Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འ་འུར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
རྣམ་སྲས་དམར་པོའི་མངའ་གསོལ།
  
  
  
  
  
  
  
  
  
  
  
  


2 occurrences of འ་འུར་
[Clear Hits]

 
previousརྣམ་སྲས་དམར་པོའི་མངའ་གསོལ།next

རྣམ་སྲས་དམར་པོའི་མངའ་གསོལ།


CMR030_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྲས་དམར་པོའི་མངའ་གསོལ་བཞུགས། བཻ། རི་རབ་བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས། །རིན་ཆེན་སྣ་བདུན་བརྩེགས་པའི་གཞལ་ཡས་ན། །ཆོས་ཀྱི་སྲུང་མ་མགོན་པོ་རྣམ་ཐོས་སྲས། །འཁོར་བཅས་འདིར་གཤེགས་མངའ་གསོལ་མཆོད་པ་བཞེས། །ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫ་ས་རྟགས་བརྒྱད་དང་རིན་ཆེན་བདུན། །མཆོད་པའི་ལྷ་མོ་རིག་མ་བཅུ་དྲུག་དང་། །སྨན་གཏོར་རཀྟའི་མཆོད་པས་མངའ་གསོལ་ལོ། །རྟ་སྔོན་གསེར་གྱི་ཁྲབ་རྨོག་གདུགས་དང་བེར། །སྐུ་གཟུགས་མདའ་དར་གསེར་གཡུ་མན་ཤེལ་དང་། །གྲི་སྙིང་སྲོག་འཁོར་མདུང་དམར་རིན་ཆེན་འབྲུ། །དངོས་འབྱོར་ཡིད་སྤྲུལ་མཆོད་པས་མངའ་གསོལ་ལོ། །དཀར་གསུམ་མངར་གསུམ་ཞུན་མར་ཇ་ཆང་ཕུད། །དར་ཟབ་སྤྱན་གཟིགས་སྣ་ཚོགས་ཟས་ཀྱི་ཕུད། །སྤོས་དཀར་དྲི་བཟང་ཞུན་མར་དུད་སྤྲིན་གྱིས། །རྣམ་སྲས་འཁོར་བཅས་མཆོད་ཅིང་མངའ་གསོལ་ལོ། །འདས་པའི་སངས་རྒྱས་བཅོམ་ལྡན་རིན་ཆེན་མང་། །མ་འོངས་དུས་ན་བདེ་གཤེགས་རིན་ཆེན་གདུགས། །རྣམ་སྣང་ཐུགས་སྤྲུལ་དོན་ལ་སངས་རྒྱས་པ། །བསླུ་མེད་རྟེན་


CMR030_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བསྐྱབ་ཏུ་མངའ་གསོལ་ལོ། །ས་བཅུའི་དབང་ཕྱུག་སེམས་དཔའ་རིན་ཆེན་མང་། །འཇིག་རྟེན་སྐྱོང་བའི་ཚུལ་བཟུང་རྣམ་ཐོས་སྲས། །འགྲོ་བའི་མགོན་གྱུར་འགྲོ་ལ་བུ་ལྟར་སྐྱོང་། །རྣལ་འབྱོར་བདག་གི་མགོན་དུ་མངའ་གསོལ་ལོ། །རྡོ་རྗེ་འཆང་དང་ཤཱཀྱའི་རྒྱལ་པོ་ཡིས། །དབང་བསྐུར་དམ་བཞག་བསྟན་པའི་གཉེར་གཏད་པའི། །ཆོས་ཀྱི་སྲུང་མ་མགོན་པོ་རྣམ་ཐོས་སྲས། །རྣལ་འབྱོར་བདག་གི་སྲུང་མར་མངའ་གསོལ་ལོ། །ལྷ་མིའི་རྒུད་པ་སེལ་བར་དམ་བཅས་ཕྱིར། །ཐུབ་བསྟན་གཙུག་ལག་དགེ་འདུན་ཐམས་ཅད་ཀྱི། །སྦྱིན་བདག་དཀོར་གྱི་མཛོད་འཆང་རྣམ་ཐོས་སྲས། །བདག་གི་དཀོར་བདག་མཆོག་ཏུ་མངའ་གསོལ་ལོ། །ཡབ་ནི་ལྷ་ཆེན་ཡུམ་ནི་ལྷ་མོ་དཔལ། །སྲས་མཆོག་ལྔ་བརྒྱ་བཙུན་མོ་ལྔ་བརྒྱ་དང་། །ཛཾ་ལྷ་རིགས་ལྔ་མཆོག་གྱུར་གར་མཁན་མཆོག །ཡབ་ཡུམ་སྲས་དང་བཅས་ལ་མངའ་གསོལ་ལོ། །གནོད་སྦྱིན་ཕོ་བརྒྱད་མོ་བརྒྱད་ཀླུ་ཆེན་བརྒྱུད། །གནོད་སྦྱིན་སྡེ་དཔོན་ཆེན་པོ་ཉི་ཤུ་བརྒྱད། །རྒྱལ་པོ་དམག་དཔོན་ཆོས་སྤྱན་སོ་གཉིས་སོགས། །བཀའ་ཡི་བློན་པོར་བཅས་ལ་མངའ་གསོལ་ལོ། །ལྗོངས་ཆེན་གནས་པའི་གནོད་


CMR030_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་བཅུ་དྲུག་དང་། །ཡུལ་འཁོར་སྐྱོང་བ་ལྔ་བརྒྱ་སྲིན་མོ་བརྒྱད། །འཕྲོག་མ་བུར་བཅས་གནོད་སྦྱིན་བྱེ་བ་འབུམ། །འཁོར་གྱི་ཚོགས་དང་བཅས་ལ་མངའ་གསོལ་ལོ། །རྣལ་འབྱོར་བདག་དང་བརྒྱུད་པར་བཅས་པ་ཡི། །ཚེ་དང་བསོད་ནམས་ལོངས་སྤྱོད་མངའ་ཐང་བཅས། །དར་ཞིང་རྒྱས་པའི་གཉེར་ཁ་ཁྱོད་ལ་གཏད། །མ་གཡེལ་ལས་མཛོད་རྒྱལ་ཆེན་རྣམ་ཐོས་སྲས། །སྔོན་གྱི་ཐུགས་བསྐྱེད་དམ་ཚིག་རྗེས་དགོངས་ལ། །ཚེ་དང་བསོད་ནམས་ལོངས་སྤྱོད་སྙན་དང་གྲགས། །ཡར་ངོའི་ཟླ་བཞིན་འཕེལ་བའི་ཕྲིན་ལས་མཛོད། །མཆོད་པ་འཐོར་ཞིང་། གསོལ་ལོ་མཆོད་དོ་གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ཡབ་ལྷ་ཆེན་དབང་ཕྱུག་ཆེན་པོ།། ཡུམ་མ་གཅིག་དཔལ་གྱི་ལྷ་མོ། སྲས་མཆོག་ལྔ་བརྒྱ། བཙུན་མོ་ལྔ་བརྒྱ། སྲས་ཛཾ་ལྷ་རིགས་ལྔ། སྲས་མཆོག་གར་མཁན་མཆོག །བློན་པོ་ཆེན་པོ་རྟ་བདག་ཡབ་ཡུམ་བརྒྱད། ཀླུ་ཆེན་པོ་བརྒྱད། སྡེ་དཔོན་ཉི་ཤུ་རྩ་བརྒྱད། དམག་དཔོན་ཆོས་སྤྱན་སོ་གཉིས། ལྗོངས་ཆེན་གནས་པ་བཅུ་དྲུག །ཡུལ་འཁོར་སྐྱོང་བ་ལྔ་བརྒྱ། སྲིན་མོ་ཆེན་པོ་བརྒྱད། འཕྲོག་མ་


CMR030_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མ་བུ་ལྔ་བརྒྱ། གནོད་སྦྱིན་བྱེ་བ་དྲུག་ཅུ་འཁོར་དང་བཅས་པ་ཁྱེད་རྣམས་ལ་གསོལ་ལོ་མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས། རྣལ་འབྱོར་པ་བདག་དང་བསྲུང་བྱ་རྣམས་ཀྱི་ཚེ་དང་བསོད་ནམས་སྤེལ་ཅིག །དཔལ་དང་གྲགས་པ་སྒྲུབས་ཤིག །མངའ་ཐང་དང་བསོད་ནམས་སྐྱེད་ཅིག །ཁམས་གསུམ་དབང་དུ་སྡུས་ཤིག །སྲིད་གསུམ་བྲན་དུ་ཁོལ་ཅིག །འདོད་དོན་སྣ་ཚོགས་ཀྱི་ཆར་ཕོབ་ཅིག །ཡིད་ལ་རེ་བ་ཐམས་ཅད་སྐོངས་ཤིག །བང་མཛོད་འབྲུའི་དངོས་གྲུབ་སྩོལ་ཅིག །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ་ཅིག །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ་ཅིག །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་ཅིག །དར་ཟབ་གོས་ཀྱི་དངོས་གྲུབ་སྩོལ་ཅིག །རིན་ཆེན་གསེར་གཡུའི་དངོས་གྲུབ་སྩོལ་ཅིག །བརྒྱུད་འཛིན་དར་ཞིང་རྒྱས་པའི་དངོས་གྲུབ་སྩོལ་ཅིག །ཡུལ་འཁོར་འབངས་ཀྱི་དངོས་གྲུབ་སྩོལ་ཅིག །གནས་གཞི་དགོན་གནས་ཀྱི་དངོས་གྲུབ་སྩོལ་ཅིག །རྟེན་གསུམ་ལྷ་ཆའི་དངོས་གྲུབ་སྩོལ་ཅིག །ཀྱེ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ཅི་རེ་ཁྱོད་ལ་རེའོ། །རྒྱལ་མཚན་དུ་ཁྱོད་ཕྱིར་རོ། །མགོན་དུ་ཁྱོད་བརྟེན་ནོ། །ལྷ་རུ་ཁྱོད་


CMR030_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་དོ། །དཔུང་དུ་ཁྱོད་ཁུར་རོ། །ར་མདར་ཁྱོད་སྦྱིན་ནོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མ་གཡེལ་ཅིག །གསུང་མ་གཡེལ་ཅིག །ཐུགས་མ་གཡེལ་ཅིག །ལེ་ལོ་སྙོམས་ལས་མ་མཛད་ཅིག །བཀའ་དང་དམ་ལས་མ་འདའ་བར། ད་ལྟ་ཉིད་དུ་ཕྲིན་ལས་རྒྱ་ཆེན་པོ་མཛོད་ཅིག །ཅེས་ལས་བྱང་ནས་མངའ་གསོལ་གྱི་ཚིག་ཟུར་དུ་ཕྱུང་བ་ལ་བརྟེན་ནས་བཅོ་ལྔའི་རྒྱལ་ཕུར་འཛོམ་དུས་སྔགས་འཆང་ཀརྨ་ཨ་རཱ་གས་ལེགས་པར་སྦྱར་བའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྣམ་སྲས་དམར་པོའི་མངའ་གསོལ།next