Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
 
  
དམ་ཅན་མགར་བ་ནག་པོའི་དམོད་བཅོལ་དགྲ་བགེགས་དཔུང་འཇོམས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousདམ་ཅན་མགར་བ་ནག་པོའི་དམོད་བཅོལ་དགྲ་བགེགས་དཔུང་འཇོམས།next

དམ་ཅན་མགར་བ་ནག་པོའི་དམོད་བཅོལ་དགྲ་བགེགས་དཔུང་འཇོམས།


CMR030_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་མགར་བ་ནག་པོའི་དམོད་བཅོལ་དགྲ་བགེགས་དཔུང་འཇོམས་བཞུགས་སོ། །


CMR030_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དམ་ཅན་མགར་བ་ནག་པོའི་དམོད་བཅོལ་བྱ་བ་ནི། སྒྲུབ་པ་བྱེད་པའི་གང་ཟག་གིས། སྔགས་ཆས་སུ་ཞུགས་ནས་ཇ་ཕུད་ཆང་ཕུད་གསེར་སྐྱེམས་མཆོད་ལ་འདི་སྐད་དོ། །ཧོ། དགོངས་སུ་གསོལ་ལོ། །ལན་གསུམ། གསན་དུ་གསོལ་ལོ། །ཁྱབ་བདག་རྡོ་རྗེ་འཆང་། བྲམ་ཟེ་ཆེན་པོ། བྲམ་ཟེ་བྲ་སེ། བྲམ་ཟེ་རྒྱལ་པོ། ས་ར་ཧ། ཤ་ཝ་རི་དབང་ཕྱུག །བླ་མ་ར་ཧུ། བཙུན་པ་གྲོལ་སྡེ། མཆོག་གི་སྡེ། ཀུ་ས་ལི་ཆེ་ཆུང་ལ་སོགས་པའི་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དགོངས་སུ་གསོལ། རྡོ་རྗེ་


CMR030_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་། ཏེ་ལོ། ནཱ་རོ། ཌོ་བྷི་པ། ཇོ་བོ་རྗེ། ཟླ་འོད་གཞོན་ནུ། རྗེ་དུས་གསུམ་མཁྱེན་པ། ཞང་ཚལ་པ་ལ་སོགས་པའི་རྩ་བརྒྱུད་ཀྱི་བླ་མ་རྣམས་དགོངས་སུ་གསོལ་ལོ། །གྲུབ་ཆེན་ཀརྨ་པ། སཾ་གྷ་ལཀྵ། རང་བྱུང་རྡོ་རྗེ། རྒྱལ་བ་གཡུང་སྟོན་པ། །རྟོགས་ལྡན་མཁའ་སྤྱོད་དབང་པོ། རིན་ཆེན་བཟང་པོ། འཇམ་དཔལ་བཟང་པོ། དཔལ་འབྱོར་དོན་གྲུབ། ཆོས་རྗེ་བདུན་པ། འདན་མ་རྣལ་འབྱོར། མི་བསྐྱོད་རྡོ་རྗེ། སློབ་དཔོན་པདྨ་འབྱུང་གནས། རྒྱལ་བ་མཆོག་དབྱངས། ཡེ་ཤེས་མཚོ་རྒྱལ། མངའ་བདག་ཆེན་པོ།


CMR030_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཉང་གཏེར་སྟོན། ཡི་དམ་ཆེན་པོ་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དགོངས་སུ་གསོལ། གསང་སྔགས་མ་མོ་མཁའ་འགྲོ་དགོངས་སུ་གསོལ་ལོ། །དཔལ་མགོན་དམ་པ་ཆོས་སྐྱོང་སྲུང་མ་དགོངས་སུ་གསོལ་ལོ། ༈ །དམ་ཅན་སྐྱེས་བུ་མགར་བ་ནག་པོ་དགོངས་སུ་གསོལ་ལོ། །ཨ་ཇོ་ཆེན་པོ། ཆོས་སྐྱོང་ཆེན་པོ། ཞིང་བཅུའི་ཤན་པ། བནྡེ་ནག་པོ། ཡབ་མོན་པ་ནག་པོ། ཡུམ་མོན་པ་ནག་མོ། བུ་དམ་ཅན་མགར་བ་སྐུ་མཆེད་སུམ་བརྒྱ་དྲུག་ཅུ། དཀར་པོ་བརྒྱ་དང་ཉི་ཤུ། ནག་པོ་བརྒྱ་དང་ཉི་ཤུ། ཁྲ་བོ་བརྒྱ་དང་ཉི་ཤུ། གསང་ཡུམ་བརྟན་མ་བཅུ་གཉིས། སྐྱོང་མ་ཡ་མ་དཔུང་དང་བཅས་པ། གིང་ཆེན་ཕོ་ཉ་བཞི་བཅུ་རྩ་གཉིས། ལྷ་ཚངས་པ། བཙན་ཡམ་ཤུད་དམར་པོ། གཤིན་རྗེ་མེ་རུ་རྩེ། བདུད་ཡབ་རྗེ། ས་བྱེད་ཨ་ཙ་ར་དཀར་པོ། ཕུང་བྱེད་ཀྱི་ཨ་ཙ་ར་དམར་པོ། འགུགས་བྱེད་ཨ་ཙ་ར་ནག་པོ། སྒྲོལ་བྱེད་ནག་པོ། མོན་པ་རྟ་ནག་ཅན་ཕོ་དྲུག་མོ་དྲུག །ཕུང་བྱེད་ཀྱི་བདུད་ཕོ་གསུམ། ཟ་བྱེད་ཀྱི་སྟག་སྤྱང་སེང་གསུམ། དམ་ཅན་མགར་བ་ནག་པོ་ར་


CMR030_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཞོན། སེང་ཞོན་འཁོར་དང་བཅས་པ་དགོངས་སུ་གསོལ། ཧོ། དམ་ཉམས་པའི་ཡིད་ལ་མནག་པའི་དགྲ་བོ། སངས་རྒྱས་བསྟན་པའི་སྤྱི་དགྲ། དཔལ་ལྡན་བླ་མའི་སྐུ་དགྲ། ཞིང་བཅུ་ཚང་བའི་བསྟན་དགྲ་འདི་བཞེས་སུ་གསོལ་ལོ། །ཁྱད་པར་དུ་མཉམ་མེད་དྭགས་པོ་བཀའ་བརྒྱུད། ལྷག་པར་དུ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བསྟན་འཛིན་བརྒྱུད་པར་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་བསྟན་དགྲ། སྒོས་དགྲ་སྒེ་མོའི་འདོད་དོན་སྦྱར་ལ། ལ་ཕོད་བཙུགས་པ། དོ་བསྡོ་བ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་བསམ་པ། ད་དགྲ་ཐད་དུ་ལང་བའི་དགྲ་བོ། མི་ང་ལ་ལྷ་མེད་ཟེར་བ། ལྷ་ཁྱེད་ལ་མཐུ་མེད་ཟེར་བ། མཐུ་བུ་ལོན་བཞིན་དུ་བསྙག་པ། མིག་ངན་དུ་ལྟ་བ། ཁ་ངན་དུ་སྨྲ་བ། ཕྱི་དགྲ་ནང་རྐུན། ཆེ་ནོན་མཐོ་ནོན་བྱེད་པའི་དགྲ་བོ་ཀུན་ཁས་ཤོམ་པ། ཇག་ལག་གིས་བཤམས་པ། ཕུ་ལ་ཁ་ནས་ཇག་པ་རྟ་ཞོན། །མདའ་ལུང་ཁུང་ནས་རྐུན་མ་ཞགས་ཐོགས། ཕུ་གསུམ་རི་དྭགས་རྔོན་རྒྱ་བཤིགས་མི། མདའ་གསུམ་ཆུ་མའི་མུ་ཁ་བཤིག་མི། དོན་མེད་པ་ལ་སྙད་ཚོལ་བ། མ་ཟོས་པའི་བུ་ལོན་


CMR030_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བསྙགས་པ། མ་ཉེས་པའི་ཁ་ཡོག་འཕེན་པ། །ལེན་པ་མེད་པའི་སྲོག་ལ་རྒོལ་བ། བསྡོས་པ་མེད་པའི་ནོར་འཕྲོག་པ། ཟ་ལམ་དུ་དུག་འདེབས་པ་ལྟ་བུ། འགྲོ་ལམ་ལ་རྩང་བཙུགསཔ་ལྟ་བུ། ཕན་བཏགསན་གནོད་སྐྱེལ། བཟང་བྱས་ན་ངོན་འཇལ། ཁ་དཀར་ཞེ་ནག །ཁ་འཇམ་སྙིང་རྩུབ། མདུན་ནས་ཁྱི་བཞིན་བསྒྲིག་པ། ཟུར་ནས་བཅད་དགོས་ཟེར་བ་སྡང་བའི་དགྲ་བོ། དགྲ་ཡ། གྱོད་ཡ། འཛིང་ཡ། བསླབ་པའི་སློབ་བུ་དམ་ལོག །བརྟེན་པའི་ལེའུ་ལྷ་ལོག །གཏམ་པའི་ཤག་རོག་མནའ་ཟན། འཁོར་གྱི་བྲན་གཡོག་ངོ་ལོག །ཉོས་པའི་ཆུང་མ་སྙིང་ངན། ཐད་དུ་ལང་བའི་དགྲ་བོ་མིང་བྱང་བུ་ལ་བྲིས་པ། གཟུགས་ལིང་ག་ལ་བཏབ་པ་འདི་བཞེས་སུ་གསོལ། འོ། དམ་ཉམས་པ་ཡིད་ལ་མནག་པའི་དགྲ་བོ་བུ་སྤུན་ཕ་དང་བཅས་པ། བུ་མོ་སྲིང་མོ་མ་དང་བཅས་པ། ཤ་སྤུན་ཉེ་བ་དང་བཅས་པ། གྲོང་མི་ཁྱིམ་མཚེས་དང་བཅས། མི་ནོར་ཟས་གསུམ། འོག་རྟ་ཆུང་མ་སྒོ་ཁྱི་དང་བཅས་པ་འདི་བཞེས་སུ་གསོལ་ལོ། །ལན་གསུམ་བརྗོད། ད་ལྟ་ཉིད་དུ་བཞེས་སུ་གསོལ། ཧོ། ཆོས་སྐྱོང་བའི་སྲུང་མ་ཁྱོད་ནི་སྔོན་ཚེ་ཕྱག་ན་


CMR030_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ། པདྨ་བཛྲ་གྱིས་བཀའ་བསྒོ་དམ་བཞག་ཆོས་ཀྱི་སྲུང་མར་བསྐོས་པ་ཡིན་ནམ། རིག་འཛིན་རྣལ་འབྱོར་སྐྱོངས་བར་ཁས་བླང་ངམ། ཞིང་བཅུའི་ཤན་པ་སྒྲོལ་ལམ། དམ་ལས་འདའ་འམ་བཀའ་ལ་མི་བརྩིའམ། བདག་རིག་འཛིན་དེ་ཡི་བརྒྱུད་འཛིན་ཤེས་སམ། དམ་ཉམས་པའི་དགྲ་བོ་འཁོར་དང་བཅས་པ་འདི་བཞེས་སུ་གསོལ་ལོ། །དགྲ་བོའི་ཤ་ཟོ་ཁྲག་འཐུང་། མིང་རྗེས་མེད་ལྷག་མ་མེད་པར་མཛོད། དེ་ནས་གཡབ་དར་རྡེབས་ལ། འོ། དམ་ཉམས་པའི་དགྲ་བོ་འདི་མིང་དང་མིང་འདྲ་འདྲའི་ནང་ནས་མ་ནོར། རུས་དང་རུས་འདྲ་འདྲའི་ནང་ནས་མ་ནོར། ཡུལ་ལུང་དང་ཡུལ་ལུང་ནང་ནས་མ་ནོར། ཕ་ཚོ་དང་ཕ་ཚོའི་ནང་ནས་མ་ནོར། ཕུ་ནུ་དང་ཕུ་ནུའི་ནང་ནས་མ་ནོར། སྤྱང་དར་མའི་ལུ་གུབཙལ་བ་ལྟར་ཐོངས་ཤིག །ཤིང་སྡོང་པོ་ཁོག་རུལ་བ་ལྟར་འཕར་སྦས་མེད་པར་གྱིས་ཤིག །བུ་ཕོ་རྒྱུད་ལ་བབ་ནི་བྲག་རི་ཐོག་གིས་སྟོར་བ་ལྟར་ཐོངས་ཤིག །བུ་མོ་མོ་རྒྱུད་ལ་བབས་ན་ནག་ལ་མེ་མཆེད་པ་ལྟར་ཐོངས་ཤིག །བྱིས་པ་ལ་བབ་ན་མཆིལ་པས་རྒུམ་བུ་ཐུ་བ་ལྟར་ཐོངས་ཤིག །ཆེ་རྒྱུད་ལ་བབ་ན་རམ་ནག་སེར་བས་བརྡུང་བ་ལྟར་


CMR030_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཐོངས་ཤིག །ནོར་ལུག་ལ་བབ་ན་རྩྭ་སྐྱ་ལ་མེ་ཤོར་བ་ལྟར་ཐོངས་ཤིག །འོག་རྟ་ལ་བབ་ན་རི་གཟར་གྱི་རྦབ་འདྲིལ་བ་ལྟར་ཐོངས་ཤིག །ཁ་རྗེ་དབང་ཐང་ཉི་མ་ནུབ་པ་ལྟར་ཐོངས་ཤིག །མིང་མེད་རྗེས་མེད་ཤུག་ཐལ་རླུང་གིས་ཁྱེར་བ་ལྟར་ཐོངས་ཤིག །བྱ་སྤུ་རླུང་གིས་ཁྱེར་བ་ལྟར་ཐོངས་ཤིག །སྤང་ཐོག་རི་བོང་རྗེས་ལྟར་ཐོངས་ཤིག །བྱ་སྒོ་མེ་ལ་བསྲེགས་པ་ལྟར་ཐོངས་ཤིག །མེ་ཏོག་སད་ཀྱིས་ཁྱེར་བ་ལྟར་ཐོངས་ཤིག །འོ། དགྲ་བོ་འདི་ལ་སྲུང་བའི་སྔགས་ཡོད་ན་རང་གསོད་པའི་མཐུར་གྱུར་ཅིག །ཆད་པའི་ཕོ་ཉ་ཡོད་ན་ཕུང་འདྲེར་གྱུར་ཅིག །གསོ་བའི་སྨན་ཡོད་ན་རང་ལུས་འཇིགས་པའི་དུག་ཏུ་གྱུར་ཅིག །རྣོ་བའི་མཚོན་ཡོད་ན་རང་སྲོག་གཅོད་པའི་སྤུ་གྲིར་གྱུར་ཅིག །འོ། དམ་ཉམས་པའི་དགྲ་བོ་ལ་རང་མཐུ་རང་ལ་ཕོབ་ཅིག །རང་སྲོག་རང་གིས་ཆོད་ཅིག །རང་མཚོན་རང་ལ་རྒྱོབས་ཤིག །རང་ཤ་རང་གིས་ཟོ་ཤིག །རང་ཁྲག་རང་གིས་འཐུངས་ཤིག་ཕ་སྤུན་ནང་དམེ་ཐོངས་ཤིག །བཟའ་རོག་བྱེ་ཐན་ཐོངས་ཤིག །དགྲ་བོ་འདི་ལ་ཅི་མི་འདོད་པ་སྣ་ཚོགས་ཐོངས་ཤིག །དམ་ཉམས་པ་ཡིད་ལ་མནག་པའི་དགྲ་བོ་འདི་ལ་གནམ་


CMR030_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཐོག་གི་ཆར་པ་ཕོབ་ཅིག །ལྟས་ངན་ཐན་གྱི་ཆར་པ་ཕོབ་ཅིག །སྣ་ཚོགས་ཐན་གྱི་རྩེད་མོ་རྩེས་ཤིག །སྤྲེལ་ཅ་ཝ་ཞོན་གྱིས་སྒོ་རྡུངས་ཤིག །ཨ་ཙ་རའི་མིང་ནས་བོས་ཤིག །མོན་པ་ཕོ་མོས་ནམ་མཁའ་སྟོན་ཅིག །སྤྲེལ་དང་གླ་བ་གྲོང་ལ་འགྲིམ་ཞིག །མོན་པ་ནག་པོས་རྩེ་སྐད་ཐོངས་ཤིག །གཅན་གཟན་སྣ་ཚོགས་ཁྱིམ་དུ་ཐོངས་ཤིག །བྱ་ཐན་འུག་པ་རྣ་ཉན་གྱིས་ཤིག །སྲིད་ལ་བྱ་རོག་ཨག་སྒྲ་ཐོངས་ཤིག །ཇག་དཔོན་རྐུ་དཔོན་ཁྲག་ཏུ་སྐྱུགས་ཤིག །ཆུང་མ་སྨྱོ་རུ་ཆུག་ཅིག །ཧུར་ཐུ་ནད་ཀྱིས་ཟློག་ཅིག །ཧོ༔ དགྲ་བོའི་མི་ནོར་ལ་གཟའ་བདུད་ཆེན་པོས་ཟ་ཁ་ལྟོས་ཤིག །སྡེ་བརྒྱད་ཚོགས་ཀྱིས་ཟ་ཁ་ཕོབ་ཅིག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་ཟ་ཁ་ལྟོས་ཤིག །བདུད་དང་བཙན་གྱིས་ཟ་ཁ་ལྟོས་ཤིག །ཕུང་བྱེད་ཨ་ཙ་རས་ཟ་ཁ་ལྟོས་ཤིག །ཟ་བྱེད་བདུད་པོ་སྤུན་གསུམ་གྱིས་ཟ་ཁ་ལྟོས་ཤིག །ཕུང་གསུམ་གཡབ་ཀྱིས་ཐོངས་ཤིག །སྲོག་གི་སྐེ་ཁྲག་ཐང་ལ་ཕོས་ཤིག །སྙིང་ཁྲག་ལས་མཁན་རྣམས་ཀྱི་དཔའ་ཟས་གྱིས་ཤིག །མིང་རྗེས་ཤུལ་ཙམ་ཡང་མེད་པར་གསེར་གྱི་ཕ་ཝང་ཆུར་བསྒྱུར་བ་ལྟར་


CMR030_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཐོངས་ཤིག །རྟ་དཀར་པོ་ལ་སྟན་ནག་པོ་བསྟོད་པ་ལྟར་ཐོངས་ཤིག །ཧོ༔ དགོངས་སུ་གསོལ་ལོ། ཁྱད་པར་དབེན་རི་གཉེན་པོ་ལ་ཚད་བཙུགས། རྒྱབ་རི་རྔོན་རྒྱ་བཤིགས་པའི་དགྲ་བོ་འདིའི་མི་སྙིང་ཕྱུངས་ཤིག །ཁ་ནས་ཁྲག་ཏུ་སྐྱུགས་ཤིག །ཀླད་ཁྲག་ས་ལ་རྒྱོབ་ཅིག །སྲོག་སྙིང་ཕོ་ཉ་རྣམས་ཀྱིས་བྱ་རྒོད་ཐེད་ལ་རུབ་པ་ལྟར་ཐོངས་ཤིག །འཻ། དམ་ཉམས་པ་ཡིད་ལ་མནག་པའི། དགྲ་བོ་འདི་དམ་ཅན་སྐྱེས་བུ་འཁོར་དང་བཅས་པ་ལ་དགྲ་སྐལ་དུ་གཏད་དོ། །ལས་སྐལ་དུ་གཏད་དོ། །འཆོར་བ་མེད་པར་ད་ལྟ་ཉིད་དུ་བཞེས་ཐུབ་པར་གྱིས། ཁྱེད་ལ་མཐུ་རྩལ་ཅི་འདུག་ལྟའོ། །སྡང་བའི་དགྲ་བོ་མི་ནོར་ཟོག་གསུམ་མི་རབས་མི་བརྒྱུད་དང་བཅས་པ་ཁྱོད་ལ་གཏད་པས་མ་ཤོར་ལ། མིང་མེད་རྗེས་མེད་ཐལ་བའི་རྡུལ་དུ་བརླག་པར་མཛོད་ཅིག །ཅེས་འཁོར་དང་བཅས་པ་ལ་མཚང་ཆེན་གནད་ལ་ཕོག་པ་ལྟར་རང་དབང་མེད་པར་དགྲ་ཡུལ་དུ་བྱོན་པར་བསྒོམ། གར་ཐོད་ཐོད་བྱ་བ་མ་ཡིན་ནོ། །ལས་ཉེ་དམ་གཙང་། ཀོ་ལོང་དམ་པའོ། །དམོད་བཅོལ་བཞེས་འབོད་འདི་ནི་རིག་འཛིན་སྔགས་འཆང་ཐུགས་གཏེར་ལས་ཀརྨ་ཨ་རཱ་གས་བསྡུས་པའོ།། །།


previousདམ་ཅན་མགར་བ་ནག་པོའི་དམོད་བཅོལ་དགྲ་བགེགས་དཔུང་འཇོམས།next