Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འ་འུར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གནམ་ཆོས་ཀྱི་ལྷན་ཐབས་གསང་བ་ཡང་སྙིང་གི་འཁོར་ལོའི་རྒྱུད་ནས་བསྒྲིགས་པ་མགོན་དཀར་ཡབ་ཡུམ་གྱི་བསྟོད་བསྐུལ།
  
  
  
  
  
  
 
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of འ་འུར་
[Clear Hits]

 
previousགནམ་ཆོས་ཀྱི་ལྷན་ཐབས་གསང་བ་ཡང་སྙིང་གི་འཁོར་ལོའི་རྒྱུད་ནས་བསྒྲིགས་པ་མགོན་དཀར་ཡབ་ཡུམ་གྱི་བསྟོད་བསྐུལ།next

གནམ་ཆོས་ཀྱི་ལྷན་ཐབས་གསང་བ་ཡང་སྙིང་གི་འཁོར་ལོའི་རྒྱུད་ནས་བསྒྲིགས་པ་མགོན་དཀར་ཡབ་ཡུམ་གྱི་བསྟོད་བསྐུལ།


CMR030_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཀྱི་ལྷན་ཐབས་གསང་བ་ཡང་སྙིང་གི་འཁོར་ལོའི་རྒྱུད་ནས་བསྒྲིགས་པ་མགོན་དཀར་ཡབ་ཡུམ་གྱི་བསྟོད་བསྐུལ་བཞུགས་སོ༔


CMR030_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མདུན་དུ་དུར་ཁྲོད་བདག་ཀེང་རུས་ལུས་ཅན་ཞལ་གཅིག་པ༔ ཕྱག་གཉིས་ཐོད་དབྱུག་བྷནྡྷ་འཛིན༔ དེ་ཡི་གཡོན་དུ་དུར་ཁྲོད་ཀྱི་བདག་མོ་ཀེང་རུས་ལུས་ཅན་མ༔ ཞལ་གཅིག་ཕྱག་གཉིས་ཐོད་དབྱུག་བྷན༔ ཞབས་གཉིས་གར་སྟབས་འཇིགས་པའི་གཟུགས༔ རང་རང་གནས་ནས་སྤྱན་དྲངས་གྱུར༔ ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་མཆོག་ནས་ཀེང་རུས་ཐོད་པའི་སྐུ་མཁར་ནས༔ རཀྟའི་རྦ་ཀློང་ད་ལ་ནས༔ དུར་ཁྲོད་བདག་པོ་ཡབ་དང་ཡུམ༔ བོས་པའི་ཚེ་ན་སྙན་མ་སྲ༔ གཡབ་པའི་ཚེ་ན་སྤྱན་མ་རྟུལ༔ ཐུགས་དམ་


CMR030_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་གཤེགས་སུ་གསོལ༔ མི་རོ་བསྣོལ་བའི་གདན་ལ་བཞུགས༔ དགྲ་བགེགས་འདུལ་ཕྱིར་མཐུ་མ་ཆུང༔ རྣལ་འབྱོར་སྐྱོང་ཕྱིར་ཐུགས་མ་རིང་༔ གདུག་པ་འདུལ་ཕྱིར་བང་མ་ཞན༔ སྲུང་བའི་འཁོར་ལོ་སྐྱབས་མ་ཆུང་༔ འགྲོ་བ་སྲུངས་ཤིག་ཐུགས་རྗེ་ཅན༔ བདག་གིས་མཆོད་ཅིང་བསྟོད་པའི་ཚེ་དཀོར་ཁང་སྲུང་ཞིང་བར་ཆད་སོལ༔ ཡོན་བདག་སྲུངས་ཤིང་སྐྱབས་པ་དང་༔ རྣལ་འབྱོར་བསམ་པ་བསྒྲུབ་པ་དང་༔ ཆོས་སྐྱོང་ཐུགས་དམ་བསྐང་བ་དང་༔ བསོད་ནམས་རྒྱ་ཆེན་བསྐྱེད་པ་དང་༔ སངས་རྒྱས་བསྟན་པ་བསྲུང་བའི་


CMR030_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད༔ ཨོ་གྷི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ༔ ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱི༔ སརྦ་པུ་ཙ་ཧོཿ ཧཱུྃ༔ དཔལ་ལྡན་དུར་ཁྲོད་བདག་པོ་ནི༔ གཏི་མུག་སྤང་ཕྱིར་ཀེང་རུའི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ ཞེ་སྡང་འཇོམས་ཕྱིར་ཐོད་དབྱུག་ཕྱར༔ འདོད་ཆགས་སྐེམ་ཕྱིར་ཐོད་ཁྲག་འཐུང་༔ གཡས་པས་ཐོད་དབྱུག་འབར་བ་ཡིས༔ དམ་ཉམས་དགྲ་བོའི་ཀླད་པ་བཅོམ༔ གཡོན་པས་ཐོད་པ་ཁྲག་བཀང་གིས༔ དགྲ་དང་བགེགས་ཀྱི་སྙིང་ཁྲག་འཐུང་༔ འབར་བའི་ཀེང་རུས་མཆེ་བ་གཙིགས༔ དུག་གསུམ་རྩད་ནས་གཅོད་པར་བྱེད༔ དབུ་ལ་རིན་ཆེན་པྲོག་ཞུ་གསོལ༔ དངོས་གྲུབ་ཀུན་གྱི་གཏེར་དང་ལྡན༔ མི་མགོ་ལྔ་བཅུས་དོ་ཤལ་བྱས༔ དུས་གསུམ་སངས་རྒྱས་མཆོད་པ་ཡིན༔ སྐུ་ལ་རིན་ཆེན་སྣ་ཚོགས་བརྒྱན༔ སྒྲུབ་པ་པོ་ལ་དངོས་གྲུབ་སྟེར༔ གཉིས་མེད་ཤེས་རབ་ཡུམ་ཆེན་མོ༔ རྒྱན་དང་ཆ་ལུགས་ཡབ་དང་མཐུན༔ འཇིགས་སུ་རུང་བའི་ཡབ་ཡུམ་སྐུ༔ བརྐྱང་བསྐུམ་གར་གྱིས་གདུག་པ་འདུལ༔ གད་མོ་སྒྲོག་ཅིང་འདོར་ཐབས་


CMR030_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ༔ གདུག་པའི་དགྲ་བགེགས་ཚར་གཅོད་ཅིང་༔ དམ་ཚིག་ཅན་ལ་དངོས་གྲུབ་སྟེར༔ ཤེས་རབ་འཕེལ་བའི་དབང་ཕྱུག་སྟེ༔ རིག་སྔགས་ཟློག་པའི་མཐུ་ཟབོ་ཆེ༔ རང་རྟགས་སྲོག་སྙིང་སྒྲ་སྒྲོག་ཅིང་༔ དཔལ་ལྡན་ཡབ་ཡུམ་མཐུ་སྟོབས་ཅན༔ ཁྱེད་ཀྱི་སྤྲུལ་པས་གར་ཡང་ཁྱབ༔ རྩ་གསུམ་ལྷ་གནས་མན་ཆད་ནས༔ ན་རཀ་དམྱལ་ཁམས་ཡན་ཆད་དུ༔ སྤྲུལ་པ་བྱེ་བ་བསམ་ཡས་འགྱེད༔ ལྷ་སྲིན་སྡེ་བརྒྱད་ཁྱེད་ཀྱི་འཁོར༔ སྟོང་ཕྲག་བརྒྱད་ཅུ་ཁྱོད་ཀྱི་བྲན༔ འདིར་གཤེགས་བརྒྱན་པའི་གཏོར་མ་འདི༔ ཁྲོ་རྔམ་སྟབས་ཀྱིས་བཞེས་སུ་གསོལ༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ ཀེང་རུས་གཟུགས་ཅན་ཁྲོ་བོ་ཡི༔ ཕྱག་གཡས་ཐོད་དབྱུག་གཡོན་ཞགས་པ༔ བསྣམས་ཤིང་ཤིན་ཏུ་འཇིགས་པ་ཡི༔ ཆ་བྱད་ཅན་གྱི་སྟོང་གསུམ་གང་༔ ཐམས་ཅད་ཟིལ་གྱིས་གནོན་བྱེད་ཅིང་༔ དགྲ་ཇག་ཆོམ་རྐུན་གཅན་སྤྱང་གི༔ དབང་པོ་ཡན་ལག་བཅིངས་བར་མཛོད༔ བཀྲ་ཤིས་འདོད་དགུའི་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོ་གྷི་རཱ་ཛ་བྷི་རཱ་ཛ་ཀུ་མ་ཀུ་མ་ཊུ་ཐིས་མ་ཧྭ་ཐ་ནུ་དགྲ་རྐུན་ཇག་གསུམ་བྷན་དྷ་


CMR030_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བྷན་དྷ་སྭཱ་ཧཱ། ཞེས་གནམ་ཆོས་ཀྱི་ལྷན་ཐབས་སུ་རྒྱུད་ནས་གསུངས་པའི་བསྟོད་བསྐུལ་གྱི་རིག་བསྒྲིགས་པ་ཡིན་པས་རྒྱུད་ཚིག་བྱིན་རླབས་ཆེ་སྟེ༔ ནུབ་གཅིག་སྤྲུལ་སྐུས་རྐུན་ཆིང་གཅིག་དགོས་སོ་གསུངས་པ་རྨིས་པ་ལ་བརྟེན་ནས་བསྒྲིགས་པའོ༔ ཞེས་སྔགས་འཆང་རཱ་ག་ཨ་སྱས་བྲིས་པའོ༔ ༧ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ཀྱི་ལྷན་ཐབས་གསང་བ་ཡང་སྙིང་གི་འཁོར་ལོའི་རྒྱུད་ནས་བསྒྲིགས་པ་མགོན་དཀར་ཡབ་ཡུམ་གྱི་བསྟོད་བསྐུལ།next