Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དུར་ཁྲོད་བདག་པོའི་མངའ་གསོལ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousདུར་ཁྲོད་བདག་པོའི་མངའ་གསོལ།next

དུར་ཁྲོད་བདག་པོའི་མངའ་གསོལ།


CMR030_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་བདག་པོའི་མངའ་གསོལ་ནི། ཧཱུྃ། རབ་འཇིགས་དུར་ཁྲོད་ཆེན་པོ་ཐམས་ཅད་ནས། །དུར་ཁྲོད་བདག་པོ་ཡབ་ཡུམ་འཁོར་དང་བཅས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས་སུ་གསོལ། །བྷ་ལིང་ཞིབ་དམར་སྤོས་སྤྲིན་རྒྱ་མཚོས་མཆོད། །པདྨ་བཛྲ་དཔལ་གྱི་རྡོ་རྗེ་དང་། །པཎ་ཆེན་རཱ་ཧུ་སྒེག་པའི་རྡོ་རྗེ་སོགས། །བརྒྱུད་པའི་བླ་མ་རྣམས་ཀྱིས་བཀའ་བསྒོས་ཕྱིར། །སློབ་དཔོན་རྒྱུད་ཀྱི་སྲུང་མར་མངའ་གསོལ་ལོ། །རིགས་ཀུན་གཙོ་བོ་ཁྱབ་བདག་རྡོ་རྗེ་འཆང་། །ཐུགས་རྗེ་དྲག་པོ་ཁྲོས་པ་འཁོར་ལོ་སྡོམ། །དེ་དང་ཡེ་ཤེས་དབྱེར་མེད་རོ་གཅིག་ཕྱིར། །ཡེ་ཤེས་མགོན་དཀར་ཡབ་ཡུམ་མངའ་གསོལ་ལོ། །བཅོམ་ལྡན་ཧེ་རུ་ཀ་དཔལ་ཡབ་ཡུམ་གྱིས། །དབང་བསྐུར་དམ་བཞག་གསང་བའི་གཉེར་གཏད་ཅིང་། །རྒྱལ་བའི་བསྟན་པ་བསྲུང་བར་དམ་བཅས་ཕྱིར། །དམ་ཚིག་མགོན་དཀར་ཡབ་ཡུམ་མངའ་གསོལ་ལོ། །སྔོན་ཚེ་རང་གི་ཕ་མ་ཤ་ཁྲག་གིས། ལེགས་པར་གསོས་ཤིང་སྨོན་ལམ་བཏབ་པ་ཡིས། །ལས་ཀྱི་མཐུ་ལ་ཡབ་ཡུམ་གཉིས་འཁྲུངས་ཤིང་། །ལས་ཀྱི་མགོན་དཀར་ཡབ་ཡུམ་མངའ་གསོལ་ལོ། །འོག་མིན་


CMR030_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་གོ་སྲིད་པའི་དུར་ཁྲོད་དང་། །རྟག་པར་རྒྱུན་གྱི་དུར་ཁྲོད་ཆེན་པོ་བརྒྱད། །མ་ངེས་རེས་འགའ་དུར་ཁྲོད་ཀུན་གྱི་བདག །དེ་ཕྱིར་དུར་ཁྲོད་བདག་པོ་མངའ་གསོལ་ལོ། །འཇིག་རྟེན་ཁམས་ཀྱི་ལྷ་སྲིན་སྡེ་བརྒྱད་དང་། །སྟོང་ཕྲག་བརྒྱད་ཅུའི་གདོན་ཚོགས་ཐམས་ཅད་ཀྱིས། །མངའ་བདག་གཙོ་བོ་ཆེན་པོ་ཁྱོད་ལགས་ཕྱིར། །འཇིག་རྟེན་མགོན་དཀར་ཡབ་ཡུམ་མངའ་གསོལ་ལོ། །མ་འོངས་སྙིགས་མ་ལྔ་བརྒྱའི་ཐ་མ་ལ། །ལོངས་སྤྱོད་ཉམས་དང་སྤྱོད་དབང་མེད་པ་ལ། །འཇིགས་པ་སྲུང་བར་ཁྱོད་ཀྱིས་དམ་བཅས་ཕྱིར། །སྙིགས་དུས་འཇིགས་པའི་སྐྱབས་སུ་མངའ་གསོལ་ལོ། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ལྟར། །འབྲུ་དང་རྐང་འགྲོས་ཟས་ཚོགས་འཕེལ་བ་དང་། །ཚེ་དང་བསོད་ནམས་གྲགས་པ་རྒྱས་མཛད་ཕྱིར། །ཚོགས་བདག་ལྷ་ཡི་མཆོག་ཏུ་མངའ་གསོལ་ལོ། །དེ་ལྟར་གསོལ་དང་མཆོད་པའི་བྱིན་རླབས་ཀྱིས། །ཧོར་སོགས་ཕ་རོལ་དམག་དཔུང་བཟློག་པ་དང་། །དགྲ་དང་ཇག་པ་ཆོམ་རྐུན་འཆིང་བ་སོགས། །བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། ༈ གསོལ་ལོ་མཆོད་དོ། །དཔལ་དུར་ཁྲོད་ཀྱི་བདག་པོ་དུར་ཁྲོད་ཀྱི་


CMR030_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མོ། སྤྲུལ་པ་འབུམ་སྡེ། འཁོར་ཚོགས་སྟོང་ཕྲག་བརྒྱད་ཅུ་འཁོར་དང་བཅས་པ་ལ། མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། སྡོད་པའི་གནས་མར་སྲུངས། མཁོ་བའི་ཡོ་བྱད་སྲུངས། འཁོར་དང་རྟ་ཕྱུགས་སྲུངས། དགྲ་ཇག་ཆོམ་རྐུན་གྱི་གནོད་པ་སྲུངས། བཅོལ་བའི་ཕྲིན་ལས་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །ཅེས་རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ། དགེའོ།། །།


previousདུར་ཁྲོད་བདག་པོའི་མངའ་གསོལ།next