Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
 
  
  
  
  
  
  
མགོན་དཀར་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་ལོ་རྒྱུས་ཕན་ཡོན་དང་བཅས་པ་དངོས་གྲུབ་གཏེར་མཛོད།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousམགོན་དཀར་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་ལོ་རྒྱུས་ཕན་ཡོན་དང་བཅས་པ་དངོས་གྲུབ་གཏེར་མཛོད།next

མགོན་དཀར་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་ལོ་རྒྱུས་ཕན་ཡོན་དང་བཅས་པ་དངོས་གྲུབ་གཏེར་མཛོད།


CMR030_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་དཀར་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་ལོ་རྒྱུས་ཕན་ཡོན་དང་བཅས་པ་དངོས་གྲུབ་གཏེར་མཛོད་བཞུགས་སོ།།


CMR030_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཙཀྲ་སཾ་བྷ་ར་ཡེ། འོ་ན་ད་ལམ་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གི་ལོ་རྒྱུས་ཅུང་ཟད་ཞུ་ན། འདི་ཉིད་ཀྱི་ཐུགས་རྒྱུད་ཀྱི་ངོ་བོ་ནི། བཅོམ་ལྡན་འདས་བདེ་མཆོག་ཡབ་ཡུམ་གྱི་སྤྲུལ་པ་ཡིན་པས་ཕྱི་མའི་ས་ལམ་གྱི་བར་ཆད་སེལ་བར་ནུས་པ་ཡིན་ལ། འདིའི་སྐྱེས་རྒྱུད་ཀྱི་དབང་དུ་བྱས་ན། སྔོན་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་སེར་སྐྱ་ན། ལོ་བཅུ་གཉིས་སུ་སད་དང་སེར་བ་ཁོ་ན་བྱུང་ནས། མུ་གེ་ཆེན་པོས་མི་མང་པོ་ཤི། མི་ལ་ལ་བྱེར་ཏེ་སོང་ངོ་། །དེའི་ཚེ་བྲམ་ཟེ་རྒན་རྒོག་གཉིས་ལ་བུ་མིང་སྲིང་གཉིས་ཡོད་པས། ཕ་མ་རྣམས་མུ་གེས་ཤི་དོགས་ནས། བུས་ཕ་


CMR030_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གསོས། བུ་མོས་མ་གསོས་ཏེ། གཞན་སྦྱིན་རྒྱུ་མ་རྙེད་པས་རང་གི་ཤ་བཅད་ཅིང་བྱིན་ནས་གསོས་པས། ཞག་ཉེར་གཅིག་ནས་ཕ་མ་རྣམས་སོས། མིང་སྲིང་གཉིས་ཀྱི་ཤ་ཁྲག་གིས་ཕ་མ་གསོས་པས། ཐམས་ཅད་ཟད་ནས་ཀེང་རུས་སུ་གྱུར་པ་དང་། དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་ཞལ་གཟིགས་སོ། །དེར་བདེ་མཆོག་ཡབ་ཡུམ་ལྷ་སྲིན་སྡེ་བརྒྱད་དང་བཅས་པས་རང་རང་གི་ཤ་ཁྲག་གིས་ཕ་མ་གསོས་པ་ལ་ངོ་མཚར་ཆེ་ཞེས་མངོན་པར་བསྟོད་ཅིང་བསྔགས་སོ། །དེའི་ཚེ་ཁོང་ལྕམ་དྲལ་གྱིས་དམོད་བོར་ཏེ། ངེད་གཉིས་པོ་བདེ་མཆོག་ཡབ་ཡུམ་གྱི་སྤྲུལ་པ་རྣམས་ཀྱི་ནི་


CMR030_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་འཕགས་ཤིང་ཚོགས་ཐམས་ཅད་ཀྱི་བདག་པོ་གྱུར་པ་དང་། ཕྱི་རབས་རྣལ་འབྱོར་པ་རྣམས་ཀྱི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་འགྱུར་བ་དང་། །ད་ཆོམ་རྐུན་ཐམས་ཅད་བཅིང་བ་དང་། བྱོལ་སོང་གི་ནད་གདུག་པ་ཅན་ཐམས་ཅད་བསྲུང་བར་སྨོན་ལམ་བཏབ་པས། བདེ་མཆོག་ཡབ་ཡུམ་འཁོར་ལྷ་སྲིན་སྡེ་བརྒྱད་དང་བཅས་པས་མགྲིན་གཅིག་ཏུ་དེ་ལྟར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ནས་དེ་མ་ཐག་མིང་སྲིང་དེ་གཉིས་དུར་ཁྲོད་ཐམས་ཅད་ཀྱི་བདག་པོ་ཀེང་རུས་ཀྱི་ཁྲོ་བོ་ཡབ་ཡུམ་དུ་བསྐྱེད་དོ། །དེར་སྤྲུལ་པས་ལྷ་གནས་མན་ཆད་ན་རག་དམྱལ་བ་ཡན་ཆད་ཁྱབ་ཅིང་སྤྲུལ་པ་བྱེ་བ་དུ་མ་འགྱེད་ཅིང་ལྷ་སྲིན་སྡེ་བརྒྱད་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བྲན་དུ་བསྐོལ། དེ་ནས་རབ་ཏུ་འཇིགས་པ་དུར་ཁྲོད་ཆེན་པོ་ཨོ་རྒྱན་མཁའ་འགྲོའི་གནས་ཐོད་པའི་སྐུ་མཁར་གཞལ་ཡས་ཁང་ཆེན་པོ་ན། ཆོས་ཉིད་སྐྱེ་བ་མེད་པའི་ངང་ནས་བཅོམ་ལྡན་འདས་ཁྲག་འཐུང་ཧེ་རུ་ཀ་ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པ། འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་དངོས་སུ་སྣང་ནས། ཧེ་རུ་ཀ་ཡུམ་དངོས་གྲུབ་ཐམས་ཅད་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་


CMR030_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། ཨོཾ་བཛྲ་ཡོ་གི་ནི་ཧཱུྃ། ཞེས་གསུངས་པས་འཇིག་རྟེན་གྱི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་བརྒྱལ་བར་གྱུར་ཏོ། །དེ་ནས་བརྒྱལ་སངས་ནས་འཁོར་རྣམས་ཀྱི་ནང་ནས་དཔལ་དུར་ཁྲོད་བདག་པོ་སྟན་ལས་ལངས་ཏེ་འདི་སྐད་གསོལ་ཏོ། ཀྱེ། གདུག་པ་འདུལ་མཛད་ཧེ་རུ་ཀ །བསྐལ་པ་སྙིགས་མ་ལྔ་ཡི་དུས། །གདུག་པ་ཅན་རྣམས་འཁྲུགས་པ་དང་། །ས་བདག་ཀླུ་ཡི་ནད་ཡམས་དང་། །མ་མོ་མཁའ་འགྲོ་འཁྲུག་པའི་ཚེ། །མི་རྣམས་བསོད་ནམས་ལོངས་སྤྱོད་ཆུང་། །རང་བསགས་དངོས་པོ་སྤྱོད་དབང་མེད། །ཕ་དང་བུ་བྲལ་ལོངས་སྤྱོད་ཉམས། །དེ་དུས་བཅོམ་ལྡན་བསྟན་པ་ནི། །དཔའ་བོ་བདག་གིས་བསྲུང་བར་བྱ། །ཞེས་གསོལ་པ་དང་། དེ་ནས་དཔལ་ཧེ་རུ་ཀའི་ཞལ་ནས། ལེགས་སོ་དུར་ཁྲོད་བདག་པོ་ཁྱོད། །སྲོག་གི་སྙིང་པོ་བདག་ལ་ཕུལ། །ཞེས་གསུངས་པ་དང་། ཏདྱ་ཐཱ། ཨོཾ་བྷི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ། ཞེས་སྲོག་གི་སྙིང་པོ་མངའ་གསོལ་དུ་ཕུལ་ལོ། །སངས་རྒྱས་ཡེ་ཤེས་ཀྱི་བསྟན་པ་བསྲུང་བ་དང་། ཆོས་བྱེད་སྐྱོང་ཞིང་མཐུན་རྐྱེན་བསྒྲུབ་པ་དང་ཆོམ་རྐུན་གྱི་གནོད་པ་བསྲུང་བར་ཁས་བླངས་དམ་བཅས་སོ། །དེ་ནས་


CMR030_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཧེ་རུ་ཀས་རྩ་བའི་གནས་དང་། རིག་སྔགས་ཟློག་པ་དང་། དངོས་གྲུབ་བླངས་བ་དང་། ལས་ཚོགས་རྒྱས་པ་དང་། བཀའ་བསྒོ་བསྟོད་བསྐུལ་གྱི་ལེའུ་རྣམས་བཀའ་བསྩལ་ནས། གསང་བ་སྙིང་གི་རྒྱུད་འདི། དུར་ཁྲོད་བདག་པོ་ཁྱོད་ལ་གཏད། །དུས་གསུམ་སངས་རྒྱས་བསྟན་པ་སྲུངས། །དམ་ཉམས་རྣམས་ལ་ཆད་པ་ཆོད། །དམ་ཚིག་ཅན་ལ་བྱིན་གྱིས་རློབས། །ཞེས་གསུངས་ནས་འཁོར་ཐམས་ཅད་རྗེས་སུ་ཡི་རང་ནས་རང་གི་གནས་སུ་དོང་ཞིང་བཅོམ་ལྡན་འདས་ཧེ་རུ་ཀ་བཛྲ་ཡབ་ཡུམ། ཆོས་སྐུ་སྐྱེ་བ་མེད་པའི་ངང་ལ་བཞུགས་སོ། །དེ་ནས་འདིའི་མན་ངག་རྡོ་རྗེ་རྣལ་འབྱོར་མས། གྲུབ་ཆེན་པདྨ་བཛྲ་ལ་གསུངས། དེས་གྲུབ་ཆེན་རཱ་ཧུ་ལ་བཛྲ་ལ་གདམས། དེས་པཎྜི་ཏ་སྒེག་རྡོ་རྗེ་ལ། དེས་གྲུབ་ཆེན་ཛྷཱ་ན་སིདྡྷི་ལ། དེས་འཆི་མེད་སློབ་དཔོན་བཟང་པོ་ཡང་ཟེར། པཎྜི་ཏ་བེ་རོ་ཙ་ན། རཀྟའི་ཏ་ཞེས་ཀྱང་བྱ། དངུལ་ཆུ་བེ་རོ་ཞེས་ཀྱང་བྱ། དངུལ་ཆུ་བཅུད་ལེན་གྲུབ་པས་སྐུ་ཚེ་རིང་དུ་ཐུབ་ཅིང་བོད་དུ་ཡུན་རིང་བཞུགས་པ་དེ་ལ་གནང་བའོ། །དེས་མཁས་སྒྲ་ལོ་ཙཱ་བ་ཡང་ཟེར། འཇིམ་ལོ་ཙཱ་ཡང་ཟེར། འཇམ་དཔལ་ཡང་ཟེར། ཁམས་པ་སྒ་ལོ་ཙཱ་ཡང་ཟེར་བ་དེ་ལ་


CMR030_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གནང་སྟེ། འདི་སྒ་ལོ་ཆུང་བ་འདི་ཡིན་པ་འདྲའོ། །དེས་བླ་མ་ས་ཆེན་ཀུན་དགའ་སྙིང་པོ། དེས་སློབ་དཔོན་བསོད་ནམས་རྩེ་མོ། དེས་རྗེ་བཙུན་གྲགས་པ་རྒྱལ་མཚན་ཏེ་དཀར་པོ་རྣམ་གསུམ་ལ་བརྒྱུད་དོ། །མཁས་པ་ཆེན་པོ་པཎྜི་ཏས་འདིའི་གདམས་ངག་ལམ་སྲུང་གི་གཙོ་བོ་མཛད་པར་སྣང་བས། ས་པཎྜི་ཏས་ལམ་སྲུང་ཞེས་སུ་གྲགས་པར་གྱུར་ཏོ། །གྲགས་པ་རྒྱལ་མཚན་པས་བླ་ཆེན་ཡར་སྒོམ་ལ་གནང་། དེས་རྒྱལ་ཚ་ལུང་མང་པོ་ལ། དེས་མཁས་པ་མཆོད་རྟེན་ཁྲི་ལ། དེས་སེང་གེ་བཟང་པོ་ལ། དེས་ཡར་ལུང་བ་སེང་ཡི་གེ་རྒྱལ་མཚན་ལ། དེས་བསོད་ནམས་རྒྱལ་མཆོག་ལ། དེས་ནམ་མཁའ་རྒྱལ་མཚན་ལ། དེས་བདག་ཆེན་བློ་གྲོས་རྒྱལ་མཚན་ལ། དེས་དཔལ་ལྡན་རྒྱལ་པོ་ལ། དེས་སངས་རྒྱས་རིན་ཆེན་ལ། དེས་ལོ་པ་སྤྱན་སྔ་ལ། དེས་ངག་གི་མཚན་ཅན་ལ། དེས་བསྟན་པ་རབ་དཀར་ལ། དེས་བསྟན་འཛིན་ཕུན་སུམ་ཚོགས་ལ། དེས་བླ་མ་ཏིང་འཛིན་ལ་གནང་སྒྱུ་སྟེ། འདི་པས་དང་པོ་བསྙེན་པ་ཟླ་བ་གསུམ་ལྷག་ཙམ་མཛད་ཚེ། བལ་མང་པོ་སྔགས་ནས། ཕྱིས་དེ་ལ་སྲུང་སྐུད་ཅུང་ཟད་རེ་ལ་བསྔགས་ཅིང་མདུད་ནས། རང་གཞན་གྱི་རྟ་ཕྱུགས་


CMR030_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཏགས་ནས། མཚན་རྒྱོབ་མཛད་ཀྱང་དགྲ་རྐུན་གཅན་གཟན་མི་འབྱུང་བ་དང་། རི་ཁྲོད་ཁྱིམ་སྟོང་པར་བཞག་ནས་གཞན་དུ་འགྲོ་དུས་བཀའ་བསྒོ་བྱས་པས་རྐུན་མ་མི་འབྱུང་བ་སོགས་རྟགས་ཐོན་པ་བྱུང་སྐད་དོ། །དེས་བླ་མ་གླུ་རུ་ལ་གནང་ནས་ཟླ་བ་འགའ་ཟུང་ཙམ་ལ་གཏོར་མ་རྐྱང་པ་ལ་བརྟེན་ནས་བསྙེན་པ་མཛད་པས། གཏོར་མའི་དྲུང་དུ་བྱི་བ་དཀར་པོ་ཆུང་ཆུང་གཉིས་བྱུང་གཏོར་མ་ཡང་མི་ཟ་བར་དེ་ནས་མི་སྣང་བ་བྱུང་གསུངས། ཁོང་གི་འདིའི་གདམས་པ་རྣམས་ཕྱག་ལེན་ཇི་ལྟ་བ་ནི་མ་མཛད་པར་སྣང་ངོ་། །དེ་ལ་བདག་གིས་ཞུས་སོ། །བདག་སྔར་གཙང་རྒྱལ་མཁར་རྩེའི་གླ་བའི་ནགས་ཚལ། སྔར་དུར་ཁྲོད་ཆེན་པོ་ཡིན་པས་ཀེང་རུས་དངོས་སུ་ཡོད་དོ་ཟེར་བའི་གནས་དེར་ཡབ་སྲས་སྒར་ཆེན་བཞུགས་སྐབས། ཀེང་རུས་མཐོང་བ་དང་། ཐོད་སྐམ་མེ་འབར་བ་མཐོང་མཁན་བྱུང་བས། བནྡེ་རྣམས་སྐག་ནས་ནུབ་སྒར་གྱི་ཕྱི་ལ་འགྲོ་མི་ཕོད་པ་བྱུང་དུས། བདག་སྒར་ཕ་ཟད་དུ་ཟིན་ཐུན་བཤར་ཅིང་བཅོ་ལྔའི་ནུབ་ལ་བསྡད་ཙམ་ན་ཅུང་ཟད་གཉིད་པ་སྐྲག་སྔངས་དང་བཅས་པ་ཙ་ན། དྲུང་དུ་ཝ་གཅིག་བདག་ལ་བལྟ་ཞིང་འདུག་གོ །དེ་ནས་སྐྲག་སྔངས་ཀྱི་ཟིལ་ཆེན་པོ་བྱུང་ཙམ་ན། ཁྲོག་


CMR030_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོག་སྒྲ་ཆེན་པོ་གཅིག་སྒར་གྱི་མཐའ་བསྐོར་ཞིང་བྱུང་ངོ་། །དུར་ཁྲོད་བདག་པོའི་བསྐྱེད་རིམ་གསལ་ཞིང་མ་ཡེངས་པར་བལྟས་པས། ཁ་དོག་ནག་པོ་དབྱིབས་རྒྱ་གྲམ་མདུང་གཉིས་ཀྱི་རིང་ཐུང་ཙམ་གཅིག་ཁྲག་སྒྲ་གྲག་ཅིང་ཐལ་བ་མཐོང་ངོ་། །དེ་ཀེང་རུས་ཡིན་ཞེས་གྲྭ་བགྲེས་རྣམས་ཀྱིས་གསུངས་སོ། །ཕྱིས་ཁམས་སུ་འདིའི་བསྙེན་སྒྲུབ་ཅུང་ཟད་བྱས་པས། རྒྱུད་དང་ཆ་མཐུན་པའི་རྨིས་ལྟས་ཅུང་ཟད་ཐོན་ཅིང་། སང་འཇིགས་སྐྲག་ཆེ་བའི་སར་འགྲོ་ནུབ་སྔགས་དང་གཏོར་འབུལ་བྱས་ནུབ་རྨི་ལམ་ན། བདག་རྟ་ཞོན་ནས་འགྲོ་བའི་མདུན་གྱི་གཡས་གཡོན་གཉིས་ནས། ཀེང་རུས་གཉིས་རྒྱུག་ཅིང་འགྲོ་བ་རྨིས་པས་བར་ཆད་མ་བྱུང་ངོ་། །དེ་ལྟར་ལོ་རྒྱུས་དང་བརྒྱུད་རིམ་བཤད་ནས། འདི་ཉིད་བཞུགས་པའི་གནས་ནི། ནུབ་ཕྱོགས་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་ཆེན་པོ་དང་། ཨོ་རྒྱན་ཡུལ་གྱི་ཕྱོགས་མཚམས་དུར་ཁྲོད་བརྒྱད། རྒྱ་གར་གྱི་དུར་ཁྲོད་བརྒྱད། འོག་མིན་རྣམ་སྣང་བརྟན་གཡོའི་སྲིད་ར་ཁྲོད་དང། ཁྱད་པར་སོ་སའི་གླིང་གི་དུར་ཁྲོད་དང་། དེ་སོགས་རྟག་པའི་དུར་ཁྲོད་ཆེན་པོ་རྣམས་དང་། རོ་བཞི་ལང་བའི་ས་དེ་རེ་འགའི་དུར་ཁྲོད་ཡིན་པས། མདོར་ན་འདི་


CMR030_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དུར་ཁྲོད་ཐམས་ཅད་ཀྱི་བདག་པོ་ཡིན་ཏེ། རབ་འཇིགས་དུར་ཁྲོད་ཀུན་གྱི་བདག་པོ་སྟེ། །ཁྱད་པར་སོ་ས་གླིང་གི་ཞིང་སྐྱོང་བ། །ཞེས་གསུངས་སོ། །འདི་ཇག་རྐུན་ཐམས་ཅད་འཆིང་བའི་མཆོག་ཡིན་པས། ཕ་དམ་པས་ཀྱང་འདིའི་སྒོ་ནས་ཇག་རྐུན་བཅིང་ཐབས་དུ་མ་གསུངས། མ་གཅིག་ལབ་སྒྲོན་གྱིས་ཀེང་རུས་འདི་བསྒོམ་པས་ཇག་རྐུན་འཆིང་བར་གསུངས། འདིའི་ཕན་ཡོན་དགོས་ཆེད་བསྟན་པ་ནི། དཔལ་དུར་ཁྲོད་ཀྱི་བདག་པོ་གསང་བ་སྙིང་གི་འཁོར་ལོའི་རྒྱུད་ཆེན་པོ་ལས། དེ་ནས་ཡང་དག་བཤད་བྱ་བ། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །དངོས་གྲུབ་མ་ལུས་འབྱུང་བ་ཡི། །ཡིད་བཞིན་ནོར་བུ་ཞེས་བྱ་སྟེ། །འདི་ཡི་སྒྲུབ་པའི་ཐབས་བསྟན་པ། །ཞེས་དང་། དེ་ཡི་མཚན་རྟགས་ལྷ་ཡིས་སྟོན། །མགོན་པོ་དངོས་སུ་བྱུང་གྱུར་ན། །རཏྣའི་ཚངས་པ་བྱུང་གྱུར་ན། །ནོར་གྱི་དངོས་གྲུབ་ཐོབ་པར་འགྱུར། །ཤིང་ཐོག་བྱུང་ན་ཟས་ཚོགས་འདུ། །བ་དང་མ་ཧེ་བྱུང་གྱུར་ན། །དཀར་ཐོག་ཐམས་ཅད་འཕེལ་བར་བྱེད། །ཏིལ་དང་འབྲས་ལ་སྤྱོད་གྱུར་ན། །ཤིང་ཐོག་ཐམས་ཅད་འཕེལ་བར་འགྱུར། །དེ་རྣམས་འབྲིང་གི་རྟགས་སུ་བཤད། །ཤིང་ཐོག་


CMR030_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་ཟས་རྣམས་འདུ། །དེ་ནི་ཐ་མའི་རྟགས་སུ་བཤད། །གཞན་ཡང་མཆོད་རྟེན་དཔག་མེད་འབྱུང་། །ཉི་མ་ཐལ་དང་གྱོན་ནག་གྱོན། །རྩོད་པ་བྱེད་དང་ཟས་ངན་ཟ། །བནྡེ་སྔགས་པ་བྱུང་གྱུར་ན། །མགོན་པོ་ཁྲོས་པས་བསྐང་བཤགས་བྱ། །ཞེས་དང་། ལས་ཚོགས་ཉེར་གཅིག་ལ་སོགས་པ། །བསྒྲུབས་ན་གང་བསྒྲུབས་ཐམས་ཅད་འགྲུབ། །གསོད་པའི་ལས་ཀྱང་དེ་བཞིན་ནོ། །ཞེས་དང་། རྒྱུན་དུ་སྲོག་གི་སྙིང་པོ་བཟླས། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ཞེས་གསུངས་སོ། །ལོ་ཙཱ་ཆེན་པོ་འཇམ་དཔལ་གྱི་ཞལ་གདམས་ལས། གྲུབ་པའི་རྟགས་མགོན་པོ་ཡབ་ཡུམ་མངོན་དུ་འབྱོན་ཏེ། གཏོར་མ་བྱིན་པས་ཕྲིན་ལས་བཅོལ་བ་གང་བསྒོ་བ་འགྲུབ། དངོས་གྲུབ་ཆེན་པོ་འབྱུང་ངོ་། འབྲིང་རྨི་ལམ་དུ་ཀེང་རུས་འཁྲབ་པ་དང་། མངོན་ཨ་ཙ་རིའི་བོན་པོ་འབྱུང་། གཞན་ཡང་སྣ་ཚོགས་པ་འབྱུང་སྟེ། བཟང་ངན་རྟགས་ཚད་ཤེས་པར་བྱའོ། །དུང་འབུད་རྔ་ཚསྒྱུ་བརྡུང་རོལ་མོ་བྱེད་ན་གྲགས་པ་ཐོབ་བོ། །རཏྣའི་ཚངས་པ་བྱུང་གྱུར་ན་ནོར་གྱི་དངོས་གྲུབ་ཐོབ། བ་དང་མ་ཧེ་བ་གླང་བྱུང་ན་དཀོར་ནོར་འཕེལ་ལོ། །ཏིལ་དང་འབྲས་དང་འབྲུ་ལ་སྤྱོད་


CMR030_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ན་འབྲུ་འཕེལ། ཐ་མ་རྨི་ལམ་ཤིང་ཐོག་དང་བཟའ་བཏུང་སྟེར་ན་ཟས་འདུ། རྟག་ཏུ་འཁོར་བའི་རྟགས་རྨིང་ན་སྲུང་བའི་ལས་འགྲུབ་བོ། །ངན་པ་ནི་རྨི་ལམ་ན་ཉི་ཟླ་རྒས་པ། གོས་ནག་གྱོན་པ་རྩོད་པ་བྱེད་པ། བནྡེ་ནག་པོ་འཁྲོ་བ་དང་། ཟས་ངན་པ་ཟ་བ། མཛེ་ཕོ་ལ་སོགས་པ་ནི་མགོན་པོ་ཁྲོས་པས་ཚོགས་དང་གཏོར་མ་བཏང་། འདིའི་བསྐང་བཤགས་ལ་འབད་པར་བྱའོ། །ཞེས་གསུངས་པ་དང་། ལར་འདི་རྟག་ཏུ་བསྒོམས་པས་འདོད་ཆགས་རང་བཞིན་གྱིས་ཞི་བའི་གནད་ཟབ་མོ་ཡང་ཡོད་པས་ཆོས་སྐྱོང་གི་མཆོག་ཡིན་པར་ཡང་སྣང་ལ། གནས་སྐབས་ཐམས་ཅད་དུ་གཏོར་མ་དང་བཟླས་པ་ལ་བརྩོན་པར་བྱས་པས། ལུས་དང་གྲིབ་མ་བཞིན་དུ་འགྲོག་ཅིང་སྙིང་ཉེའོ། །སྒྲུབ་པ་པོས་ལས་ལ་སྦྱར་ན་ལས་ཚོགས་ཐམས་ཅད་བསྒྲུབ་སྟེ། ཞེས་གསུངས་སོ། །ཡང་འདིའི་ཡིག་རྙིང་ལས་འདི་ཡི་སྔགས་འདི་གསུངས་ནས། ཚར་གཅིག་བཟླས་ན་བདག་རང་ཉིད་བསྲུང་། ཚར་གཉིས་ཀྱིས་གཞན་བསྲུང་། ཚར་གསུམ་གྱིས་གྲོང་ཁྱེར་བསྲུང་། ཚར་བདུན་བརྗོད་པས་ཤེས་རབ་འཕེལ། བརྒྱ་རྩ་བརྗོད་པས་ཡུལ་ཁམས་བསྲུང་། སྟོང་གིས་ཡོན་བདག་སྲུང་བར་བྱེད། དེ་ནི་


CMR030_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བའི་མན་ངག་གོ །ཞེས་དང་། ཇག་པ་སྲུང་བའི་པང་འདི་ཉིད་ཁོ་ན་གསུངས་ནས། དེས་ནི་ཇག་པའི་འཇིགས་པ་དང་བྲལ། ལམ་བུ་མོ་སྔས་བསྟན་ཀྱང་དེ་ལྟར་ཤེས་པར་བྱ། རྟ་ཕྱུགས་ལ་སོགས་དེ་ལྟར་བྱ། འདི་ལ་ཐེ་ཚོམ་ཡང་དག་སྤང་བའོ། །ཇག་པ་སྲུང་བ་རྫོགས་སོ་ཞེས་པ་དང་། འདི་ཡི་རྟེན་སྦ་ཐབས་ལས། །དེས་སྲིས་སྨེ་བ་དང་། དཀོར་ནོར་འཕེལ་ཞིང་འཁོར་དང་བཅས་པ་སྲུང་བ་དང་། ཚེ་རིང་བ་དང་བསོད་ནམས་དང་གྲགས་པ་འཕེལ་བ་དང་། ཀུན་གྱི་གཙུག་གི་ནོར་བུར་འགྱུར་རོ། །ཞེས་དང་། དེས་ས་རྣམས་གཡོ་བ་དང་། ནོར་འཕེལ་བ་དང་། ཚེ་རིང་བ་དང་། འགྲོ་བ་ཐམས་ཅད་ནོར་བུ་ལྟར་འགྱུར་རོ། །ཞེས་དང་། དེ་ལྟར་བྱས་ན་ཚོགས་ཀྱི་དངོས་གྲུབ་འདུ་བར་འོང་། ཟས་ཐམས་ཅད་བདུད་རྩིར་འགྱུར། ཟས་རྒྱུན་མི་འཆད་ལ་ནོར་དཔག་ཏུ་མེད་པར་འབྱུང་། ལོ་ལེགས་པ་དང་དགོས་འདོད་ཐམས་ཅད་འབྱུང་། བསོད་སྐྱེ་ནམས་ཆེ་བ། སྒྲུབ་པོ་ཚེ་རིང་བ་དང་། བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་འདི་ཡི་ཕན་ཡོན་ནི་དུས་གསུམ་གྱི་སངས་རྒྱས་ཀྱིས་གསུངས་སོ། །མགོན་དཀར་ཡབ་ཡུམ་གྱི་ལོ་


CMR030_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་བཀོད་པ་ལ་ཉེས་འགལ་གང་མཆིས་ཆོས་སྐྱོང་ཉིད་ལ་བཤགས་ཤིང་། དགེ་བས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་གཉེན་པའི་རྒྱུར་གྱུར་ཅིག །ཅེས་ཨ་རཱ་གས་ཤིང་ཕོ་རྟ་ལོ་ནག་ཟླ་བའི་ཉེར་བདུན་འཇིགས་སྐྲག་ཆེན་པོའི་དུས་ཤིག་རྟེན་འབྲེལ་གྱིས་བྲིས་སོ། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམགོན་དཀར་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་ལོ་རྒྱུས་ཕན་ཡོན་དང་བཅས་པ་དངོས་གྲུབ་གཏེར་མཛོད།next