལ་ཞིང་། ཨོ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རང་དོན་བསྒྲུབ་ཕྱིར་རྣམ་ཐར་ལས་གཞོལ་ཀྱང་། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡི། །ཤེས་རབ་སྣ་ཚོགས་དག་གི་འགྲོ་དོན་མཛད། །ལྷ་མོ་སྐུ་མདོག་ནག་མོ་ཆར་སྤྲིན་མདོག །མཚན་མོ་ནག་མོ་ཤིན་ཏུ་འཇིགས་པའི་སྐུ། །ཤིན་ཏུ་སྒེག་ཅིང་ཀེང་རུས་ལུས་ཅན་མ། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་བརྗིད་པའི་སྐུ། །རལ་པ་གྱེན་བརྫེས་ལེན་བུ་གཡོན་དུ་འཁྱིལ། །སྒྲ་སྐད་སྦྲུལ་དང་ཐོད་པའི་ཕྲེང་ཐོད་ཅན། །རྣ་ལྟག་དར་ནག་མེ་ཏོག་ཅོད་པན་འཕུར། །ཁྲག་དང་ཆང་གི་ར་རོ་སྤྱན་རྩ་དམར། །མི་


CMR029_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རོ་རེང་པ་ཁར་བཅུག་མཆེ་བ་བཞི། །རྣམ་པར་གཙིགས་ནས་ཁྲག་ལ་ཤིན་ཏུ་དགྱེས། །དཔལ་ལྡན་ལྷ་མོའི་སྐུ་ཡི་དབང་བསྐུར་རོ། །སྤྱི་བོར་བཞག་ལ། ཨོ་དེ་ཝི་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ཟབ་མོ་རྒྱུད་ཀྱི་སྲུང་མ་མོ་ནི། །ཞལ་གཅིག་ཕྱག་བཞིས་ཕྲིན་ལས་རྣམ་བཞི་སྒྲུབས། །རྫུ་འཕྲུལ་མྱུར་མགྱོགས་དགྲ་བགེགས་ཚར་གཅོད་མཆོག །དུད་སོལ་ལྷ་མོའི་སྐུ་ཡི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར་རོ། །འོ་དེས་སྐུ་ཡི་དབང་ཐོབ། ཡང་གཏོར་མ་འདིའི་དབུས་ན་བཞུགས་པའི་བཀའ་བརྒྱུད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་། ཁྱད་པར་དུ་དུད་སོལ་ལྷ་མོ་འཁོར་ཐམས་ཅད་ཀྱི་མགྲིན་པའི་ཨཱཿཡིག་དམར་པོ་ལས་འོད་ཟེར་ཨཱཡིག་གིས་མཚན་པ་ཅན་དཔག་ཏུ་མེད་པ་བྱུང་ཁྱེད་རང་རྣམས་ཀྱི་མགྲིན་པར་ཞུགས་པས་ངག་གི་སྡིག་སྒྲིབ་དག་ནས་ངག་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་མོས་པ་མཛོད་ཅིག །གཏོར་མ་ལག་ཏུ་ཐོགས་ལ་དྲིལ་བུ་བསིལ་ཞིང་། ཨཱཿ སྙན་གཡས་


CMR029_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་གྱི་མགུལ་ནས་དྲིལ་བསིལ་ཞིང་། །གདུག་པ་གཏོར་ནས་ཚངས་པའི་སྒྲ་སྒྲོག་མ། །སྙན་ཆ་གཡོན་ན་སེང་གེའི་རལ་པ་དམར། །དཔའ་མོ་ཁམས་གསུམ་སེང་གེའི་སྒྲ་སྒྲོག་མ། །ཕྱག་བཞི་གཡས་ཀྱི་དང་པོས་རལ་གྲི་འཛིན། །འོག་མས་བྷན་རཀྟ་དམར་དཀྱིལ་འཛིན། །གཡོན་གྱི་དང་པོས་ཤཀྟའི་མཚོན་ཆ་འཛིན། །འོག་མས་ཏྲི་ཤུལ་མགུལ་ནས་དར་དཔྱངས་འཕྱང་། །ཤཀྟའི་རལ་གྲི་མཚོན་གྱི་བཅད་པ་ཡིས། །ལྷ་མ་ཡིན་གྱི་ཐོད་སོགས་དོ་ཤལ་བྱས། །གླང་པོ་ཆེ་ཡི་ཀོ་བས་སྟོད་གཡོགས་ལ། །སྨད་ན་བ་གླང་ཀོ་རློན་བྱས་པ་ལ། །ཕྱེད་ནི་རེ་ལྡེ་སེར་པོའི་ཤམ་བུ་དཀྲིས། །ཀླུ་ཡི་དབང་པོ་གཤིབ་པའི་སྐུ་རེགས་བྱས། ཞབས་གཉིས་ལྕགས་སྒྲོག་དག་གིས་མཛེས་པར་བརྒྱན། །ཁྲག་ཞག་མང་པོའི་ཐིག་ལེའི་ཚོམ་བུ་བྲིས། །བོང་བུ་གྲྭ་ཞོན་མཚན་མོ་དུར་ཁྲོད་ཉུལ། །བོང་བུའི་རྨིག་པས་གློག་གི་ཤུགས་ཅན་མ། །སྟོང་གསུམ་སྐད་ཅིག་ཙམ་གྱིས་སྐོར་བར་བྱེད། །སྐད་ནི་དུང་དང་འབྲུག་གི་སྒྲ་ལྟ་བུས། །མ་མོ་མཁའ་འགྲོ་ཤ་ཟ་དབང་དུ་སྡུད། །དཔལ་ལྡན་ལྷ་མོའི་གསུང་གི་དབང་བསྐུར་རོ། །མགྲིན་པར་བཞག་ལ། ཝཱཀྐ་ཨ་བྷི་ཥིཉྩ་ཧཱུཾ།


CMR029_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ཟབ་མོ་རྒྱུད་ཀྱི་སྲུང་མ་མ་མོ་ནི། །ཞལ་གཅིག་ཕྱག་བཞིས་ཕྲིན་ལས་རྣམ་བཞི་སྒྲུབས། །རྫུ་འཕྲུལ་མྱུར་མགྱོགས་དགྲ་བགེགས་ཚར་གཅོད་མཆོག །དུད་སོལ་ལྷ་མོའི་གསུང་གི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། འོ་དེས་གསུང་གི་དབང་ཐོབ་པ་ཡིན། ཡང་གཏོར་མ་འདིའི་དབུས་ན་བཞུགས་པའི་བཀའ་བརྒྱུད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་། ཁྱད་པར་དུ་དུད་སོལ་ལྷ་མོ་འཁོར་ཐམས་ཅད་ཀྱི་ཐུགས་ཀའི་ཧཱུཾ་ཡིག་སྔོན་པོ་ལས་འོད་ཟེར་ཧཱུཾ་ཡིག་གིས་མཚན་པ་ཅན་དཔག་ཏུ་མེད་པ་བྱུང་ཁྱེད་རང་རྣམས་ཀྱི་སྙིང་གར་ཞུགས་པས་ཡིད་ཀྱི་སྡིག་སྒྲིབ་དག་ནས་སེམས་ཆོས་སྐུ་འགྲུབ་ལྷཔའི་མོས་པ་མཛོད་ཅིག །གཏོར་མ་ལག་ཏུ་ཐོགས་ལ་དྲིལ་བུ་བསིལ་ཞིང་། བྷྱོཿ ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་རྟག་ཏུ་གནས། །དམ་པའི་སར་གནས་གཟུགས་སྐུ་གཉིས་གཟིགས་མ། །ཏིང་འཛིན་དབང་ཐོབ་གཟུགས་ཁམས་གནས་སུ་བྱོན། །ཚངས་པའི་རྒྱལ་པོ་ལ་སོགས་ཕྱག་བྱས་ལ། །གཞན་ལ་དབང་བསྒྱུར་འདོད་ཁམས་ཡངས་མཐར་ཕྱིན། །དབང་ཕྱུག་


CMR029_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་སྐུ་ལ་དགྱེས་འཁྲིལ་མ། །སུམ་ཅུ་རྩ་གསུམ་ཚལ་བཞི་བྱོན་པའི་ཚེ། །ལྷ་རྣམས་དབུགས་དབྱུང་བརྒྱ་བྱིན་ཕྱག་བྱས་མ། །ལྷ་མ་ཡིན་རྣམས་ཕམ་པར་བྱ་བའི་ཕྱིར། །ལྷ་མིན་དབང་པོ་ཀུན་གྱིས་ཕྱག་བྱས་མ། །སྐུ་མཆོག་རི་རབ་ཆེ་དང་འདྲེན་པའི་ཚེ། །ལྟེ་བའི་ཐད་ཀྱི་ཕྱོགས་ནས་ཉི་ཟླ་འཆར། །རྒྱལ་ཆེན་བཞི་ལ་སོགས་པས་ཕྱག་བྱས་མ། །རྒྱ་མཚོའི་ཀློང་ནས་མེ་འབར་མཚོ་སྐེམ་ནུས། །ས་འོག་ཀླུ་ཡི་དབང་པོའི་ཕྱག་བྱས་མ། །ལྷ་མོ་ཁྱོད་ཀྱི་ཆོ་འཕྲུལ་འདི་བསྟན་པས། །བདུད་དང་གཤིན་རྗེའི་རྒྱལ་པོ་འདར་ཞིང་འདུད། །མ་མོ་སྲིན་མོའི་ཚོགས་རྣམས་རྔམ་ཞིང་རྒོད། །དཔལ་ལྡན་ལྷ་མོའི་ཐུགས་ཀྱི་དབང་བསྐུར་རོ། །ཞེས་སྙིང་གར་བཞག་ལ། ཙིཏྟ་ཨ་བྷི་ཥིཉྩཧཱུྃ། ཧཱུྃ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ཟབ་མོ་རྒྱུད་ཀྱི་སྲུང་མ་མ་མོ་ནི། །ཞལ་གཅིག་ཕྱག་བཞིས་ཕྲིན་ལས་རྣམ་བཞི་སྒྲུབས། །རྫུ་འཕྲུལ་མྱུར་མགྱོགས་དགྲ་བགེགས་ཚར་གཅོད་མཆོག །དུད་སོལ་ལྷ་མོའི་ཐུགས་ཀྱི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། འོ་དེས་ཐུགས་ཀྱི་དབང་ཐོབ་པ་ཡིན། ཡང་གཏོར་མ་འདིའི་དབུས་ན་བཞུགས་པའི་བཀའ་


CMR029_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་། ཁྱད་པར་དུ་དུད་སོལ་ལྷ་མོ་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་དང་ལྟེ་བའི་ཧོ༔ཡིག་སེར་པོ་ལས་འོད་ཟེར་སེར་པོ་ཧོཡིས་མཚན་པ་ཅན་དཔག་ཏུ་མེད་པ་བྱུང་ཁྱེད་རང་རྣམས་ཀྱི་ལྟེ་བར་ཞུགས་པས་ལུས་ངག་ཡིད་གསུམ་ཆ་སྙོམས་སྡིག་སྒྲིབ་ཐམས་ཅད་དག་ནས། སྐུ་གསུམ་དབྱེར་མེད་ཡེ་ཤེས་རྡོ་རྗེའི་སྐུ་འགྲུབ་པའི་མོས་པ་མཛོད་ཅིག །གཏོར་མ་ལག་ཏུ་ཐོགས་ལ་དྲིལ་བུ་བསིལ་ཞིང་། ཧཱུྃ། ཙིཏྟ་རིན་ཆེན་གུར་ཕུབ་གཞལ་ཡས་ན། །ཉི་ཟླའི་དཀྱིལ་འཁོར་བརྩེགས་པའི་འོད་ཟེར་འབར། །ཕྱོགས་བཅུའི་འཇིག་རྟེན་དུག་གི་བཅུད་བསྡུས་ནས། །ཉི་མའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛོད། །དུག་གི་རླངས་པ་ནག་པོའི་ཕྱོགས་རྣམས་ཀྱི། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སློང་བྱེད་མ། །བདུད་རྩི་སྨན་གྱི་རྒྱལ་མོས་དམ་ལ་འདུད། །ཕྱོགས་བཅུའི་འཇིག་རྟེན་བདུད་རྩིའི་བཅུད་བསྡུས་ནས། །ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛོད། །བདུད་རྩིའི་རླངས་པ་དཀར་པོའི་ཕྱོགས་


CMR029_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཚར་གཅོད་མ། །དེ་ཕྱིར་སྨན་གྱི་རྒྱལ་མོས་དམ་ལ་འདུད། །གང་ཞིག་ཁྱོད་ལ་དད་ན་མ་བས་བྱམས། །དེ་ཕྱིར་མ་གཅིག་ནད་བདག་སྨན་གྱི་གཙོ། །དཔལ་ལྡན་ལྷ་མོའི་ཡོན་ཏན་གྱི་དབང་བསྐུར་རོ། །ལྟེ་བ་དང་ལག་ཏུ་བཞག །ༀ་དེ་ཝི་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུཾ་བྷྱོཿ གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ། འོ་དེས་ཡོན་ཏན་གྱི་དབང་ཐོབ་པ་ཡིན། ལྔ་པ་ཕྲིན་ལས་གཏོར་མའི་བཀའ་བསྒོ་བ་ནི། གཏོར་མ་འདི་ཉིད་ཁྲག་འཐུང་དུད་སོལ་ལྷ་མོ་གཙོ་འཁོར་གྱི་སྐུ་སྔར་སྨོས་མ་ཐག་པའི་མཚན་ཉིད་ཅན་དུ་གསལ་ཐོབ་ལ། དེའི་སྟེང་གི་ཆ་ལ་བཀའ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་གི་སྤྱི་བོར་བྱོན་ནས་ངེད་ཀྱིས་གསོལ་བ་ཇི་ལྟར་བཏབ་པ་ལྟར་བྱིན་རླབས་དངོས་གྲུབ་ཐམས་ཅད་གནང་ཞིང་ཐོབ་བྱུང་སྙམ་པའི་མོས་འདུན་རྩེ་གཅིག་ཏུ་མཛོད་ཅིག །གཏོར་མ་ལག་ཏུ་ཐོགས་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང་། །དངོས་གྲུབ་རྣམ་གཉིས་


CMR029_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཛཿཧཱུྃ་བཾ་ཧོ༔ གཏོར་མ་མགོར་བཞག་ལ། ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ། མཁའ་འགྲོ་མ་སྐལ་པ་བཟང་པོ། བྲམ་ཟེ་མཆོག་སྲེད། རྗེ་བཙུན་ཏེ་ལོ། མཁས་མཆོག་ནཱ་རོ་པ། སྒྲ་བསྒྱུར་མར་པ་ལོ་ཙཱ། རྔོག་སྟོན་ཆོས་ཀྱི་རྡོ་རྗེ། རྔོག་ཞེ་སྡང་རྡོ་རྗེ། ཆོས་རྗེ་སངས་རྒྱས་ཡེལ་པ། ནང་པ་ཡང་དགོན་པ། རྒྱལ་དབང་པ། རྒྱལ་ཚུལ་པ། གྲགས་འོད་པ། བསོད་རིན་པ། རྡོ་རྗེ་རྒྱལ་མཚན། ཤཱཀྱའི་རྒྱལ་མཚན། རཏྣའི་རྒྱལ་མཚན། མངྒ་ལཀྵ། འགྲོ་མགོན་ཀརྨ་ཆགས་མེད་ནས་བདག་ཅག་གི་རྩ་བའི་བླ་མ་དམ་པའི་བར་དུ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་བདེ་དགྱེས་གསང་གསུམ་རྒྱུ་ཐོད་གདན་བཞི་དགྲ་གདོང་འཇིགས་གསུམ་ལ་སོགས་པ་རྒྱུད་སྡེ་བཞི་དྲུག་གི་ཡི་དམ་ལྷ་ཚོགས་རྣམས་དང་། ཤྲཱི་མ་ཧཱ་ཀཱ་ལི་ཁྲག་འཐུང་གི་རྒྱལ་མོ་དུད་པའི་སོལ་བ་མ། འཁོར་ནག་མོ་འབུམ་སྡེ་དང་བཅས་པའི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཀྱིས་སྒོ་ནས་བྱིན་གྱིས་བརླབས་པ་དང་།


CMR029_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བར་མཛད་དུ་གསོལ། འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་རིགས་བཞི་བརྒྱ་རྩ་བཞི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་གདོན་རིགས་སུམ་བརྒྱ་དྲུག་ཅུ། །སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་གཉན་ས་བདག །བར་གདོན་བཙན་བདུད་ཐེའུ་རང་གི་གནོད་པ་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་བྱིན་གྱིས་རློབས་ཤིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་བྱིན་གྱིས་རློབས་ཤིག །བདུད་བགེགས་ལོག་འདྲེན་གདུག་པ་ཅན་ཐམས་ཅད་དྲག་པོའི་སྒོ་ནས་ཚར་གཅོད་པར་བྱིན་གྱིས་རློབས་ཤིག །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ལྷག་པའི་ལྷར་མཛོད་ཅིག །ཉིན་གསུམ་གྱི་བྱ་ར་མཛོད། མཚན་གསུམ་གྱི་མེལ་ཚེ་མཛོད། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལས་བསྐྱབ་ཏུ་གསོལ། ཨོཾ་དེ་ཝི་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཅེས་བརྗོད། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །ལྷག་པའི་ལྷ་མཆོག་རྣམས་ཀྱི་བདེན་ཚིག་གི །འགྲོ་བ་འདི་དག་བདག་གི་བསྲུངས་ཟིན་གྱིས། །འདི་ལ་


CMR029_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་མེ་ཏོག་འཐོར། གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་། ལྷག་པའི་ལྷ་མཆོག་གི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་འདྲེས་པར་གྱུར་སྙམ་དུ་བསྒོམས། མེ་ཏོག་འཐོར་ཞིང་། རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་དང་། །མར་པ་མི་ལ་དྭགས་པོ་རིན་པོ་ཆེ། །ཕག་མོ་གྲུ་པ་སངས་རྒྱས་ཡེལ་པ་སོགས། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །འཁོར་ལོ་བདེ་མཆོག །སྔོན་ཚེ་དཔག་བསམ་བྱང་ཆུབ་ཤིང་དྲུང་དུ། །རྒྱལ་བ་ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །བསྟན་པ་གཉན་པོ་བསྲུང་བར་དམ་བཅས་པ། །ཁྲག་འཐུང་དུད་སོལ་ལྷ་མོའི་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག། རྗེས་རིམ་ནི། དེ་ལྟར་བསྟན་སྲུང་ལྷ་མོ་དུད་སོལ་མའི་བྱིན་རླབས་གཏོར་མའི་དབང་བསྐུར་རྗེས་གནང་གི་རིམ་པ་ཟབ་མོ་སྒྲུབ་བརྒྱུད་རིན་པོ་ཆེའི་བཀའ་སྲོལ་དཔལ་ལྡན་ཡེལ་པ་ལུགས་


CMR029_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱག་ལེན་རིམ་བཞིན་བརྒྱུད་དེ་འགྲོ་མགོན་ཀརྨ་ཆགས་མེད་ནས་མཛད་པའི་གཏོར་དབང་བདུད་རྩི་སྨན་གྱི་ཆར་འབེབས་ལྟར་ལེགས་པར་ཕུལ་གྲུབ་པ་ལགས་པས་འདི་དག་གི་སྒོ་ནས་ཐོབ་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་སྲུང་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་སོགས་གསུམ། དེ་ནས་གཏང་རག་གི་མཎྜལ་དང་ལུས་འབུལ་དགེ་བསྔོ་སོགས་ཅི་ལྟར་ཞེས་སློབ་མ་རྣམས་གྲོལ་ལོ། །སློབ་དཔོན་གྱིས་ལྷ་མོའི་སོགས་བསྐང་བ་མངའ་གསོལ་རྗེས་ཆོག་སོགས་ལས་གཞུང་ལྟར་དགྱེས་པས་འགྲུབ་བོ། །ཞེས་པ་འདི་ནི་འགྲོ་མགོན་ཀརྨ་ཆགས་མེད་ཀྱིས་མཛད་པའི་དབང་ཆོག་གཞུང་གསལ་དུས་དབང་གིས་སྨད་ཆ་ཅུང་ཟད་མ་ཚང་བ་ཁ་སྐོང་གི་ཚུལ་དུ་མ་ཏི་རཏྟས་པུཎྱ་ཀིརྟིས་འདོད་ངུར་བཞིན་སྦྱར་བ་དགེ་ལེགས་འཕེལ།། དེས་སྐུ་ཡི་དབང་ཐོབ་ཡིན་ཆགས་མེད་རིན་པོ་ཆེས་མཛད། དེས་ཕྱིན་མ་ཚང་བ་ཁ་སྐོང་གི་ཚུལ་དུ་བློ་གྲོས་རིན་ཆེན་གྱིས་མཛད་པའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདཔལ་ལྡན་ལྷ་མོ་དུད་སོལ་མའི་གཏོར་དབང་བདུད་རྩི་སྨན་གྱི་ཆར་འབེབས།next