Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
 
  
  
  
  
  
  
  
དཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་མཆོད་ཕྲེང་།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousདཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་མཆོད་ཕྲེང་།next

དཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་མཆོད་ཕྲེང་།


CMR030_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་མཆོད་ཕྲེང་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR030_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤྲཱི་ཙཀྲ་སམ་བྷ་ར་ཡེ། བླ་མ་དང་འཁོར་ལོ་སྡོམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་གང་གིས་དཔལ་ལྡན་དུར་ཁྲོད་ཀྱི་བདག་པོ་མཆོད་པར་འདོད་པས། དེ་ཉིད་ཀྱི་དབང་ཐོབ་ཅིང་ཡི་དམ་གྱི་བསྙེན་པ་ཐེམ་པ་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས་བྷནྡྷ་ལ་སོགས་པའི་སྣོད་དུ་ཡབ་ཡུམ་གྱི་གཏོར་མ་ལུག་དང་རི་བོང་གཡག་རྒོད་ཀྱི་ཤས་བརྒྱན་ཅིང་། ཆངས་བུ་བདུན་གྱིས་བསྐོར་བ་དང་དར་དཀར་པོའི་ཕོད་དང་བཅས་པ་བཤམས། ནང་མཆོད་ཀྱིས་བྲན། རང་ཉིད་བདེ་མཆོག་ལ་སོགས་པ་ཡི་དམ་གྱི་བདག་བསྐྱེད་ལེགས་པར་བྱས་ལ། མདུན་གྱི་རྟེན་ལ་དམིགས་ནས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ཧཱུྃ་ལས་ཨེ་ཆད་པ་ལས་ཆོས་ཀྱི་འབྱུང་


CMR030_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དེའི་དབུས་སུ་ཡཾ་ལས་རླུང་གི་དལ། ར་ལས་རཀྟའི་རྒྱ་མཚོ། སུཾ་ལས་ཞིང་ཆེན་གྱི་ས་གཞི། ཀེང་ལས་ཀེང་རུས་ཀྱི་རི་རབ། རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་ཐོད་མཁར་གྱི་གཞལ་ཡས་ཁང་། མི་མགོ་སྐམ་པོ་ལས་གྲུབ་པའི་ར་བ་གྲུ་བཞི་པ། མི་རུས་ཀྱི་རྐང་དང་རྩིབ་རུས་སྣ་ཚོགས་ཀྱི་སྟེང་ཐོག་ཕུབ་པ། ཐོད་སྐམ་གྱི་མདའ་ཡབ་དང་སྤུ་ཤུས་བརྒྱན་པ། རྒྱུ་རློན་གྱི་དྲྭ་བ་དང་དྲ་ཕྱེད་འཕྱང་བ། འོག་ཏུ་ཤ་ཁྲག་སྣ་ཚོགས་གཅལ་དུ་བཀྲམ་པ། དེའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མ། ཨ་ལས་ཟླ་བའི་དལ་གྱི་སྟེང་


CMR030_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དུ། ཧཱུྃ་དང་ཨོཾ་ལས་དུང་དང་མགྲོན་བུ་ཧཱུྃ་དང་ཨོཾ་གིས་མཚན་པ་ལས་འོད་ཟེར་འཕྲོས། ཚུར་འདུས་ཡོངས་སུ་གྱུར་པ་ལས་དཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་གཉིས་སྐུ་མདོག་དཀར་ཞིང་འོད་ཟེར་འཕྲོ་བ་ཀེང་རུས་ཤིན་ཏུ་བརྗིད་པའི་གཟུགས་ཅན། ཞལ་གཅིག་ཕྱག་གཉིས་པ། སྤྱན་བསྒྲད་པ། ཞལ་གདངས་ཤིང་ལྗགས་འདྲིལ་བ། མཆེ་བ་གཙིགས་པ། ཕྱག་གཡས་ཐོད་སྐམ་གྱི་དབྱུག་པ་ནམ་མཁར་ཕྱར་ཞིང་གཡོན་པས་ཐོད་པ་ཁྲག་གིས་བཀང་བ་ཞལ་དུ་གསོལ་བ། རིན་པོ་ཆེའི་དབུ་རྒྱན་དང་སྙན་ཆས་བརྒྱན་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། ཞབས་གཡས་བསྐུམས་པའི་སོར་མོ་གཡོན་པའི་བླ་ལ་བརྟེན་ནས་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཡབ་ཡུམ་དེ་གཉིས་ཀྱི་འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྲོ་མོ་དཔག་ཏུ་མེད་པས་བསྐོར་བར་གྱུར། དེ་གཉིས་ཀྱི་དཔྲལ་བར་ཨོ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་ནས་དཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་འཁོར་རྡོ་རྗེ་ངན་ནེ་མ་ལ་སོགས་པ་འཇིག་རྟེན་དང་


CMR030_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་འདས་པའི་མཁའ་འགྲོ་མ་དཔག་ཏུ་མེད་པ་འཁོར་དང་བཅས་པས་བསྐོར་བ་བཛྲ་ས་མཱ་ཛཿ དེ་ནས་ཏིང་ངེ་འཛིན་གསལ་ཞིང་སྤོས་དཀར་རོལ་མོ་དང་བཅས་པས་སྤྱན་དྲངས་པའོ། །ཧཱུྃ། དཔལ་ལྡན་མཐུ་སྟོབས་དབང་ཕྱུག་ཆེ། །ཕྲིན་ལས་རྣམ་བཞིའི་དོན་མཛད་པ། །དད་ལྡན་དམ་ཚིག་ཆེན་པོའི་གནས། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ང་ཁྲོད་ཆེན་པོའི་གནས་མཆོག་ནས། །ཆོས་སྐྱོང་ཡབ་ཡུམ་གཤེགས་སུ་གསོལ། །ཀེང་རུས་ཐོད་པའི་གུར་ཁང་ནས། །ཆོས་སྐྱོང་ཡབ་ཡུམ་གཤེགས་སུ་གསོལ། །རཀྟའི་རྦ་ཀློང་ད་ལ་ནས། །ཆོས་སྐྱོང་ཡབ་ཡུམ་གཤེགས་སུ་གསོལ། །མི་རོ་བསྣོལ་བའི་གདན་སྟེང་ནས། །ཆོས་སྐྱོང་ཡབ་ཡུམ་གཤེགས་སུ་གསོལ། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དུར་ཁྲོད་བདག་པོ་ངེ་ནེ་མ། །བཀའ་ཡི་ལས་མཁན་གཤེགས་སུ་གསོལ། །ཧེ་རུ་ཀ་ཡི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །དམ་ཚིག་ཚུལ་བཞིན་དྲན་མཛོད་ལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འཁོར་ནི་དུར་ཁྲོད་ཤ་


CMR030_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཟའི་ཚོགས། །སྤྲུལ་པ་ཡང་སྤྲུལ་ཕོ་ཉ་དང་། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །བྲི་ཤ་མ་ཤ་ན་ཨ་དྷི་པ་ཏ་ཡེ་ཨེ་ཧྱ་ཧི་ས་མཱ་ཡ་ཛ། ཛཿཧཱུྃ་བཾ་ཧོཿ བཞུགས་གསོལ་གདན་བཞུགས་ནི། ཧཱུྃ། དུར་ཁྲོད་ཆེན་པོའི་གནས་མཆོག་འདིར། །ཀེང་རུས་ཐོད་པའི་གུར་ཁང་དུ། །རཀྟའི་རྦ་ཀློང་ད་ལ་ནས། །མི་རོ་བསྣོལ་བའི་གདན་སྟེང་དུ། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །དམ་ཚིག་དབང་གིས་བརྟན་པར་བཞུགས། །བྲི་ཤ་མ་ཤ་ན་ཨ་དྷི་པ་ཏ་ཡེ་ས་མ་ཡ་ཧཱུྃ། སླར་ཡང་ཧཱུྃ་གི་འོད་ཟེར་གྱིས། །དབང་ལྷ་རིགས་ལྔ་སྤྱན་དྲངས་ནས། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་སྤྱི་བོར་འཁྱིལ་བ་ལ། །བདེ་མཆོག་ལྷན་སྐྱེས་དབུ་བརྒྱན་གྱུར། །མཆོད་འབུལ་གྱི་རིམ་པ་ནི། ཧཱུྃ། དཔལ་ལྡན་དུར་ཁྲོད་བདག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །ཡབ་ཡུམ་འཁོར་དང་བཅས་པ་ལ། །མཆོད་པའི་ཁྱད་པར་འབུལ་བ་ནི། །དམར་ཆེན་ཨགྷོ་རྒྱ་མཚོ་དང་། །དུར་ཁྲོད་ཚིལ་ཆེན་བདུག་སྤོས་དང་། །དྲི་ལྡན་མཛེས་པའི་མེ་ཏོག་དང་། །ཞུ་ཆེན་འབར་བའི་སྣང་གསལ་དང་། །ཁྲག་ཆེན་དྲི་ཡི་མཆོད་པ་དང་། །འབྲུ་མཆོག་འབར་བའི་དཔལ་


CMR030_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བཤོས་དང་། །སྙན་པའི་རོལ་མོ་སྣ་ཚོགས་སྒྲ། །དཔལ་ལྡན་ཡབ་ཡུམ་རྣམས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཤི་ཤ་མ་ཤ་ན་ཨ་དྷི་པ་ཏ་ཡེ་ཨནྡྷུ་སོགས་ཀྱིས་མཆོད། ཨོཾ་སྟོང་པ་ཉིད་དུ་གྱུར། ཨཱཐོད་པ་ཡངས་ཤིང་རྒྱ་ཆེ་བ། ཧཱུྃ་དགྲ་བགེགས་ཀྱི་ཤ་ཁྲག་དང་ཤ་ལྔ་བདུད་རྩི་ལྔ། ཧོཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུ་མཚོ་ཆེན་པོར་གྱུར། ལྗགས་རྡོ་རྗེ་སྦུ་གུས་གཏོར་མ་དྲངས་ཤིང་གསོལ་བར་གྱུར། ཨོཾ་གྷི་རཱ་ཛ་གྷི་རཱཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ། བྲི་ཤ་མ་ཤ་ནཨ་དྷི་པ་ཏ་མ་ཧཱ་པི་ཤ་ཙི་བྷ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོ་རཱ་ལི་པྲ་མ་ཡ་ཛཿ ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་མམ་ལྔ་བདུན་འབུལ། ཨོཾ་ཤྲཱི་རཱ་ཛ་སོགས། ཨོཾ་ཨཱཿཧཱུྃ། ནང་མཆོད་འབུལ། དམ་བཞག་ལས་བཅོལ་ལོ། །ཨོཾ་བཛྲ་ས་མ་ཡ་སྟི་ས་མ་ཡ་ཧོཿ དཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་འཁོར་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ་དཔལ་ལྡན་བླ་མ་དམ་པ་རྣམས་དང་། འཁོར་ལོ་སྡོམ་པའི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཚེ་


CMR030_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ཞིང་ལོངས་སྤྱོད་འཕེལ་བ་དང་། ཁྱད་པར་དུ་བདག་ཅག་ལ་སྡང་བའི་དགྲ་ཇག་ཆོམ་རྐུན་གཅན་གཟན་ཐམས་ཅད་འཆིང་བའི་ཕྲིན་ལས་མཛད་དུ་གསོལ། ཧཱུྃ། དཔལ་ལྡན་དུར་ཁྲོད་བདག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །གཡས་ན་ཐོད་དབྱུག་འབར་བ་བསྣམས། །སྡང་བ་དགྲ་ཡི་ཀླད་པ་འགེམ། །ཙིཏྟ་ཕྱུངས་ནས་ཞལ་དུ་གསོལ། །གཡོན་ན་བྷནྡྷ་ཁྲག་བསྐང་བསྣམས། །དགྲ་དང་བགེགས་ཀྱི་སྙིང་ཁྲག་འཐུང་། །ཀེང་རུས་མཆེ་བ་གཙིགས་པ་ཡིས། །དུག་གསུམ་རྩད་ནས་གཅོད་པར་བྱེད། །དབུ་ལ་རིན་ཆེན་སྲོག་ཞུ་གསོལ། །དངོས་གྲུབ་ཀུན་གྱི་གཏེར་དང་ལྡན། །མི་མགོ་ལྔ་བཅུས་དོ་ཤལ་བྱས། །དུས་གསུམ་སངས་རྒྱས་མཆོད་པ་ཡིན། །རིན་ཆེན་སྣ་ཚོགས་རྒྱན་དང་ལྡན། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །སྐུ་ལ་འཁྲིལ་བའི་ཡུམ་ཆེན་ནི། །དཔལ་ལྡན་དུར་ཁྲོད་བདག་མོ་སྟེ། །ཨེ་ཀ་པ་ར་མཐུ་མོ་ཆེ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །གཡས་པས་ཐོད་དབྱུག་གཡོན་ཐོད་ཁྲག །ཀེང་རུས་གར་བྱེད་མཆེ་བ་གཙིགས། །བརྐྱང་བསྐུམ་གར་གྱིས་གདུག་པ་འདུལ། །འཇིགས་སུ་རུང་བའི་ཡབ་ཡུམ་


CMR030_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །ཐམས་ཅད་མ་ལུས་སྐྲག་པར་བྱེད། །དགྲ་རྣམས་འཇོམས་ལ་ཕྱག་འཚལ་བསྟོད། །མཐུན་རྐྱེན་བསྒྲུབ་ཅིང་ནག་པོ་ཆེ། །འགལ་རྐྱེན་རྡུལ་དུ་རླག་བྱེད་ཅིང་། །སངས་རྒྱས་བསྟན་པ་སྲུང་བྱེད་ཅིང་། །མི་མཐུན་བཟློག་ལ་ཕྱག་འཚལ་བསྟོད། ། ཧཱུྃ། རྒྱལ་བའི་ཐུགས་རྗེའི་ཕྲིན་ལས་སྐུ། །མ་ལུས་གདུག་པ་འདུལ་བའི་ཕྱིར། །འཇིགས་པའི་སྐུར་སྟོན་འདོད་ཡོན་སྟེར། །དུར་ཁྲོད་གནས་ཀྱི་བདག་པོར་བསྟོད། །རྣམ་དཀར་ཀེང་རུས་དག་པའི་གཟུགས། །ཕྲིན་ལས་རྣམ་བཞི་ཐོག་མེད་པར། །གང་ལ་ཅི་འདོད་དངོས་གྲུབ་ཀུན། །ཉེ་བར་སྩོལ་མཛད་ཁྱོད་ལ་བསྟོད། །ཡང་དག་ལམ་ལ་ཉེར་གནས་ཏེ། །ལུས་ཅན་བདེ་ལ་འགོད་མཛད་ཅིང་། །སྲིད་པའི་འཆིང་བ་ཀུན་ལས་སྐྱོབས། །ཕན་བདེ་ཀུན་སྩོལ་ཁྱོད་ལ་བསྟོད། །གང་གིས་ཁྱོད་མཆོད་ཁྱོད་བསྒྲུབས་ན། །དམ་བཅོས་ཇི་བཞིན་ཉེར་དགོངས་ཏེ། །ཇི་ལྟར་གསོལ་བ་བཏབ་པ་བཞིན། །བདག་ལ་དངོས་གྲུབ་མ་ལུས་སྩོལ། །མཆོད་སྦྱིན་གཏོར་མ་རྒྱ་མཚོ་དང་། །དངོས་གྲུབ་ཀུན་འབྱུང་དམ་རྫས་ཀྱིས། །དཔལ་ལྡན་བསྟན་སྲུང་འཁོར་བཅས་མཆོད། །ཕྲིན་ལས་


CMR030_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གང་བཅོལ་འགྲུབ་པར་མཛོད། ། ཧཱུྃ། མ་མོ་ནག་མོ་མཐུ་རྩལ་ཅན། །མུ་སྟེགས་ལྷ་མོ་རྫུ་འཕྲུལ་བདག །ནོར་སྲང་གཅིག་གི་རྗེས་གཅོད་མ། །ནས་བྲེ་གང་གི་ཕྱི་འབྲང་མ། །དཀོར་བདག་ཆེན་མོ་མཆོད་ཅིང་བསྟོད། །དཔལ་ལྡན་དུར་ཁྲོད་བདག་པོའི་གསོལ་ཁ་ཡིན། ཧཱུྃ། དཔལ་ལྡན་དུར་ཁྲོད་བདག་པོ་ཆེ། །དཔལ་ལྡན་དུར་ཁྲོད་བདག་མོ་དང་། །སྤྲུལ་པ་འབུམ་སྡེར་བཅས་པ་ལ། །མཆོད་པའི་བྱེ་བྲག་འབུལ་བ་ནི། །དུར་ཁྲོད་འབར་བའི་གནས་མཆོག་འདིར། །རཀྟའི་རྦ་ཀློང་འཁྱིལ་བའི་དབུས། །ཀེང་རུས་ཐོད་པའི་གཞལ་ཡས་སུ། །མི་རོ་བསྣོལ་བའི་གདན་བཤམས་པ། །བཞུགས་པའི་གནས་སུ་མཆོད་པ་འབུལ། །གསོལ་ལོ་མཆོད་དོ་དགྱེས་པར་མཛོད། །ཕྱི་རྟེན་ནང་རྟེན་གསང་བའི་རྟེན། །འདོད་དགུ་འབྱུང་བར་བྱིན་གྱིས་རློབས། །ཆགས་པའི་རྟེན་དུ་མཆོད་པ་འབུལ། །གསོལ་ལོ་མཆོད་དོ་དགྱེས་པར་མཛོད། །ཤིན་ཏུ་མཉེས་པའི་དམ་རྫས་དང་། །ཤ་ལྔ་བདུད་རྩི་ཨ་མྲྀ་ཏ། །ཤ་ཁྲག་ཆང་དང་སྣ་ཚོགས་ཟས། །རོ་བཅུད་ལྡན་པའི་བཟའ་བཏུང་ཚོགས། །ཚིམ་པར་བྱེད་པའི་མཆོད་པ་འབུལ། །གསོལ་ལོ་མཆོད་དོ་དགྱེས་


CMR030_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །ཤ་ཁྲག་གཏོར་མ་རི་རབ་ཙམ། །རཀྟའི་རྒྱ་མཚོ་འཁྱིལ་བ་དང་། །དམ་རྫས་ཆེན་པོའི་མཆོད་མཆོག་འདི། །དམ་ཚིག་རྗེ་ས་སུ་མཆོད་པ་འབུལ། །གསོལ་ལོ་མཆོད་དོ་དགྱེས་པར་མཛོད། །རིན་ཆེན་སྣ་ལྔ་འབྲུ་སྨན་དང་། །སྟག་གཟིག་ལ་སོགས་གཅན་གཟན་ཚོགས། །བཞེད་པའི་དཀོར་དུ་མཆོད་པ་འབུལ། །གསོལ་ལོ་མཆོད་དོ་དགྱེས་པར་མཛོད། །དཀར་གསུམ་མངར་གསུམ་གཙང་མའི་ཟས། །ཤ་ཁྲག་རྐང་ཚིལ་དཔའ་བོའི་ཟས། །སྦྱར་སྤོས་སྣ་ཚོགས་ཞིམ་པའི་རོ། །འབྲས་ཆང་རྒུན་ཆང་མྱོས་བྱེད་བཅུད། །ཁུར་བ་ལ་སོགས་ཟས་ཚོགས་རྣམས། །སྤྱན་གཟིགས་རྟེན་དུ་མཆོད་པ་འབུལ། །གསོལ་ལོ་མཆོད་དོ་དགྱེས་པར་མཛོད། །སྔར་བྱས་ལས་ཀྱི་གཏང་རག་དང་། །ཕྱི་བྱེད་ལས་ཀྱི་ཞུ་སྐྱེམས་དང་། །ད་ལྟའི་གཉེར་ཟས་འདི་བཞེས་ལ། །དགྲ་དང་ཇག་པ་ཆོམ་རྐུན་རྣམས། །མྱུར་དུ་ཆིངས་ལ་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་བསྐང་བ་བྱེད་ན། བསྐང་རྫས་ཕུན་སུམ་ཚོགས་པར་ཡིད་ཀྱིས་དམིགས་ལ། ཧཱུྃ། དཔལ་ལྡན་དུར་ཁྲོད་བདག་པོ་ཁྱོད། །སྔོན་ཚེ་


CMR030_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་སྤྱན་སྔ་རུ། །གདུག་པ་འདུལ་མཛད་བཅོམ་ལྡན་འདས། །ཧེ་རུ་ཀ་དཔལ་བདག་ཉིད་ཆེ། །སྙིགས་མ་ལྔ་པོ་དར་བའི་དུས། །ལུས་ཀྱི་གདུག་པ་ཀུན་འཁྲུགས་ནས། །ས་བདག་ཀླུ་ཡི་ནད་རྣམས་དར། །མ་མོ་མཁའ་འགྲོ་ཀུན་ནས་འཁྲུགས་པའི་ཚེ། །མི་རྣམས་བསོད་ནམས་ལོངས་སྤྱོད་ཆུང་བ་ཡིས། །བསགས་པའི་ནོར་རྣམས་རང་གིས་སྤྱད་དབང་མེད། །ཕ་དང་བུ་འབྲལ་ནོར་དང་ལོངས་སྤྱོད་ཉམས། །དེ་དུས་བཅོམ་ལྡན་བསྟན་པ་ནི། །དཔའ་བོ་བདག་གིས་བསྲུང་བར་བགྱི། །ཞེས་པའི་ཁས་བླངས་དམ་བཅས་ནས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལེགས་སོ་དུར་ཁྲོད་བདག་པོ་ཁྱོད། །སྲོག་གི་སྙིང་པོ་བདག་ལ་ཕུལ། །ཅེས་གསུངས་དུར་ཁྲོད་བདག་པོ་ཡིས། །སྲོག་གི་སྙིང་པོ་ཕུལ་ནས་ནི། །ཇི་ལྟར་ཁས་བླངས་དམ་བཅས་པ། །དམ་ལས་མ་འདའ་ད་ཚུར་བྱོན། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །བཞུགས་པའི་གནས་དང་མཆོད་པའི་རྫས། །ཆགས་པའི་རྟེན་དང་མྱོས་པའི་རྫས། །དམ་ཚིག་རྫ་ས་མཆོག་མྱོས་པའི་དཀོར། །སྣ་ཚོགས་སྤྱན་གཟིགས་མཆོད་པ་འདིས། །དུར་ཁྲོད་བདག་


CMR030_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཐུགས་དམ་བསྐང་། །དུར་ཁྲོད་བདག་མོའི་ཐུགས་དམ་བསྐང་། །འཁོར་གྱི་ཤ་ཟའི་ཐུགས་དམ་བསྐང་། །དབུགས་ལེན་ཤན་པའི་ཐུགས་དམ་བསྐང་། །སྐུ་ཡི་སྤྲུལ་པས་ནམ་མཁའ་གང་། །སྤྲུལ་པ་འབུམ་སྡེའི་ཐུགས་དམ་བསྐང་། །ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར། །སྟོང་ཕྲག་བརྒྱད་ཅུ་ཁྱོད་ཀྱི་འཁོར། འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཉམས་ཆག་ཐམས་ཅད་བཤགས་ཤིང་བསྐང་། །སྐུ་ཡི་དམ་ཚིག་ཉམས་པ་བཤགས། །གསུང་གི་དམ་ཚིག་ཉམས་པ་བཤགས། །ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །རྩ་བའི་དམ་ཚིག་ཉམས་པ་བཤགས། །ཡན་ལག་དམ་ཚིག་ཉམས་པ་བཤགས། །བཟའ་བའི་དམ་ཚིག་ཉམས་པ་བཤགས། །སྲུང་བའི་དམ་ཚིག་ཉམས་པ་བཤགས། །མཆོད་པའི་དམ་ཚིག་ཉམས་པ་བཤགས། །བཟོད་པར་བཞེས་ལ་དངོས་གྲུབ་སྩོལ། །ཅེས་མན་ངག་ལྟར་ཡིག་བརྒྱ་བཟླ། དེ་ནས་ཐུན་གཏོར་ལ་བཀུག་གཞུག་བྱས་ལ། རྒྱས་པར་རྒྱུད་ནས་གསུངས་པའི་བསྟོད་བསྐུལ་རྣམས་བྱ། བསྟོད་བསྐུལ་ནི། ཧཱུྃ། དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །ཀེང་


CMR030_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རུས་ཐོད་པའི་སྐུ་མཁར་ནས། །རཀྟའི་དྲ་ཀློང་ད་ལ་ནས། །མི་རོ་བསྣོལ་བའི་གདན་སྟེང་དུ། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །གཏི་མུག་སྤང་ཕྱིར་ཀེང་རུས་སྐུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །ཞེ་སྡང་འཇོམས་ཕྱིར་ཐོད་དབྱུག་ཕྱིར། །འདོད་ཆགས་སྐེམ་ཕྱིར་ཐོད་ཁྲག་འཐུང་། །གཡས་པའི་ཐོད་དབྱུག་འབར་བ་ཡིས། །དམ་ཉམས་དགྲ་བོའི་ཀླད་པ་བཅོམ། །གཡོན་པས་ཐོད་པ་ཁྲག་བཀང་གིས། །དགྲ་དང་བགེགས་ཀྱི་སྙིང་ཁྲག་འཐུང་། །འབར་བའི་ཀེང་རུས་མཆེ་བ་གཙིགས། །དུག་གསུམ་རྩད་ནས་གཅོད་པར་བྱེད། །དབུ་ལ་རིན་ཆེན་སྲོག་ཞུ་གསོལ། །དངོས་གྲུབ་ཀུན་གྱི་གཏེར་དང་ལྡན། །མི་མགོ་ལྔ་བཅུས་དོ་ཤལ་བྱས། །དུས་གསུམ་སངས་རྒྱས་མཆོད་པ་ཡིན། །སྐུ་ལ་རིན་ཆེན་སྣ་ཚོགས་བརྒྱན། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །གཉིས་མེད་ཤེས་རབ་ཡུམ་ཆེན་མོ། །རྒྱན་དང་ཆ་ལུགས་ཡབ་དང་མཐུན། །འཇིགས་སུ་རུང་བའི་ཡབ་ཡུམ་སྐུ། །བསྐྱང་བརྐུམ་གར་གྱིས་གདུག་པ་འདུལ། །སྒེག་མོ་སྒྲོག་ཅིང་འདོར་སྟབས་ཚུལ། །གདུག་པའི་དགྲ་བགེགས་ཚར་གཅོད་ཅིང་། །དམ་ཚིག་ཅན་ལ་དངོས་གྲུབ་


CMR030_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྟེར། །ཤེས་རབ་འཕེལ་བའི་དབང་ཕྱུག་སྟེ། །རིག་སྔགས་ཟློག་པའི་མཐུ་བོ་ཆེ། །རང་རྟགས་སྲོག་སྙིང་སྒྲ་སྒྲོགས་པ། །དཔལ་ལྡན་ཡབ་ཡུམ་ཐུགས་རྗེ་ཅན། །ཁྱེད་ཀྱི་སྤྲུལ་པས་གར་ཡང་ཁྱབ། །རྩ་གསུམ་ལྷ་གནས་མན་ཆད་ནས། །ན་རག་དམྱལ་ཁམས་ཡན་ཆད་དུ། །སྤྲུལ་པ་བྱེ་བ་དཔག་མེད་འགྱེད། །ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར། །སྟོང་ཕྲག་བརྒྱད་ཅུ་ཁྱོད་ཀྱི་བྲན། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི། །ཁྲོས་རྔམས་བསླབས་ཀྱིས་བཞེས་སུ་གསོལ། །དགྲ་བགེགས་འདུལ་ཕྱིར་་མཐུ་མ་ཆུང་། །རྣལ་འབྱོར་སྐྱོང་ཕྱིར་ཐུགས་མ་རིང་། །གདུག་པ་འདུལ་ཕྱིར་བང་མ་ཞེན། །འབོད་པའི་ཕྱིར་ན་སྙན་མ་སྲ། །གཡབ་པའི་ཚེ་ན་སྤྱན་མ་རྟུལ། །རྦད་པའི་ཚེ་ན་མཐུ་མ་ཆུང་། །བསྐུལ་བའི་ཚེ་ན་ལས་མ་འགྱང་། །དགྲ་བགེགས་སྟེང་དུ་རྩལ་མ་ཞན། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །བསྲུང་བའི་འཁོར་ལོ་སྐྱབས་མ་ཆུང་། །འགྲོ་བ་སྲུངས་ཤིག་ཐུགས་རྗེ་ཅན། །བདག་གིས་མཆོད་ཅིང་བསྟོད་པའི་ཚེ། །ནོར་ཕྱུགས་རྐང་བཞི་སྐྱོང་ཞིང་སྤེལ། །དཀོར་ཁང་སྲུངས་ཤིག་བར་ཆད་སོལ། །


CMR030_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་བདག་སྲུང་ཞིང་སྐྱབས་པ་དང་། །རྣལ་འབྱོར་བསམ་པ་བསྒྲུབ་པ་དང་། །ཆོས་སྐྱོང་ཐུགས་དམ་བསྐང་བ་དང་། །བསོད་ནམས་རྒྱ་ཆེན་བསྐྱེད་པ་དང་། །སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། །བཀའ་ཡི་གཏོར་མ་འདི་ལོངས་ལ། །ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད། །བསྡུ་ན། ཧཱུྃ། རབ་འཇིགས་དུར་ཁྲོད་ཀུན་གྱི་བདག་མོ་སྟེ། །ཁྱད་པར་སོ་ས་གླིང་གི་ཞིང་སྐྱོང་བ། །ཀེང་རུས་ཆེན་པོ་གར་བྱེད་མཆེ་བ་གཙིགས། །རང་འདྲའི་ཡབ་བཅས་ཁྲོ་བོ་ཁྲོ་མོའི་ཚོགས། །རབ་གཏུམ་དབྱུག་ཐོ་ཕྱར་ཞིང་ཐོད་ཁྲག་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་ལེགས་པར་བརྒྱན། །ཤ་ཟ་ཕོ་མོའི་ཁྲོམ་གྱིས་ལེགས་པར་བསྐོར། །མཚན་བཞིན་དུར་ཁྲོད་ཉུལ་ལ་ཕྱག་འཚལ་བསྟོད། །དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ། །གནོད་བྱེད་བསྟན་དགྲ་ཐལ་བར་བརླག་པ་དང་། །དགྲ་རྐུན་ཇག་གསུམ་འཆིང་བའི་ཕྲིན་ལས་མཛོད། །ཅེས་བསྐུལ་ལོ། །ཞེས་གསོལ་ཁ་བསྐང་བ་གཉིས་པོ་བསྐང་གསོ་ཆེན་པོ་ནས་བཅོས་བསླད་མེད་པར་ཀརྨ་ཨ་རཱ་གས་བསྒྲིགས་ནས་ཁྱེར་བདེ་བར་བཀོད་པའོ། །མངྒ་ལཾ།། །།


previousདཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་མཆོད་ཕྲེང་།next