Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རྟ་ཕག་ཡིད་བཞིན་ནོར་བུ་ལས་གནོད་སྦྱིན་ཕག་གདོང་མཆེད་ལྔའི་ལས་བྱང་།
  
  
  
  
  
  
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousརྟ་ཕག་ཡིད་བཞིན་ནོར་བུ་ལས་གནོད་སྦྱིན་ཕག་གདོང་མཆེད་ལྔའི་ལས་བྱང་།next

རྟ་ཕག་ཡིད་བཞིན་ནོར་བུ་ལས་གནོད་སྦྱིན་ཕག་གདོང་མཆེད་ལྔའི་ལས་བྱང་།


CMR030_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ཕག་ཡིད་བཞིན་ནོར་བུ་ལས༔ གནོད་སྦྱིན་ཕག་གདོང་མཆེད་ལྔའི་ལས་བྱང་བཞུགས་སོ༔


CMR030_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རྒྱ་གྲི་ཝ་ཡེ༔ རྟ་མཆོག་ཡིད་བཞིན་ནོར་བུ་ལ༔ ཕྱག་འཚལ་བཀའ་གནང་བྱིན་གྱིས་རློབས༔ གནོད་སྦྱིན་ཕག་གདོང་སྒྲུབ་པའི་ཐབས༔ དཀྱིལ་འཁོར་རྫས་སོགས་མ་འཛོམས་ན༔ གཏོར་མ་ལ་བརྟེན་སྒྲུབ་པ་ནི༔ ཟངས་སོགས་རིན་ཆེན་སྣོད་ནང་དུ༔ ཟན་རིགས་གྲུ་བཞི་སྒྲོམ་བུའི་དབྱིབས༔ ནང་དུ་འབྲུ་སྣ་ཟས་ཕུད་བླུགས༔ དེ་སྟེང་ཟན་ལེབ་གྲུ་བཞི་དང་༔ ཟླུམ་པོ་ཟླ་གམ་གྲུ་གསུམ་བརྩེགས༔ དེ་ཡི་སྟེང་དུ་ཕྱོགས་བཞི་རུ༔ སྨན་ཏིང་སྟེང་དུ་ནོར་བུ་བཞག༔ ཕྱོགས་བཞི་དབུས་ལྔའི་མར་རྒྱན་ནི༔ རྡོ་རྗེ་རིན་ཆེན་པདྨ་དང་༔ རྒྱ་གྲམ་འཁོར་ལོའི་གཟུགས་སུ་བྱ༔ གཏོར་མ་དབང་རྫས་འབྲི་མོག་བྱུག༔ ཟུར་བཞིར་ཤ་ཕུད་གཙང་མས་བརྒྱན༔ ཐུད་དང་ཆུར་བ་ཟས་ཕུད་དང་༔


CMR030_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུམ་མམ་ཡང་ན་ཆང་ཕུད་བྲན༔ སྒྲུབ་རྫས་དཀྱིལ་འཁོར་མཆོད་པ་ཚང་༔ རྒྱུན་ཁྱེར་གཏོར་ཆོག་འདོན་པ་ལ༔ གཏོར་མ་ནོར་བུའི་དབྱིབས་འདྲས་ཆོག༔ བདག་ཉིད་མོས་པའི་ལྷར་གསལ་ཏེ༔ འདི་ལྟར་གྱེར་བསྒོམས་བྱས་པས་འཐུས༔ འགྲོ་ཀུན་བདེ་དང་ལྡན་གྱུར་ཅིག༔ སྡུག་བསྔལ་དག་དང་བྲལ་བར་ཤོག༔ བདེ་དང་རྟག་ཏུ་མི་འབྲལ་ཞིང་༔ ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག༔ འགྲོ་བའི་དབུལ་ཕོངས་བསལ་བ་དང་༔ བླ་མེད་བྱང་ཆུབ་ཐོབ་པའི་ཕྱིར༔ བདག་གིས་ལྷ་མོ་བསྒྲུབ་པར་བྱ༔ མདུན་དུ་བྷྱ་སེར་ཡོངས་གྱུར་ལས༔ རིན་ཆེན་ཁང་པ་ཤིན་ཏུ་མཛེས༔ འདོད་པའི་རྒྱལ་པོས་གང་བར་གྱུར༔


CMR030_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྟེང་ཨ་ལས་ཟླ་བའོ༔ དེ་ཡི་སྟེང་དུ་ཡི་གེ་བཾ༔ དམར་པོ་གུར་གུམ་ལྟ་བུའོ༔ དེ་ལས་གྱུར་པའི་གནོད་སྦྱིན་མོ༔ གསེར་གྱི་མདོག་འདྲ་གཡས་གྲི་གུག༔ གཡོན་པས་ཐོད་ཁྲག་ལེགས་བསྣམས་ཤིང་༔ ཁ་ཊཾ་ག་ལ་རབ་ཏུ་འཁྱུད༔ ཕག་གི་གདོང་ཅན་མུ་ཏིག་བརྒྱན༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས༔ རང་འདྲ་མཆེད་བཞི་དང་བཅས་གསལ༔ ཐུགས་ཀའི་ཛཾ་ཡིག་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ༔ མདུན་གྱི་ལྷ་ལ་ཐིམ་པར་གྱུར༔ ཧཱུྃ༔ བྱང་ཕྱོགས་རིན་ཆེན་བཀོད་པའི་ཞིང་སྟོབས་ཆེན་༧ གྱད་རྣམས་འདུ་བའི་གནས༔ རིན་ཆེན་བཀོད་པ་ཞེས་བྱའི་གླིང་༔ དེར་གནས་རིན་ཆེན་གཏེར་གྱི་བདག༔ གནོད་སྦྱིན་བུ་མོ་ཕག་གདོང་ཅན༔ མཆེད་ལྔ་དད་པས་སྤྱན་འདྲེན་ན༔ ད་ལྟ་ཉིད་དུ་འདིར་བྱོན་ཅིག༔ པཾ་ལས་གྱུར་པའི་སྒྲོམ་བུའི་ནང་༔ རིན་ཆེན་སྣ་ལྔས་ཁེངས་པའི་སྟེང་༔ པདྨ་ཟླ་བའི་གདན་ལ་བཞུགས༔ སྔོན་ཚེ་བཅོམ་ལྡན་ཤཱཀ་ཐུབ་ཀྱིས༔ སེམས་ཅན་དབུལ་དང་ཉོན་མོངས་པ༔ དམ་ཆོས་དྲན་ཀྱང་མཐུན་རྐྱེན་དཀོན༔ དེ་ལ་ལོངས་སྤྱོད་བྱིན་ཅིག་གསུངས༔ དེ་ཚེ་ཁྱེད་ལྔས་ཞལ་བཞེས་པ༔ ཆོས་ཀྱི་


CMR030_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་རྐྱེན་དཀོན་རྣམས་ལ་འདོད་པའི་ཡོན་ཏན་སྦྱིན་པར་བྱ༔ བྱམས་དང་སྙིང་རྗེ་ལྡན་པ་ལ༔ གསེར་དང་མུ་ཏིག་སྦྱིན་པར་བྱ༔ དགའ་བ་བཏང་སྙོམས། ལྡན་པ་ལ༔ དངུལ་དང་རིན་ཆེན་སྣ་ཚོགས་སྦྱིན༔ ཐུབ་པའི་རྗེས་སུ་འཇུག་རྣམས་ལ༔ འདོད་ཡོན་ཅི་འདོད་སྦྱིན་པར་བྱ༔ དེ་སྐད་དམ་བཅས་དྲན་མཛོད་ལ༔ བདག་གི་ལོངས་སྤྱོད་ཕུན་ཚོགས་མཛོད༔ ཨོཾ་བཛྲ་ཡཀཾ་དྷ་རི་ནི་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན༔ ས་མ་ཡ་ཧོ༔ ཧཱུྃ༔ གཏེར་བདག་གནོད་སྦྱིན་ཕག་གདོང་མ༔ འཇིག་རྟེན་སེམས་ཅན་གྲངས་འདས་པར༔ ཚེ་ཐུང་ནད་མང་དབུལ་ཕོངས་དང་༔ དམ་ཆོས་མཐུན་རྐྱེན་དཀོན་པ་རྣམས༔ སྐྱོབ་མཛད་མཆེད་ལྔར་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་རིན་ཆེན་ལྔ༔ གཏེར་སྒྲོམ་གསེར་དངུལ་བུམ་པ་དང་༔ བསེ་ཟངས་ར་ཡི་གའུ་དང་༔ གསེར་དང་ཙན་དན་བྱང་བུ་དང་༔ མཚལ་དཀར་དྲི་བཟང་ཙན་དན་དམར༔ འབྲུ་སྣ་ཟས་ཕུད་མཐུན་རྫས་འབུལ༔ ཧཱུྃ་ལས་རིན་ཆེན་སྣོད་ནང་དུ༔ གཏོར་མ་དཀར་གསུམ་ཤ་དང་


CMR030_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་༔ ཁཾ་ལས་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་པས༔ ཤིན་ཏུ་མདངས་ལྡན་ཁ་དོག་གསལ༔ གནོད་སྦྱིན་མོ་ཡིས་གསོལ་བར་གྱུར༔ གཏོར་མས་མཉེས་ནས་འདོད་པའི་དོན༔ ཆར་རྒྱུན་ལྟ་བུར་སྟེར་བར་གྱུར་ཨོ་ཨཱཧཱུྃ༔ བཛྲ་ཡཀཾ་དྷ་རི་ནི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱི༔ གསུམ་མམ་བདུན། ཨབྷཾ་སོགས། ཧཱུྃ༔ བྱང་ཆུབ་སེམས་མ་ཕག་གདོང་མ༔ ཡིད་བཞིན་ནོར་བུའི་ཕྲེང་བ་ལ༔ རང་འདྲ་མཆེད་བཞིས་བསྐོར་བ་མ༔ བྱང་གི་ཕྱོགས་ན་གནས་པ་མ༔ རིན་ཆེན་བཀོད་པའི་ཡུལ་བདག་ཟླུམ༔ རིན་ཆེན་གཏེར་ལ་མངའ་མཛད་མ༔ དམ་ཆོས་སྒྲུབ་པའི་སྦྱིན་བདག་མ༔ བྱང་སེམས་ལྡན་ལ་གསེར་སྦྱིན་མ༔ སྙིང་རྗེ་མུ་ཏིག་སྦྱིན་མཛད་མ༔ དགའ་བ་ལྡན་ལ་དངུལ་སྦྱིན་མ༔ བཏང་སྙོམས་རིན་ཆེན་ཀུན་སྦྱིན་མ༔ བཙུན་པར་ཅི་འདོད་ཀུན་སྦྱིན་མ༔ ལོ་ལེགས་འབྲུ་རྣམས་འཕེལ་མཛད་མི་ལུས་གསེར་དུ་བསྒྱུར་མཛད་མ༔ ཆུང་མ་ལྟ་བུར་གྲོགས་བྱེད་མ༔ གླིང་བཞིར་རྒྱལ་སྲིད་སྟེར་བྱེད་མ༔ འགྲོ་བའི་དབུལ་ཕོངས་སེལ་བྱེད་གསེར་མདོག་མུ་ཏིག་རྒྱན་ལྡན་མ༔ རབ་འཇིགས་ཕག་གི་ཞལ་མངའ་


CMR030_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

མ༔ རིན་ཆེན་སྣ་ཚོགས་རྒྱན་ལྡན་མ༔ གྲི་གུག་ཐོད་པའི་ཕྱག་མཚན་མ༔ ཁ་ཊཾ་ག་ལ་འཁྱུད་པ་མ༔ ཟླ་བའི་སྟེང་ན་གར་མཛད་མ༔ གཟི་བརྗིད་ཉི་མ་འབུམ་ལྡན་མ༔ མྱུར་མགྱོགས་གློག་དང་མཚུངས་པ་མ༔ དགོས་འདོད་ཆར་ལྟར་འབེབས་མཛད་མ༔ ནོར་བདག་ལྷ་མོ་མཆེད་ལྔ་ལ༔ རབ་ཏུ་གུས་པས་ཕྱག་འཚལ་བསྟོད༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ མི་ནད་ཡམས་ནད་ཞི་བ་དང་༔ སྐྲ་དཀར་གཉེར་མ་མེད་པ་རུ༔ ཚེ་ལོ་སྟོང་ཡང་ཐུབ་པར་མཛོད༔ གསེར་དངུལ་མུ་ཏིག་བྱི་རུ་གཡུ༔ བང་མཛོད་མྱུར་དུ་ཁེངས་པ་དང་༔ བསོད་ནམས་བསམ་མི་ཁྱབ་པ་དང་༔ འདོད་ཁམས་ལྷ་ཡི་དབང་པོ་དང་༔ མཉམ་པར་འགྱུར་བའི་ཕྲིན་ལས་མཛོད༔ འདོད་པ་ཐམས་ཅད་འགྲུབ་པ་དང་༔ ཡུལ་མི་ཐམས་ཅད་དད་ཅིང་བྱམས༔ གནོད་སྦྱིན་རྣམས་དང་ལྷ་མ་ཡིན༔ ནོར་གྱི་ཆར་པ་འབེབས་པར་མཛོད༔ སྒོ་ནོར་ཐམས་ཅད་ལེགས་སྐྱེས་ནས༔ འོ་མ་མེ་ཏོག་ལྟ་བུར་འབབ༔ ཤིན་ཏུ་མདངས་ལྡན་ཁ་དོག་མཚར༔ མི་དང་རྟ་ལ་གཡང་སྐྱེ་ཞིང་༔ འོད་མདངས་སྐར་མ་ལྟ་བུར་འཚེར༔ ལྷ་མི་གཉིས་ཀྱིས་བཀུར་བར་


CMR030_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད༔ རྟག་ཏུ་ལོ་ལེགས་འབྲུ་འཕེལ་ཞིང་༔ ཟས་ལ་ག་ཡང་ཆགས་ཟད་མེད་པར༔ འདོད་པའི་དོན་ཀུན་འགྲུབ་པར་མཛོད༔ བསྟན་དང་བདག་ལ་སྡང་བའི་དགྲ༔ འོན་ལོང་ལྐུགས་ཤིང་རེངས་བ་དང་མཛེ་ཡི་ནད་ཀྱིས་ཚར་གཅོད་མཛོད༔ དམ་བཅས་དམ་ཚིག་དྲན་མཛོད་ལ༔ བཅོལ་བའི་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་ཡཀཾ་དྷ་རི་ནི་ཧཱུྃ་ཛཿ རཏྣ་སིདྡྷི་སྭཱ་ཧཱ༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང་༔ བཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ཡི་ཐུགས་ཀའི་འོད་ཟེར་གྱིས༔ གཏེར་བདག་དབང་བའི་གནོད་སྦྱིན་རྣམས༔ བཀུག་སྟེ་ཁང་པ་དེ་ལ་བསྟིམ༔ ས་འོག་གཏེར་དང་འཕྲུལ་འཁོར་རྣམས༔ བར་ཆད་མེད་པར་སྟེར་བ་དང་༔ དགོས་འདོད་ཆར་ལྟར་འབེབས་པར་མཛོད༔ སྔགས་དེ་བརྒྱ་རྩ་ལ་སོགས་བཟླ༔ དེ་ནས་ལྷ་མོ་འོད་དུ་ཞུ༔ གཏེར་གྱི་ཕུང་པོའི་གནས་ཁང་བསྒོམ༔ བསྒྲུབ་པ་བྱ་ཚུལ་རྒྱུད་ལས་གསལ༔ འོན་ཀྱང་འདོན་ཆ་མི་གསལ་བས༔ བྲི་བར་རུང་ངམ་བརྟགས་པའི་ཚེ༔ ལྟས་བཟང་བྱུང་ཞིང་རྒྱུད་ལས་བསྡུས༔ རཱ་ག་ཨ་སྱས་སྨྲས་པ་ལྟར༔ ཉེ་གནས་ཀུན་དགས་ཡི་གེར་བཀོད༔ ཉེས་པ་མཆིས་བཤགས་དགེ་བ་དེས༔ ཆོས་མཐུན་གྲོགས་ལ་ཕན་པར་ཤོག༔ མངྒ་ལཾ།། །།


previousརྟ་ཕག་ཡིད་བཞིན་ནོར་བུ་ལས་གནོད་སྦྱིན་ཕག་གདོང་མཆེད་ལྔའི་ལས་བྱང་།next