Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་གཡུ་སྒྲོན་ནག་སྒྲུབ་ཀྱི་ལྷན་ཐབས།
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་གཡུ་སྒྲོན་ནག་སྒྲུབ་ཀྱི་ལྷན་ཐབས།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་གཡུ་སྒྲོན་ནག་སྒྲུབ་ཀྱི་ལྷན་ཐབས།


CMR030_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ གཡུ་སྒྲོན་ནག་སྒྲུབ་ཀྱི་ལྷན་ཐབས་སོ༔ མངྷ་ལཾ༔


CMR030_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དམར་གཏོར་བཀའ་སྲུང་སྤྱི་ལྟར་བྱས་ལ༔ བྷྱོ༔ སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ༔ དང་པོ་སྲིད་པ་ཆགས་བྱེད་པའི༔ ཨེ་ཀ་ཙ་ཏི་མཐུ་མོ་ཆེ༔ གཡུ་ཡི་རལ་པ་སྤྱི་བོར་བསྒྲེང་༔ མི་ནད་ཕྱུགས་ནད་ཐམས་ཅད་ནི༔ མིག་གཅིག་ཁྱོད་ཀྱི་མིག་ནས་བྱུང་༔ ཁྲག་གི་མཆི་མ་དགྲ་ལ་ཕོབ༔ ཁ་ཡི་དཀྱིལ་ནས་སོ་གཅིག་མ༔ དགྲ་སྙིང་ཇུར་མིད་ད་གྱིས་ཤིག༔ རྐང་གཅིག་བང་ནི་རླུང་བས་མགྱོགས༔ སྡང་བའི་དགྲ་ལ་ད་རྒྱུག་ཅིག༔ རེས་འགའ་སྤྲུལ་པ་མཛད་ཙམ་ན༔ མཐིང་ནག་གཡུ་རལ་སྤྲིན་ལྟར་གཏིབས༔ ཕྱག་གཡས་དགྲ་སྙིང་སྤར་གྱིས་འདེབས༔ གཡོན་


CMR030_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནད་ཀྱི་རྐྱལ་པ་བྱོས༔ ལྕགས་ཀྱི་སྤྱང་ཀི་ཆིབས་སུ་བཅིབས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ ནད་རིམས་དལ་ཁ་དགྲ་ལ་ཕོབ༔ བོད་སྐྱོང་ལྷན་ཅིག་སྐྱེས་མ་སྟེ༔ རྡོ་རྗེ་གཡུ་སྒྲོན་ཁྲོས་པའི་ཚེ༔ ཙཱ་རི་གཡུ་མཚོའི་འགྲམ་ནས་བཞེངས༔ ཤ་ཟ་ཌཱ་ཀི་ཟ་བྱེད་གདོང་༔ མགོ་དགུ་ཁ་གདངས་མཆེ་བ་གཙིགས༔ ཕྱག་བརྒྱད་གདུག་པའི་མཚོན་ཆ་ཕྱར༔ མིག་ནས་མེ་འབར་སྣ་ནས་རླུང་དམར་འཚུབ༔ ཁ་ནས་ཁྲག་གི་རྒྱ་མཚོ་འདེབས༔ བྷ་ག་ནམ་མཁའི་དབྱིངས་ནས་བསྒྲད༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་


CMR030_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བཅིབས༔ མཚན་མོ་སྟོང་གསུམ་ཁྱབ་པར་སྤྲུལ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་ལ་ཆོ་འཕྲུལ་ཐོངས༔ མཁའ་འགྲོའི་བཀའ་ཆེད་དགྲ་ལ་ཕོབ༔ ལྟས་ངན་བརྒྱད་ཅུའི་རྒྱལ་ཁ་ཕྱེས༔ བྷྱོ༔ སྲིད་པའི་མ་མོ་གཡུ་སྒྲོན་མ༔ ཤིན་ཏུ་དྲག་ཏུ་ཁྲོས་པའི་ཚེ༔ བདུད་མོ་ཁྲག་འཐུང་རེ་མ་ཏི༔ རེ་ལྡེ་མགོ་ཉག་བུ་མོ་སྟེ༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་བསྒྲད༔ ཁྲག་ཞག་དུར་ཁྲོད་ཆས་ཀྱིས་བརྒྱན༔ དབུ་ལ་ཟླ་ཚེས་རྨ་བྱའི་འཕྲུ༔ སྐུ་སྟོད་གླང་ཀོ་མི་ལྤགས་གྱོན༔ སྐུ་སྨད་རེ་ལྡེའི་ཤམ་ཐབས་ཟློབཅིངས༔ ཕྱག་གཡས་བདུད་ཀྱི་ཁྲམ་ཤིང་ཕྱར༔ བསྟན་དགྲ་དམ་ཉམས་ཁྲམ་ལ་ཐོབ༔ གཡོན་པས་བཙན་གྱི་ཤྭ་རྡེལ་ཐོགས༔ བཙན་གྱི་ཤོ་ཁ་དགྲ་ལ་ཕྱེས༔ ཆིབས་སུ་དྲེལ་ནག་རྐང་གསུམ་བཅིབས༔ རླུང་བས་མགྱོགས་པར་དགྲ་ལ་རྒྱུགས༔ སྔ་ཤ་མཚོན་གྱི་གྲུ་གུ་བཀལ༔ མཚོན་གྱི་ཆར་པ་དགྲ་ལ་ཕོབ༔ ཕྱི་ཤ་ནད་ཀྱི་རྐྱལ་བ་བཀལ༔ ནད་ཀྱི་ཐང་མ་དགྲ་ལ་བརྡོལ༔ ཁ་རླངས་ནད་སྤྲིན་སྔོ་དམར་འཐིབས༔ ནད་རིམས་རྐྱེན་ཁ་དགྲ་ལ་ཕོབ༔ ནག་མོ་འབུམ་གྱི་འཁོར་དང་བཅས༔ མི་རུངས་སྣ་ཚོགས་དགྲ་ལ་


CMR030_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཕོབ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རེས་འགའ་དྲག་ཏུ་བསྐུལ་ཙམ་ན༔ ལྷ་སྨན་གཡུ་སྒྲོན་སྐུ་མདོག་ནག༔ ཞལ་གསུམ་ཐམས་ཅད་ནག་པོ་སྟེ༔ ཕྱག་གཡས་རལ་གྲི་གཡོན་སྤུ་གྲི༔ རླུང་ནི་རྟ་རུ་ཞོན་ནས་རྒྱུགས༔ སྲིན་མོའི་ཆ་ལུགས་རྫོགས་པ་ལ༔ སྲིན་མོ་བདུད་མོའི་འཁོར་དང་བཅས༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ སྡང་བའི་དགྲ་ལ་ཆོ་འཕྲུལ་ཐོངས༔ ཐོག་དང་སེར་བ་གནམ་རྡོ་རྒྱོབས༔ སྟེང་ནས་རྡོ་རྡེལ་ཆར་དུ་ཕོབ༔ སྟེང་ནས་བྱ་ཐན་སྣ་ཚོགས་ཐོངས༔ གཅན་གཟན་རི་དྭགས་ཁྱིམ་དུ་རྒྱུགས༔ མེ་འབར་འོད་འཁྱིལ་རང་ཐག་བསྐོར༔ ཨ་ཙ་ར་དང་སྤྲེའུས་ཁྱིམ་ནང་ཁེངས༔ མིང་ནས་བོས་ལ་སྐྲ་ནས་འཐེན། མགོ་ནོན་སྔས་བསྒྱུར་ཐིབས་ཐིབས་ནོན༔ སྔགས་འཆང་བདག་གིས་བཏང་ངོ་གྱིས༔ ཁྱེར་བའི་རྟ་ཕྱུགས་ཀ་ཆ་ལ༔ མེ་འབར་མི་སྐད་སྨྲ་རུ་ཆུག༔ སྒོ་རྡུང་མེ་བུས་སྔངས་སྐྲག་ཐོངས༔ བརྒྱལ་ནད་སྨྱོ་འབོག་སྙིང་ལ་ཆུག༔ ང་ཡི་ཀ་ཆ་ཁྱེར་ལ་ཤོག༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཏྲིབཛྲ་ཏྲི་པྲ་མོ་


CMR030_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲིཿཧ་ཏྲི་རྒྱུག་རྒྱུག་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་པའམ་རྒྱས་པར་བྱེད་ན༔ བྷྱོ༔ ལྷ་སྨན་རྡོ་རྗེ་གཡུ་སྒྲོན་མ༔ བརྟན་མ་དམག་གི་རྒྱལ་མོ་སྟེ༔ སྡང་བའི་དགྲ་ལ་དམག་ལ་ཆོས་བརྟན་མ་བཅུ་གཉིས་འཁོར་དང་བཅས༔ སྲིད་པའི་སྨན་མོ་བྱེ་བ་འབུམ༔ དམག་གི་རུ་དར་ལྷབས་སེ་ལྷབ༔ མཚོན་གྱི་སྐར་མདའ་ཁྲུགས་སེ་ཁྱུག༔ འབོད་པའི་བཤུད་གླུ་ཙེ་རེ་རེ༔ ནད་ཀྱི་ན་བུན་ཐིབས་སེ་ཐིབ༔ བོང་བུ་དྲེལ་རྟ་ཤ་ཀྱང་བཅིབས༔ ཕྱག་གཡས་མདུང་དར་རལ་གྲི་ཕྱར༔ དམ་ཉམས་དགྲ་བོའི་སྐེ་ནས་ཆོད༔ ཕྱག་གཡོན་མི་ཐོད་ལྕང་ལོ་ཅན༔ ཁྲག་འཐུང་མ་མོས་དགྲ་ཁྲག་འཐུང་༔ བརྟན་མ་རྡོ་རྗེ་གཡུ་སྒྲོན་མའི༔ མིང་པོ་རྡོ་རྗེ་ཆུང་གྲགས་རྩལ༔ སྐྱེས་མཆོག་རྡོ་རྗེ་ལེགས་པ་རྩལ༔ སྐྱེས་མཆོག་རྡོ་རྗེ་གྲུབ་པ་རྩལ༔ སྐྱེས་མཆོག་རྡོ་རྗེ་བསམ་འགྲུབ་རྩལ༔ འཛིན་གིང་བཞི་བཅུ་རྩ་གཉིས་དང་༔ མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་༔ བཙན་འཁོར་སུམ་བརྒྱ་དྲུག་ཅུ་དང་༔ བཙན་རྒོད་དྲག་པོ་སྟོང་དང་བཅས༔ ཐེའུ་རང་སྟོང་སྡེ་གཡོག་དང་བཅས་སྡང་བའི་དགྲ་ལ་དམག་ལ་རྒྱུགས༔ ཀུན་ཀྱང་མི་བཀྲ་རྟ་བཀྲ་ལ༔ བ་དན་རུ་མཚོན་སྤྲིན་ལྟར་


CMR030_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

གཏིབས༔ སྐུ་ལ་བསེ་ཁྲབ་དུང་གི་ཁྲབ༔ སྟག་གཟིག་དོམ་གྱི་ཤམ་ཐབས་དང་༔ དབུ་ཡི་རྨོག་ཞུ་སྣ་ཚོགས་ལ༔ བྱ་ཕོད་ལྡེམ་དར་ཉི་ལྟར་ཤར༔ གཡས་ཀྱི་སྟག་རལ་ཁྲ་བོ་ལ༔ ལྷ་མདའ་ལེབ་མ་སྐར་ལྟར་འཁྲུགས༔ གཡོན་གྱི་གཟིག་ཤུབས་ཟངས་བཀྲ་ལ༔ ཤེས་རབ་གཞུ་མོ་གློག་ལྟར་འཁྱུགས༔ ཕྱག་གི་མཚོན་ཆ་སྣ་ཚོགས་ལ༔ གདུག་པའི་གློག་དམར་ཐོག་སེར་འཕྲོ༔ ཀུ་བསོ་ཆོ་སྒྲ་དི་རི་རི༔ སྣང་སྲིད་ལྷ་འདྲེའི་དམག་ཚོགས་རྣམས༔ བྷྱོ་བྷྱོ་དེ་ནི་དགྲ་ལ་བྱོ༔ རྒྱུག་རྒྱུག་དེ་ནི་དགྲ་ལ་རྒྱུགས༔ དུས་ངན་བསྐལ་པའི་སྙིགས་མ་ལ༔ ཡེ་ཤེས་ལྷ་ནི་འགྲུབ་ཐག་རིང་༔ ཁྱེད་རྣམས་འཇིག་རྟེན་མྱུར་མགྱོགས་ལྷ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྟགས་དང་མཚན་མ་ད་ལྟ་སྟོན༔ སྡང་བའི་དགྲ་བོ་ཆམ་ལ་ཕོབ༔ དམག་གི་རྒྱལ་མོ་གཡུ་སྒྲོན་མའི༔ དམག་དཔོན་དགྲ་འདུལ་དབང་ཕྱུག་ནི༔ མགོན་པོ་ཏ་ཀི་ནག་པོ་སྟེ༔ ལྕགས་ཀྱི་སྐྱེས་བུ་གདུག་པ་ཅན༔ འབྱུང་པོ་སེར་པོ་སྣ་ཡོན་པོ༔ དམག་དཔོན་སྡོང་ཆེན་བརྒྱད་ཀྱིས་བསྐོར༔ དམག་དཔོན་བརྒྱད་ཀྱི་བེང་ནང་ནས༔ ཤར་ཕྱོགས་ཙནྡན་བེང་ནང་ནས༔ དུང་ཁྲབ་


CMR030_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལ་འབུམ་ཕྲག་གཅིག༔ ལྷོ་ཕྱོགས་གསེར་གྱི་བེང་ནང་ནས༔ གསེར་ཁྲབ་ཅན་ལ་འབུམ་ཕྲག་གཅིག༔ ནུབ་ཕྱོགས་ཟངས་ཀྱི་བེང་ནང་ནས༔ ཟངས་ཁྲབ་ཅན་ལ་འབུམ་ཕྲག་གཅིག༔ བྱང་ཕྱོགས་ལྕགས་ཀྱི་བེང་ནང་ནས༔ ལྕགས་ཁྲབ་ཅན་ལ་འབུམ་ཕྲག་གཅིག༔ ཤར་ལྷོ་དངུལ་གྱི་བེང་ནང་ནས༔ དངུལ་ཁྲབ་ཅན་ལ་འབུམ་ཕྲག་གཅིག༔ ལྷོ་ནུབ་མཆོང་གི་བེང་ནང་ནས༔ མཆོང་ཁྲབ་ཅན་ལ་འབུམ་ཕྲག་གཅིག༔ ནུབ་བྱང་བྱི་རུའི་བེང་ནང་ནས༔ བསེ་ཁྲབ་ཅན་ལ་འབུམ་ཕྲག་གཅིག༔ བྱང་ཤར་གཡུ་ཡི་བེང་ནང་ནས༔ གཡུ་ཁྲབ་ཅན་ལ་འབུམ་ཕྲག་གཅིག༔ གོ་ཆ་སྲ་ལ་མཚོན་ཆ་རྣོ༔ ནམ་མཁའ་ཐམས་ཅད་དར་གྱིས་ཁེངས༔ བར་སྣང་ཐམས་ཅད་དམག་གིས་ཁེངས༔ སྡང་བའི་དགྲ་ལ་དམག་དཔུང་ཆོས༔ བསྟན་དང་བདག་ལ་སྡང་བའི་དགྲ༔ མ་ལུས་ཐམས་ཅད་རྡུལ་དུ་རློགས༔ ཏ་ཀི་ནག་པོ་མཐུ་མ་ཆུང་༔ ལྕགས་ཀྱི་སྐྱེས་བུ་རྩལ་མ་ཞེན༔ འབྱུང་པོ་སྣ་ཡོན་བང་མ་བུལ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་རིན་ཆེན་སྲུངས༔ དམ་ཚིག་ཅན་གྱི་བྱ་ར་གྱིས༔ སྡིག་ཅན་འདུལ་བའི་ཕྲིན་ལས་མཛོད༔


CMR030_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ བདག་ལ་བསྡོས་པའི་དགྲ་བོ་འདི༔ གཏད་དོ་གཉེར་རོ་མ་ཤོར་ཅིག༔ ནང་དམེ་ཕུངས་ཤིག་དུ་མ་ཐོངས༔ མི་རུངས་ལྟས་ངན་སྣ་ཚོགས་ཕོབ༔ ནད་མཚོན་མུ་གེའི་ཆར་པ་ཕོབ༔ དོན་སྙིང་བླ་ཚེ་སྲོག་དབུགས་ཟོ༔ ལོ་དང་ཟླ་བར་བཞག་ལུང་མེད༔ ཞག་དང་ཟ་མ་མ་འགོར་བར༔ ད་ལྟ་ཉིད་དུ་ལས་མཛོད་ཅིག༔ མ་ཧཱ་ཀཱ་ལ་ཏ་ཀི་རཱ་ཙ་བྷྱོ་བྷྱོ༔ བཛྲ་སཱ་དྷུ་ས་མ་ཡ་བྷྱོ༔ ཨཡམདུརུཙཤནབྷྱོ༔ དགྲ་བོ་མཱ་ར་ཡ་ཧུར་ཐུ་ཟད་ཡ༔ ཞེས་བརྗོད་ཅིང་གཏོར་མ་དགྲ་ཕྱོགས་སུ་འཕེན་པའམ༔ ཕྱོགས་སུ་ཕུལ༔ འདོན་ཆ་ལྟར་སྣང་སྲིད་ཀྱི་ལྷ་འདྲེའི་དམག་གིས༔ དགྲ་ཡུལ་དུ་ཕུང་བརླག་སྣ་ཚོགས་བརྡུང་བར་བསམ་མོ༔ ཞེས་པ་སྒྲོ་བྲག་བླ་མ་ཨོ་རྒྱན་རིག་འཛིན་གྱིས་བསྐུལ་བས༔ ཉེར་དགུ་མེ་གདོང་འཛོམ་པར་རྡོ་རྗེ་གཡུ་སྒྲོན་མའི་ཕོ་བྲང་གི་ཞོལ་དུ་བྲིས་ཏེ༔ བསྐུལ་པ་ཅིག་དགོས་པ་བྱུང་བ་དང་རྟེན་འབྲེལ་འཛོམས་པས༔ ༧ རཱ་ག་ཨ་སྱས་སོ། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་གཡུ་སྒྲོན་ནག་སྒྲུབ་ཀྱི་ལྷན་ཐབས།next