Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རྡོ་རྗེ་གཡུ་སྒྲོན་མའི་བསྐང་གསོལ་བསང་མཆོད་མངའ་གསོལ་སྦྲགས་མ།
  


4 occurrences of འཚེར་རྩུབ་
[Clear Hits]

 
previousརྡོ་རྗེ་གཡུ་སྒྲོན་མའི་བསྐང་གསོལ་བསང་མཆོད་མངའ་གསོལ་སྦྲགས་མ།next

རྡོ་རྗེ་གཡུ་སྒྲོན་མའི་བསྐང་གསོལ་བསང་མཆོད་མངའ་གསོལ་སྦྲགས་མ།


CMR030_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གཡུ་སྒྲོན་མའི་བསྐང་གསོལ། བསང་མཆོད་མངའ་གསོལ་སྦྲགས་མ་བཞུགས་སོ།།


CMR030_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀ་ཌཱ་ཀི་ནཱི་ཡེ། རྡོ་རྗེ་གཡུ་སྒྲོན་མ་ཡི་ནི། །བསྐང་གསོལ་བསང་མཆོད་མངའ་གསོལ་རྣམས། །སྦྲགས་མའི་རིམ་པ་འདི་ལྟར་ཏེ། །མཆོད་གཏོར་རྒྱས་བསྡུས་ཅི་འབྱོར་བཤམས། །རང་ཉིད་ཡི་དམ་ལྷར་གསལ་བས། །ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་མདུན་གྱི་གཞིར། །ཤེལ་གུར་དབུས་སུ་པད་ཟླའི་སྟེང་། །ཧཱིཝཡིག་དཀར་པོའི་འཕྲོ་འདུས་ལས། །ལྷ་སྨན་གཡུ་སྒྲོན་སྐུ་མདོག་དཀར། །ཤ་བ་ཡུ་མོ་ལ་ཆིབས་ནས། །ནེའུ་སེང་ནང་ནས་མེ་ཏོག་འཐུ། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །གཡས་པས་མདའ་དར་གཡོན་མེ་ལོང་། །བཤུད་གླུ་ཀྱུར་ཀྱུར་དགའ་བའི་ཚུལ། །


CMR030_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་བཞི་མཁའ་འགྲོ་དར་ཐོགས་བརྒྱད། །བརྟན་སྐྱོང་ཡ་མ་སྨན་ཕྲན་འབུམ། །དཀར་མོ་ཉེར་བཞི་ཁྱུང་དྲག་རྩལ། གཟུངས་བརྗོད་ཞེ་བརྒྱད་དམག་དཔོན་སོགས། །འཁོར་བཅས་ཁྲོམ་ཚོགས་ལྟ་བུར་གསལ། །གནས་གསུམ་འབྲུ་གསུམ་ས་བོན་ལས། །འོད་ཟེར་འཕྲོས་པས་སྤྱན་དྲངས་གྱུར། །བྷྱོ༔ ཀུན་ཏུ་བཟང་མོའི་ཐུགས་ཀྱི་ཆོ་འཕྲུལ་ལས། །ཡེ་ཤེས་མཁའ་འགྲོ་རྡོ་རྗེ་གཡུ་སྒྲོན་མ། །འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན། །བཞུགས་པའི་གནས་དང་མཛད་པ་བསམ་མི་ཁྱབ། །ལྷ་མོ་འཇིག་རྟེན་གསུམ་དབང་མཛེས་པ་


CMR030_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །ཚངས་རིགས་ལྷ་ཡི་གནས་ནས་གཤེགས་སུ་གསོལ། །བརྒྱ་བྱིན་སྲས་མོ་མེ་ཏོག་མནྡ་ར། །རི་རབ་རི་ཡི་རྩེ་ནས་གཤེགས་སུ་གསོལ། །ནམ་མཁའ་གཡུ་ཡི་ལྡིང་ཁང་ན་བཞུགས་ཚེ། །ཉི་འོད་འབར་བའི་སྨན་གཅིག་གཤེགས་སུ་གསོལ། །གཉན་ཆེན་ཐང་ལྷའི་བཙུན་མོ་མཛད་པའི་ཚེ། །གནམ་མཚོ་ཕྱུག་མོའི་ནང་ནས་གཤེགས་སུ་གསོལ། །རྡོ་རྗེ་ལེགས་པའི་དགྱེས་སྡེ་མཛད་པའི་ཚེ། །ཤ་མེད་གངས་དཀར་རྩེ་ནས་གཤེགས་སུ་གསོལ། །སྐྱེས་བུ་ལུང་བཙན་སྲིང་གཅིག་མཛད་ཙམ་ན། །སྨན་ལུང་གཡུ་མཚོའི་ནང་ནས་གཤེགས་སུ་གསོལ། །དབུས་གཙང་རུ་བཞིའི་སྲུང་མ་མཛད་པའི་ཚེ། །དབུས་རུ་སྙིང་ཚལ་གནས་ནས་གཤེགས་སུ་གསོལ། །རང་བྱུང་མཆོད་རྟེན་སྲུང་མ་མཛད་པའི་ཚེ། །ཙཱ་རི་གཡུ་མཚོའི་འགྲམ་ནས་གཤེགས་སུ་གསོལ། །བཀྲ་ཤིས་ལྗོངས་ཀྱི་སྲུང་མ་མཛད་པའི་ཚེ། །ཙཱ་རི་མཚོ་དཀར་གནས་ནས་གཤེགས་སུ་གསོལ། །ཙཱ་རི་ཏྲ་ཡི་ཞིང་སྐྱོང་མཛད་པའི་ཚེ། །གཅིག་ཆར་རྡོ་ཡི་ཕུག་ནས་གཤེགས་སུ་གསོལ། །འབྲས་མོ་ལྗོངས་ཀྱི་སྒོ་སྲུང་མཛད་པའི་ཚེ། །ཕོ་བྲང་སྨྱུག་རིའི་རྩེ་ནས་གཤེགས་སུ་གསོལ། །རྒྱ་གར་ཡུལ་གྱི་སྲུང་


CMR030_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཛད་པའི་ཚེ། །གསེར་མཚོ་དངུལ་མཚོའི་གནས་ནས་གཤེགས་སུ་གསོལ། །གསང་སྔགས་རྒྱུད་ཀྱི་སྲུང་མ་མཛད་པའི་ཚེ། །ཨོ་རྒྱན་མཁའ་འགྲོའི་གླིང་ནས་གཤེགས་སུ་གསོལ། །གཙུག་ལག་ཁང་གི་སྲུང་མ་མཛད་པའི་ཚེ། །སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་དང་། །བསམ་ཡས་སྒོ་ཁང་གནས་ནས་གཤེགས་སུ་གསོལ། །བཀའ་གདམས་གླེགས་བམ་སྲུང་མ་མཛད་པའི་ཚེ། །བོད་ཡུལ་དགོན་སྡེ་ཀུན་ནས་གཤེགས་སུ་གསོལ། །རྡོ་རྗེ་ཕུར་པའི་སྲུང་མ་མཛད་པའི་ཚེ། །བལ་མོ་ཚ་བ་རོང་ནས་གཤེགས་སུ་གསོལ། །མདོ་ཁམས་སྒང་གི་ཡུལ་ལྷ་མཛད་པའི་ཚེ། །དབ་ལུང་དེབ་རྒྱས་གནས་ནས་གཤེགས་སུ་གསོལ། །ཚ་བ་སྒང་གི་ཡུལ་ལྷ་མཛད་པའི་ཚེ། །ཁེ་ཤོད་ཤེལ། གུར་ནང་ནས་གཤེགས་སུ་གསོལ། །མཆེད་ལྔ་དཀར་མོ་བརྒྱ་དང་བརྟན་སྐྱོང་ཚོགས། །དཀར་མོ་ཉེར་བཞི་གཟུངས་བརྗོད་བཞི་བཅུ་བརྒྱད། །སྨན་ཕྲན་འབུམ་དང་བཅས་ཏེ་གཤེགས་སུ་གསོལ། །མིང་པོ་དམག་དཔོན་ལ་སོགས་འཁོར་གྱི་ཚོགས། །བཀའ་དང་དམ་ལ་གནས་པའི་དགེ་བསྙེན་རྣམས། །དམ་ཚིག་དབང་གིས་དཔུང་དང་གྲོགས་ལ་


CMR030_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན། །འཁོར་དུ་གཏོགས་ཀྱང་དམ་ལ་མི་གནས་པ། །ཆོས་ལ་མི་དགའ་ནག་ཕྱོགས་འབྱུང་པོ་རྣམས། །གནས་འདིར་མ་འོངས་མ་འཚེ་རང་སར་སྡོད། །གལ་ཏེ་རྗེས་སུ་འབྲངས་ནས་གནོད་བྱེད་ན། །ཁྲོ་ཆེན་བདུད་རྩི་འཁྱིལ་པས་ཚར་ཆོད་ཅིག །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ ཨོཾ་བཛྲ་པྲ་མོ་ཧཱ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ བྷོ། ཡིད་ལས་སྤྲུལ་པའི་རིན་ཆེན་ཤེལ་གུར་དབུས། །སྣ་ཚོགས་པདྨ་ཟླ་བ་རིན་ཆེན་ཁྲི། །གཙོ་དང་འཁོར་དུ་འཚམས་པའི་གདན་ཁྲི་ལ། །ཇི་སྲིད་མཆོད་པ་འབུལ་བ་དེ་སྲིད་དུ། །དགྱེས་ཤིང་བརྟན་པའི་ཚུལ་གྱིས་བཞུགས་སུ་གསོལ། །སྔོན་ཚེ་ཆེ་མཆོག་རྟ་མགྲིན་གསང་བའི་བདག །ཤཱཀ་ཐུབ་པད་འབྱུང་དྷ་ཀི་སེང་གདོང་མ། །གཏུམ་མོ་སྔོ་བསངས་མ་དང་བི་ན་མོ། །ནག་པོ་སྤྱོད་པ་ཕྱོགས་ཀྱི་གོ་ཆ་དང་། །ཨ་ཏི་ཤ་དང་བཞད་པ་རྡོ་རྗེ་དང་། །ཀརྨ་པཀྴི་རང་བྱུང་རྡོ་རྗེ་དང་། །དྲི་མེད་འོད་ཟེར་དབྱངས་ཅན་བཞད་པ་དང་། །དབང་ཕྱུག་རྡོ་རྗེ་ངག་གི་དབང་ཕྱུག་སོགས། །རིག་འཛིན་རྣམས་ཀྱི་སྤྱན་སྔར་ཁས་བླངས་པའི། །སྔོན་གྱི་དམ་ཚིག་གཉན་པོ་དྲན་མཛོད་ལ། །བདག་


CMR030_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གང་བཅོལ་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་བཛྲ་པྲ་མོ་ཧཱ་ས་པ་རི་ཝཱ་ར་ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡེ་སྟེ། ས་མ་ཡ་ཧཱུྃ། ས་མ་ཡ་ཧོ། ཨཱི། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །གཡག་ལུག་བྱ་ར་རི་དྭགས་ཆུ་གནས་གཟུགས། །མདའ་དར་མེ་ལོང་སྦ་གླིང་ཟས་སྣའི་ཕུད། །ཕྱེ་མར་སྤོས་དཀར་བསངས་ཤིང་དུད་པའི་སྤྲིན། །ཕྱར་དར་གཡབ་དར་མཆོད་བསྒྲུབ་བསྐང་བའི་རྫས། །འབྲུ་སྣ་སྨན་སྣ་གོ་ཁྲབ་སྤྱན་གཟིགས་ཚོགས། །གསེར་སྐྱེམས་འོ་ཞོ་ཇ་ཆང་ཕུད་རྒོད་ཚོགས། །ཤིང་ཐོག་དར་ཟབ་བལ་ཚོན་ཤུག་ཏེལ་སོགས། །མཐུན་རྫ་ས་དཔག་མེད་གཡུ་སྒྲོན་འཁོར་བཅས་མཆོད། །ཤ་སྣ་སྙིང་སྣ་ཁྲག་སྣ་ཨ་མྲྀ་ཏ། །ཤ་ལྔ་བདུད་རྩི་ལྔ་དང་ཡེ་ཤེས་ལྔ། །ཞུ་ཞིང་ཁོལ་བ་ཟག་མེད་བདུད་རྩིའི་མཚོ། །ག་ཎ་ཙཀྲ་ཚོགས་ཀྱི་ལོངས་སྤྱོད་འདི། །གསང་སྔགས་སྲུང་མ་དྷ་ཀི་གཡུ་སྒྲོན་མ། །མ་མོ་མཁའ་འགྲོའི་ཚོགས་དང་བཅས་ལ་འབུལ། །འཁོར་དང་བཅས་པའི་


CMR030_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐང་གྱུར་ཅིག །ཨོཾ་བཛྲ་པྲ་མོ་ཧ་ས་པ་རི་ཝཱ་ར་ཨགྷོ་པཱཏྱཾ་པུཔྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནི་ཝི་ཏྱཱ་ཤབྟ་རཱུ་པ་ཤབྟ་གནྡྷེ་ར་ས་སྤ། ཨཥཱ་མངྒ་ལཾ་དྲ་བྱ་སརྦ་པཱུ་ཛ་པྲ་ཏཱི་ཛ་ཧོ༔ པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ག་ཎ་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། སྣང་སྲིད་ཐམཾས་ཅད་ཀུན་བཟང་ཡུམ་གྱི་ཀློང་། །ཀུན་ཏུ་བཟང་མོའི་རིག་པའི་རང་རྩལ་ལས། །རྒྱལ་བའི་བསྐྱེད་ཡུམ་རྡོ་རྗེ་གཡུ་སྒྲོན་མ། །ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྣ་ཚོགས་སྤྲུལ་པའི་ཆོ་འཕྲུལ་ཅིར་ཡང་སྟོན། །བཅོམ་ལྡན་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི། །མཚམས་མ་དཔའ་མོ་གཤིན་རྗེ་མཆེ་བ་མ། །གཡུ་སྒྲོན་མཆེ་བ་ཅན་མའི་ཐུགས་དམ་བསྐང་། །བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ཆེན་ལས། །ཡུལ་ཆེན་ཉེར་བཞིའི་ནང་ནས་ཙཱ་རི་ཏྲའི། །ལྷ་མོ་བྲག་གི་ཁྱིམ་ལ་བརྟེན་བཅས་པའི། །བོད་སྐྱོང་ལྷན་ཅིག་སྐྱེས་མའི་ཐུགས་དམ་བསྐང་། །ཁྱོད་ནི་ཕ་མ་མེད་པའི་སྔོན་ནས་བྱུང་། །སངས་རྒྱས་རྣམས་ལས་ཤིན་ཏུ་སྔ་བ་སྟེ། །སྲིད་པ་ཆགས་བྱེད་སྲིད་པའི་རྒྱལ་མོ་སྟེ། །རལ་གཅིག་གཡུ་ཡི་སྒྲོན་མའི་ཐུགས་དམ་བསྐང་། །མགོན་པོ་ཁྲག་མཚོ་ཁོལ་ཆེན་རྒྱུད་ལས་ནི། །པར་པ་ཏ་ཡི་


CMR030_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་མཆོད་རྟེན་བསྲུང་། །གཡུ་མཚོའི་འགྲམས་ནས་དྷཱ་ཀི་ཟ་བྱེད་གདོང་། །དམར་ནག་དབུ་དགུ་ཕྱག་བརྒྱད་ལྕགས་སྤྱང་ཆིབས། །སྲིད་གསུམ་ཟ་བྱེད་ཤ་ཟ་ཁ་མོ་ཆེ། །མ་མོ་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །གཟའ་བདུད་མིག་དམར་ལྕམ་སྲིང་ཚུལ་དུ་སྟོན། །གཡུ་ཡི་རྡོ་རྗེ་ཐོད་བཅིངས་གཡུ་ཕུར་འདྲིལ། །བེར་སྔོན་གསོལ་ཞིང་ཆུ་རྟ་སྔོན་པོ་བཅིབས། །རྡོ་རྗེ་གཞོན་ནུའི་བཀའ་སྲུང་ཆེན་མོ་སྟེ། །བསྲེ་མོ་རྡོ་རྗེ་ཕག་བྱིན་ཞེས་སུ་གྲགས། །གཡུ་སྒྲོན་བསྲེ་ཡི་ལྷ་མོའི་ཐུགས་དམ་བསྐང་། །ཁྱོད་ནི་གཡུང་དྲུང་བོན་གྱི་དགྲ་བླ་མོ། །པདྨ་ཐོད་ཕྲེང་རྩལ་ལ་རྫུ་འཕྲུལ་འགྲན། །དེ་ཚེ་དམ་ལ་བཏགས་ནས་སྲོག་སྙིང་ཕུལ། །ཤ་མེད་གངས་དཀར་རྡོ་རྗེ་གཡུ་སྒྲོན་མ། །བརྟན་སྐྱོང་ཀུན་གྱི་གཙོ་མོའི་ཐུགས་དམ་བསྐང་། །འཇམ་དཔལ་རྩ་བའི་རྒྱུད་ལས་བཀའ་སྩལ་པ། །པོ་ཊ་ལ་ཡི་གནས་ན་སྒྲོལ་མ་བཞུགས། །སྤྲུལ་པས་འཛམ་གླིང་ཆུ་བཞིའི་རྒྱུད་ཀུན་ཁྱབ། །བྱང་ཆུབ་སེམས་ལྡན་ཀུན་གྱི་རྗེས་སུ་འབྲངས། །གསུངས་ལྟར་རྒྱ་གར་གསེར་མཚོ་དངུལ་མཚོ་ནས། །ཇོ་བོ་རྗེ་ཡི་རྗེས་སུ་ཁྱོད་འབྲངས་ནས། །ཇོ་བོས་བཀའ་


CMR030_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་གླེགས་བམ་སྲུང་མར་བསྐོས། །ད་ལྟ་དགོན་སྡེ་ཀུན་གྱི་དཀོར་བདག་མཛད། །དཀོར་བདག་གཡུ་ཡི་སྒྲོན་མའི་ཐུགས་དམ་བསྐང་། །ཁྲི་སྲོང་སྲས་པོ་སད་ན་ལེགས་ཞེས་པས། །ཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། །དེ་ཡི་གཙུག་ལག་ཁང་གི་སྲུང་མ་དང་། །བསམ་ཡས་སྒོ་སྲུང་ཉིད་དུ་ཨོ་རྒྱན་གྱིས། །བཀའ་བསྒོས་སད་ན་ལེགས་ཀྱི་སྲུང་མར་གྱུར། །གཙུག་ལག་སྲུང་མ་གཡུ་སྒྲོན་ཐུགས་དམ་བསྐང་། །གཡུ་སྒྲོན་ལ་སོགས་བརྟན་མ་བཅུ་གཉིས་ནི། །ཉིན་གསུམ་གངས་དཀར་རྩེ་ལ་བཞུགས་མཛད་ཅིང་། །མཚན་གསུམ་རྒྱ་གར་དུར་ཁྲོད་ཀུན་ཏུ་རྒྱུ། །དེ་ཚེ་མཁའ་འགྲོ་སེང་གེའི་གདོང་ཅན་དང་། །ནག་པོ་པ་སོགས་གྲུབ་ཆེན་ཐམས་ཅད་ཀྱིས། །བཀའ་བསྒོས་དམ་བཞག་གསང་སྔགས་སྲུང་མར་བསྐོས། །བཀའ་སྲུང་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །སྔོན་ཚེ་བརྒྱ་བྱིན་སྲས་མོར་ཁྱོད་སྤྲུལ་ཚེ། །དྲི་ཟ་ཟུར་ཕུད་ལྔ་ཡི་བཙུན་མོར་བྱིན། །ལྷ་ཡི་ཡུལ་ནས་མི་ཡི་ཡུལ་དུ་བྱོན། །དེ་ཚེ་ཤཱཀ་ཐུབ་ཞལ་མཐོང་དམ་ཆོས་ཐོབ། །དེང་སང་བྱང་གི་གནམ་མཚོ་ཕྱུག་མོར་གྲགས། །མཚོ་སྨན་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །མེ་ལྕེ་


CMR030_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་རྒྱུད་ལས་གསུངས་པ་ནི། །ཁྱོད་ནི་རེ་ལྡེ་མགོ་ཉག་བུ་མོར་སྤྲུལ། །བདུད་ཀྱི་ཁྲམ་ཤིང་མཚོན་གྲུ་ལག་ན་ཐོགས། །དྲེའུ་རྟ་ཆིབས་ནས་སྟོང་གསུམ་ཁྱབ་པར་ཉུལ། །དམག་དང་ཟོར་སོགས་ཕྲིན་ལས་དྲག་པོའི་བདག །འཇིག་རྟེན་ལས་ཀྱི་ལྷ་མོ་རེ་མ་ཏི། །བརྟན་མ་དམག་གི་རྒྱལ་མོར་ཞེས་སུ་གྲགས། །གཡུ་སྒྲོན་དམག་ཟོར་རྒྱལ་མོའི་ཐུགས་དམ་བསྐང་། །རེས་འགའ་ནམ་མཁའ་གཡུ་ཡི་ལྡིང་ཁང་ནས། །གནམ་ལྷ་དཀར་པོའི་དགྱེས་སྡེ་མཛད་པའི་ཚེ། །ཉི་འོད་འབར་བའི་སྨན་གཅིག་གསང་བའི་མཚན། །དཀར་མོ་འོད་ལྡན་མ་ཡི་ཐུགས་དམ་བསྐང་། །བཙན་རིགས་སུམ་བརྒྱ་དྲུག་ཅུའི་ཡོབ་རྒན་ཏེ། །བཙན་རྒྱལ་སྐྱེས་བུ་ལུང་བཙན་ལྕམ་སྲིང་ཚུལ། །བཙན་རིགས་ཡོངས་ཀྱི་ཨ་ཞེ་ཆེན་མོ་སྟེ། །ཆེ་ཞེ་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །ཁྱོད་ནི་སྒྲོལ་མ་སྔོན་མོའི་དངོས་སྤྲུལ་ཏེ། །འཕགས་པ་སྤྱན་རས་གཟིགས་ཀྱི་ལྕམ་སྲིང་ཚུལ། །བྱང་ཆུབ་སེམས་ལྡན་ཀུན་གྱི་རྗེས་སུ་འབྲངས། །སེམས་མ་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །མོན་པ་མོན་མོ་གཉིས་ཀྱི་སྲས་མོར་སྤྲུལ། །དམ་ཅན་རྡོ་རྗེ་ལེགས་པའི་ལྕམ་གཅིག་


CMR030_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ལྕམ་མོ་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །ལྷོ་མོན་མཚམས་སུ་འབྲས་མོའི་གནས་སྒོ་སྲུང་། །ཕོ་བྲང་སྨྱུག་རིའི་གཉན་ལ་བརྟེན་བཅས་ཏེ། །ལྷོ་ཡི་སྐྱེ་འཐིང་ཡ་མ་སྐྱོང་ཞེས་གྲགས། །སྐྱི་འཐིང་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །བརྟན་མ་སྐྱོང་མ་ཀུན་དང་དམ་ཚིག་གཅིག །རྡོ་རྗེ་བགེགས་གཙོ་བཀྲ་ཤིས་ཚེ་རིང་མས། །ཁྱེད་ཅག་དམག་བསྡུས་མི་ལ་རས་ཆེན་ལ། །ཆོ་འཕྲུལ་བསྟན་དུས་ཁྱེད་ཅིག་དམ་ལ་བཏགས། །ཁྱེད་ཅག་བརྟན་མ་བདུན་ལ་ཕྱག་རྒྱ་བསྟེན། །དེ་ཚེ་ཁྱོད་མཚན་མཐིང་གི་ཞལ་བཟང་མ། །ཆོས་བརྒྱུད་འཕེལ་ཞིང་རྒྱས་པའི་གཡར་དམ་བཅས། །སྒྲུབ་བརྒྱུད་སྲུང་མ་གཡུ་སྒྲོན་ཐུགས་དམ་བསྐང་། །གྲུབ་ཐོབ་ཆེན་པོ་ཀརྨ་པཀཱི་ལ། །གངས་དཀར་ཤ་མེད་རྡོ་རྗེ་གཡུ་སྒྲོན་སོགས། །བརྟན་མ་ཀུན་གྱིས་ཕྱག་དང་བསྐོར་བ་བྱས། །བསྟན་པ་བསྲུང་བར་ཁས་བླངས་གཡར་དམ་བཅས། །གྲུབ་ཆེན་སྐུ་གཤེགས་བར་དོར་བཞུགས་པའི་ཚེ། །ཁྱེད་ཅག་རྣམས་ཀྱིས་སྤྲུལ་སྐུ་འབྱོན་པར་ཞུས། །བྱོན་ན་བསྟན་པ་བསྲུང་བའི་གཡར་དམ་བཅས། །ཙཱ་རི་མཚོ་དཀར་གནས་བདག་ཁྱོད་ཡིན་ཕྱིར། །རང་བྱུང་རོལ་པའི་རྡོ་རྗེ་མི་


CMR030_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་ཞབས། །དབང་ཕྱུག་རྡོ་རྗེ་དྷརྨེ་ཤྭ་རི་སོགས། །ན་རིམ་ཀུན་གྱིས་བཀའ་བསྒོས་གསོལ་མཆོད་བརྩམས། །ན་རིམ་ཀུན་གྱིས་ལྕམ་དུ་མངའ་གསོལ་ལོ། །སྒྲུབ་བརྒྱུད་སྲུང་མ་གཡུ་སྒྲོན་ཐུགས་དམ་བསྐང་། །དྲི་མེད་འོད་ཟེར་པད་གླིང་རཏྣ་གླིང་། །ཉང་སོགས་གཏེར་སྟོན་རིག་འཛིན་ཕལ་ཆེར་གྱིས། །ཁྱོད་ཀྱི་སྒྲུབ་གཞུང་མན་ངག་གཏེར་ནས་བཏོན། །གནས་སྒོ་གཏེར་སྒོ་མང་པོ་ཁྱོད་ཀྱིས་བསྟན། །གཏེར་སྲུང་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །ཁྱོད་ནི་སེར་ཆགས་ཡོངས་ཀྱི་དགྲ་བླ་མོ། །བན་བོན་སྐྱ་སེར་ཀུན་གྱིས་མཆོད་ཅིང་བརྟེན། །ཡེ་ཤེས་ལྷ་མོ་དཔོན་གཡོག་ཐམས་ཅད་ཀྱི། །ཕྲིན་ལས་བསྒྲུབ་པའི་ལས་མཁན་ཁྱོད་གཅིག་པོ། །ལྷ་མོ་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །ཁྱོད་ནི་འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་ནུས། །ཟས་ནོར་ལོངས་སྤྱོད་མངའ་ཐང་ཐམས་ཅད་སྤེལ། །ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པ། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་འདྲ། །གཏེར་བདག་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །ཁྱད་པར་བཞུགས་


CMR030_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མདོ་ཁམས་ཚ་བའི་སྒང་། །ཕྱི་ལྟར་བྲག་ནག་རྩེ་དགུ་གངས་ཀྱི་རི། །གཡུ་མཚོ་ཁྲག་མཚོ་བདུད་མཚོ་ན་བུན་གཏིབས། །ནང་ལྟར་གསེར་ཏིང་ཞེས་བྱ་དྲི་ཟའི་ཡུལ། །བདུད་མཁར་རྩེ་དགུ་ལྕགས་རི་ཁྲག་གི་མཚོ། །གསང་བ་བདེ་མཆོག་དམ་ཚིག་འཁོར་ལོའི་གནས། །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་སྤྲིན་ལྟར་འདུ། །དེ་འདྲའི་མངའ་བདག་རྡོ་རྗེ་གཡུ་སྒྲོན་མ། །ཕྱི་ལྟར་བརྟེན་མ་སྨན་དང་ཡུལ་ལྷས་བསྐོར། །བོད་ཁམས་སྐྱོང་མ་རྡོ་རྗེ་གཡུ་སྒྲོན་མ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །ནང་ལྟར་བདུད་ཀྱི་བུ་མོ་རེ་མ་ཏི། །དམག་དང་ཟོར་གྱི་ལས་ལ་མངའ་མཛད་པ། །བརྟན་མ་དམག་གི་རྒྱལ་མོ་གཡུ་སྒྲོན་མ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །གསང་བ་དཔལ་མོ་གཤིན་རྗེ་མཆེ་བ་མ། །གཡུ་སྒྲོན་མཆེ་བ་ཅན་མ་མཁའ་འགྲོའི་ཚོགས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །ཡང་གསང་ཁྲོས་མ་ནག་མོའི་ཐུགས་སྤྲུལ་ཏེ། །མཐིང་ནག་ཁྲོ་མོ་ཕག་ཞལ་མཆེད་ལྔ་མ། །ཡེ་ཤེས་མཁའ་འགྲོ་རྡོ་རྗེ་གཡུ་སྒྲོན་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །མ་མོ་རྦོད་གཏོང་


CMR030_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་བྲེ་བྲག་སྟེ། །སྲིད་པ་མ་མོ་འབུམ་གྱི་རྒྱུད་ལུང་ལས། །དཔལ་ལྡན་ལྷ་མོ་ཡེ་ཤེས་རེ་མ་ཏི། །མི་མངོན་ནམ་མཁའི་དབྱིངས་སུ་བཞུགས་པ་སྟེ། །སྤྲུལ་པ་ལྷ་མོ་སྟོང་དང་རྩ་བརྒྱད་དེ། །གནས་ཀྱང་མི་གཅིག་མཚན་ཡང་མི་གཅིག་སྟེ། །སྔགས་ཀྱང་མི་གཅིག་སོ་སོ་ཐ་དད་དེ། །ཇི་ལྟར་བྱས་ཀྱང་ངོ་བོ་གཅིག་པ་དང་། །ཇི་ལྟར་བྱས་ཀྱང་ཕྲིན་ལས་འགྲུབ་གསུངས་ལྟར། །སྤྲུལ་པ་སྟོང་རྩ་བརྒྱད་ཀྱི་ཡ་གྱལ་གཅིག །བོད་ཁམས་བརྟན་མའི་ཚུལ་དུ་བཞུགས་པ་སྟེ། །འཇིག་རྟེན་ཚུལ་དུ་སྟོན་ཀྱང་ཡེ་ཤེས་པ། །དབྱངས་ཅན་མ་དང་རྡོ་རྗེ་རོ་ལངས་མ། །ངོ་བོ་ཐུགས་རྒྱུད་དབྱེར་མེད་གཅིག་པ་སྟེ། །སྤྲུལ་པའི་ལྷ་མོ་རྡོ་རྗེ་གཡུ་སྒྲོན་མ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །དཔལ་ལྡན་ལྷ་མོའི་མཚན་གྱི་བརྒྱ་རྩ་ལས། །ལྷ་མོའི་མཚན་ནི་རྡོ་རྗེ་གཡུ་སྒྲོན་མ། །དཔལ་ལྡན་ལྷ་མོ་རྡོ་རྗེ་གཡུ་སྒྲོན་མ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །བཅོམ་ལྡན་རྡོ་རྗེ་སེམས་དང་ཕྱག་རྡོར་གྱིས། །ན་རཀ་དོང་ནས་སྤྲུགས་པའི་རྒྱུད་སྡེ་ལས། །སྲིད་པའི་སྨན་མོ་རྡོ་རྗེ་གཡུ་སྒྲོན་མར། །ཕྱག་འཚལ་ཞེས་གསུངས་


CMR030_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བས་ཕྱག་མཛད་པ། །།འགྲོ་བ་འདྲེན་མཛད་རྡོ་རྗེ་གཡུ་སྒྲོན་མ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་ཡི། །ཐོ་རངས་དགྱེས་སྡེ་གངས་དཀར་ཤ་མེད་མ། །ཁྱོད་ཀྱི་བྲན་མོ་ཁ་རག་དཔལ་མོ་སྟེ། །ཁྱོད་ཀྱི་ཡབ་ནི་གཉན་ཆེན་ཐང་ལྷ་ཉིད། །བརྟན་མའི་གཙོ་མོ་རྡོ་རྗེ་གཡུ་སྒྲོན་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །ཁྱོད་ཀྱི་མིང་པོ་རྡོ་རྗེ་ཁྱུང་དྲག་རྩལ། །འཛིན་གིང་བཞི་བཅུ་རྩ་གཉིས་གཙོ་བོ་སྟེ། །བྲ་ནག་རྟིང་དཀར་ཆིབས་ཤིང་གཡག་ཐུལ་གསོལ། །དམ་ཅན་སྐྱེས་བུ་རྡོ་རྗེ་ཁྱུང་དྲག་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །རྡོ་རྗེ་གཡུ་ཡི་སྒྲོན་མའི་དམག་དཔོན་ནི། །ཡབ་གཅིག་ལེགས་ལྡན་ནག་པོའི་ཐུགས་ལས་སྤྲུལ། །འཇིག་རྟེན་ལས་ཀྱི་མ་ཧཱ་ཀཱ་ལ་སྟེ། །སྐུ་མདོག་མཐིང་ནག་དར་ནག་བེར་ཆེན་གསོལ། །དབུ་སྐྲ་གྱེན་འབར་རྟ་ནག་རྟིང་དཀར་ཆིབས། །སྡིགས་མཛུབ་དང་བཅས་སྦ་ལྕག་མེ་དཔུང་བསྣམས། །སྟག་རལ་གཟིག་ཤུབས་དཔའ་བོའི་ཆས་དང་ལྡན། །འཁོར་དང་སྤྲུལ་པ་དམག་དཔོན་ཆེན་པོ་བརྒྱད། །སེང་སྟག་གཟིག་དང་དོམ་གྱི་གདོང་པ་


CMR030_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །སྤྲེའུ་དྲེད་དང་ལྕེ་སྤྱང་ཆུ་སྲིན་གདོང་། །ཁེར་ནག་བེང་དང་དྲག་པོའི་ཆ་ལུགས་ཅན། །འཁོར་ཚོགས་ཁྲབ་ཆེན་བྱེ་བ་འབུམ་དང་བཅས། །གསང་མཚན་འབྱུང་པོ་སེར་པོ་སྣ་ཡོན་ཏེ། །ཕུར་པའི་སྲུང་མ་ལྕགས་ཀྱི་སྐྱེས་བུ་ཞེས། །མ་ཧཱ་ཀཱ་ལ་ཏ་ཀི་ནག་པོ་ཆེ། །དམག་དཔོན་དགྲ་འདུལ་དབང་ཕྱུག་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །གཡུ་བུན་གཡུ་ཞགས་གཡུ་ཕྲེང་གཡུ་སྐྱིད་མ། །མཛེས་འཛུམ་དར་དང་རིན་ཆེན་རྒྱན་དང་ལྡན། །མདའ་དར་མེ་ལོང་བསྣམས་ནས་ཕྱེད་སྐྱིལ་བཞུགས། །སྲིད་པ་ཆགས་བྱེད་མ་མོ་བདུན་རྣམས་དང་། །བརྟན་མ་བཅུ་གཉིས་ཡ་མ་བཅུ་གཉིས་དང་། །སྐྱོང་མ་བཅུ་གཉིས་སྨན་ཕྲན་འབུམ་གྱི་ཚོགས། །ལྷབ་ལྷུབ་དར་ཟབ་མང་པོའི་རྒྱན་དང་བཅས། །སིལ་སྙན་གླུ་དབྱངས་རོལ་མོའི་སྒྲ་དང་བཅས། །སྨན་སྤོས་དྲི་ཞིམ་མང་པོའི་ངད་དང་བཅས། །བྲན་གཡོག་ཡུལ་ལྷ་མང་པོའི་འཁོར་དང་བཅས། །འཇའ་སྤྲིན་ན་བུན་སྦྲང་ཆར་ཟིམ་བུར་བཅས། །གཡུ་སྒྲོན་འཁོར་དང་ཡང་འཁོར་བཅས་པ་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །ཕྱ་རྗེ་


CMR030_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་སྒྲིལ་རྡོ་རྗེ་དྲེལ་དཀར་དང་། །ཆུ་དྲག་རྟ་མགྲིན་སྐུ་ལྷ་ངང་ཡག་དང་། །སྨུག་རི་མོ་ནམ་ཐོག་ལྷ་རྨོག་ཞུ་སོགས། །ཚ་བ་རྫ་རྒང་རིང་མོའི་གཞི་བདག་རྣམས། །མ་ལུས་གཡུ་སྒྲོན་ཁྱོད་ཀྱི་འབངས་ལགས་པས། །གསོལ་ལོ་མཆོད་དོ་མཉེས་ཤིང་ཚིམ་གྱུར་ཅིག །བདག་ཅག་སློབ་དཔོན་ཡོན་མཆོད་འཁོར་བཅས་ཀྱིས། །ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ། །བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །སྡིག་ལྟུང་འགལ་འཁྲུལ་ནོངས་པ་ཅི་མཆིས་པ། །རྡོ་རྗེ་གཡུ་སྒྲོན་འཁོར་དང་བཅས་ལ་བཤགས། །ཚེ་འདིའི་རྐྱེན་དང་ཡུན་ཚེགྱི་སྒྲིབ་པ་རུ། །མི་འགྱུར་ཆོས་དབྱིངས་ཀློང་དུ་སོར་ཆུད་ཤོག །ཨོ་ས་མ་ཡ། ཨཱས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་བཛྲ་པྲ་མོ་ཧ་ཧཱུྃ་ཧཱུྃ་སྭཱ་ཧཱ། ས་པ་རི་ཝཱ་ར། ཨོཾ་བཛྲ་སཏཱ་ས་མ་ཡ་ནས། སཏཱ་ཨཱཿ ཞེས་ཡིག་བརྒྱ་བཟླའོ། །དེ་ནས་གསོལ་ཁ་བཀྱགས་ནས། ཧོ༔ དམ་རྫས་བརྒྱན་པའི་མཆོད་པ་རྒྱ་ཆེན་པོ་འདི། སྲིད་པའི་སྨན་མོ་རྡོ་རྗེ་གཡུ་སྒྲོན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྲིད་པ་ཆགས་བྱེད་མ་མོ་གཡུ་སྒྲོན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཨེ་ཀ་ཙ་ཏི་གཡུ་ཡི་རལ་གཅིག་མ་ལ་གསོལ་ལོ་


CMR030_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཕྱི་ལྟར་སྔགས་སྲུང་ཨེ་ཀ་ཙ་ཏི་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ནང་ལྟར་དཔལ་ལྡན་ལྷ་མོ་རེ་མ་ཏི་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གསང་བ་ཤན་པ་སྲོག་སྒྲུབ་ནག་མོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཡང་གསང་ཀུན་ཏུ་བཟང་མོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བོད་སྐྱོང་མཁའ་འགྲོ་ལྷན་ཅིག་སྐྱེས་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཞི་མཛད་དཀར་མོ་འོད་ལྡན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །དྲག་མོར་བཞེངས་ཚེ་དམག་ཟོར་རྒྱལ་མོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྲིད་གསུམ་ཤ་ཟ་ཁ་མོ་ཆེ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །དྷ་ཀི་ཟ་བྱེད་གདོང་ཅན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གནས་མཆོག་ཙཱ་རིའི་བཀའ་སྲུང་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །མཚོ་དཀར་གནས་ཀྱི་བདག་མོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གཅིག་ཆར་རྡོ་རྗེ་ཕུག་བདག་མོ་ལ་གསོལ་ལོ་མཆོད་དོ་


CMR030_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྡོ་རྗེ་ཕུར་པའི་བཀའ་སྲུང་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བསྲེ་མོ་རྡོ་རྗེ་ཕག་བྱིན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཤ་མེད་གངས་དཀར་རྡོ་རྗེ་གཡུ་སྒྲོན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གནམ་མཚོ་ཕྱུག་མོའི་མཚོ་སྨན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །འབྲས་མོ་ལྗོངས་ཀྱི་སྒོ་སྲུང་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བརྟན་མ་སྐྱི་འཐིང་ཡ་མ་སྐྱོང་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གཡུ་བུན་མཐིང་གི་ཞལ་བཟང་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གཡུ་ཡི་དྲིལ་བུ་སི་ལེ་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཉི་འོད་འབར་བའི་སྨན་གཅིག་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བརྟན་མ་དམག་གི་རྒྱལ་མོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྲིང་གཅིག་གངས་དཀར་ཤ་མེད་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྐྱེས་བུ་ལུང་བཙན་གྱི་སྲིང་གཅིག་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །མགར་བ་ནག་པོའི་


CMR030_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་སྡེ་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གངས་དཀར་རྡོ་རྗེ་དཔལ་གྱི་ཡུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྒྲུབ་བརྒྱུད་བཀའ་ཡི་སྲུང་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །མཆེད་ཟ་སྲིད་པ་ཆགས་བྱེད་ཀྱི་མ་མོ་བདུན་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྡོ་རྗེ་གཡུ་བུན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྡོ་རྗེ་གཡུ་ཞགས་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྡོ་རྗེ་གཡུ་ཕྲེང་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྡོ་རྗེ་གཡུ་སྐྱེད་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྡོ་རྗེ་མུ་ལེ་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྡོ་རྗེ་སྨན་མཆོག་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྡོ་རྗེ་གཡུ་སྨན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྡོ་རྗེ་ལྷ་སྨན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །དར་འཛིན་ནག་མོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཀར་ཀ་ནག་མོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཀ་དྷ་


CMR030_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ལན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཧ་ཁ་ལ་ཁ་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཕུར་བུ་ཀཱ་ལ་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་ལྟའབུལ་ལོ་སྦྱིན་ནོ། །རྡོ་རྗེ་བི་ལ་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྐྱང་མཚོ་ཧ་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཁྲག་འཛག་སྤྱང་གདོང་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྐྱེ་འཐིང་རྡོ་རྗེ་གཡུ་བུན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྨན་བཙུན་རྡོ་རྗེ་སྨན་གཅིག་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྨན་གཅིག་རྡོ་རྗེ་ཡ་མ་སྐྱོང་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བདག་ཉིད་རྡོ་རྗེ་ཀུན་གྲགས་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྨན་བཙུན་རྡོ་གཟུང་ལེགས་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྨན་མོ་རྡོ་རྗེ་ཀུན་གྲགས་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྨན་བཙུན་རྡོ་རྗེ་དྲག་མོ་རྒྱལ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གསེར་ཆེན་རྡོ་རྗེ་གཡུ་སྐྱོང་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་


CMR030_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ལོ་སྦྱིན་ནོ། །རྡོ་རྗེ་ཀོང་བཙུན་དེ་མོ་སྐྱོང་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །འབྲོག་སྨན་རྡོ་རྗེ་གདུག་པའི་གཙོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །དཔལ་ཡུམ་རྡོ་རྗེ་ཁ་རག་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བོད་ཁམས་བརྟན་མ་བཅུ་གཉིས་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བོད་སྐྱོང་མ་བཅུ་གཉིས་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བོད་ཁམས་ཡ་མ་བཅུ་གཉིས་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །དཀར་མོ་བདེ་ལེགས་མེ་ཕྲེང་ཅན་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བདུད་མོ་པུག་ཤུད་པ་ར་སོང་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྨན་བཙུན་སྤྱང་མོ་ཀུན་ལས་རྒྱལ་གསུམ་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཤ་མེད་མེ་ཏོག་གཟུགས་མཛེས་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཀུན་སྙིང་དགའ་བོ་ནད་ཀྱི་བདག་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་


CMR030_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་འབུལ་ལོ་སྦྱིན་ནོ། །མཛེས་མ་ཡ་བདག་འཕྲུལ་བསྒྱུར་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཀྲ་ཧ་ཁུག་རྒྱལ་དཀར་དགའ་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཀུན་དགའ་ཡུམ་ཆེན་དཔལ་ལྗང་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །དཀར་མོ་ཉི་ཤུ་རྩ་བཞི་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གཟུངས་བརྗོད་མཚོ་མོ་རང་དགའ་མགུ་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཁ་ནག་གཟུགས་མཛེས་མི་སྙིང་བསྒུལ་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །མིག་གསུམ་སྨན་མོ་རྣལ་འབྱོར་བསླུ་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རིགས་བདག་སྨན་བཙུན་ཀུན་གྱི་ཡུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གཡུ་མཚོ་ལྡིང་མཚོ་ནམ་མཁའ་མཚོ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྙིང་མེད་ཀླད་ཆེན་རྣལ་འབྱོར་གྲོགས་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་


CMR030_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །སྣ་ཚུལ་རྗེས་ཉུལ་ཀླད་ལྡག་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཤ་ཟ་ཁྲག་འཐུང་རྣམ་རྒྱལ་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཀུན་སྨན་དཔལ་ཡུམ་ཀུན་ཐུབ་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །མཚོ་གནས་སྦལ་ཟན་སྦྲུལ་གྱི་གདན་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཀུན་དགའ་ཀུན་བསྲུ་ཕོ་ཞིག་བསྒྱུར་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །མངའ་བདག་སྲོག་བདག་ལྕགས་ཀྱི་བདག་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཕྲེང་བསྒྲངས་མཛེས་མ་ཟིར་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བག་མ་ཀུན་མགུ་ནག་གྱོང་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཀུན་རྒྱལ་ཆེན་མོ་མེ་ཏོག་རྒྱལ་གཉིས་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཕྱི་ལྟར་རྒྱལ་པོ་སྟག་ཞུ་ཅན་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ནང་ལྟར་བདུད་རེ་ལྡེ་མགོ་ཉག་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གསང་བ་ལྟར་ན་ཕ་


CMR030_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

མོན་པ་ནག་པོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཕྱི་ལྟར་ཡུམ་གངས་སྨན་ཉི་མ་འཕྲུལ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ནང་ལྟར་ན་བདུད་མོ་དྲན་པ་དབང་མེད་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གསང་བ་ལྟར་ན་ཡུམ་མོན་མོ་ནག་མོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཕྱི་ལྟར་ན་མིང་པོ་རྡོ་རྗེ་ཁྱུང་དྲག་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ནང་ལྟར་སྲས་རྡོ་རྗེ་ལེགས་པ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གསང་བ་དམ་ཅན་མགར་བ་ནག་པོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །འཛིན་གིང་བཞི་ཅུ་རྩ་གཉིས་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ལྕམ་མོ་སུམ་བརྒྱ་དྲུག་ཅུ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཕྱི་ལྟར་དམག་དཔོན་དགྲ་འདུལ་དབང་ཕྱུག་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ནང་ལྟར་ཕུར་སྲུང་ལྕགས་ཀྱི་སྐྱེས་བུ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གསང་བ་མགོན་པོ་ཏ་ཀི་ནག་མོ་ལ་


CMR030_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྤྲུལ་པ་དམག་དཔོན་མཆེད་བརྒྱད་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཁྲབ་ཆེན་བྱེ་བ་འབུམ་རྒྱུག་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཤར་གྱི་ཡུལ་སྲུངས་ཕྲུ་རྒྱལ་རྒྱལ་བ་དགུ་སྦྲེལ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ལྷོ་ཡི་ཡུལ་སྲུངས་རྡོ་རྗེ་དྲེལ་དཀར་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ནུབ་ཀྱི་ཡུལ་སྲུངས་ཆུ་དྲག་ཁྲོ་བོ་རྟ་མགྲིན་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བྱང་གི་ཡུལ་སྲུངས་སྐུ་ལྷ་ངང་ཡག་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །འཁོར་དང་ཡང་འཁོར་ཐམས་ཅད་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །མཉེས་ཤིང་ཚིམས་དགའ་ཞིང་མགུ་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད་ཅིག །རྣལ་འབྱོར་པའི་སྐུ་ཚེ་སྲིངས་ཤིག །དགེ་འདུན་གྱི་ཆེ་བ་ཐོན་ཅིག །འཇིག་རྟེན་ཁམས་གྱི་བདེ་སྐྱིད་སྤེལ་ཅིག །ཆར་ཆུ་དུས་སུ་འབེབས་པར་མཛོད་ཅིག །རྩྭ་ཁ་ལོ་ཐོག་རྟག་ཏུ་ལེགས་པར་མཛོད་ཅིག །མི་ནད་དང་ཕྱུགས་ནད་


CMR030_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་མཛོད་ཅིག །ཕྱི་ནང་གི་འཁྲུག་རྩོད་ཐམས་ཅད་ཞི་བར་མཛོད་ཅིག །རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་ཆོད་ཐམས་ཅད་ཀྱི་མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །སད་སེར་དང་མུ་གེ་མ་བཏང་ཞིག །དགྲ་རྐུན་དང་གོད་ཁ་མ་བཏང་ཞཅིག །སྡོད་ན་རྟེན་ས་མཛོད་ཅིག །འགྲོ་ན་ལམ་ཆོས་ཤིག །ཚེ་དང་བསོད་ནམས་སྤེལ་ཅིག །དཔལ་དང་གྲགས་པ་སྒྲུབས་ཤིག །འཁོར་དང་བསྟན་པ་སྲུངས་ཤིག །ཉིན་གསུམ་གྱི་བྱ་ར་མཛོད་ཅིག །མཚན་གསུམ་གྱི་མེལ་ཚེ་མཛོད་ཅིག །དགྲ་བྱུང་ན་བྱ་ཐོངས་ཤིག །དུག་བྱུང་ན་སྨན་ཐོངས་ཤིག །མཉམ་གཉིས་གཡུལ་འགྱེད་ནི་དམག་དཔོན་ཁྱེད་ལ་རེའོ། །རྒྱལ་ཁ་རླུང་ཁ་བྱིན་ཅིག །ཇག་ལ་འགྲོ་ན་ཇག་དཔོན་རེའོ། །བུ་རྟ་སྲུངས་ལ་དགྲ་ནོར་ལོངས་ཤིག །མཉམ་གཉིས་མི་དང་ཕྱུགས་འགྲན་ན། བེའུ་ལུག་འཕེལ་ཁ་ཁྱོད་ལ་རེའོ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ་ཅིག །མཉམ་གཉིས་མི་དང་བུ་ནི་འགྲན་ན། རིགས་རྒྱུད་བཙན་དར་ཁྱེད་ལ་རེའོ། །མི་འཕེལ་རྟ་ཧྲག་དངོས་གྲུབ་སྩོལ་ཅིག །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ་ཅིག །བང་མཛོད་


CMR030_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་ཡི་དངོས་གྲུབ་སྩོལ་ཅིག །རྐང་བཞི་རྟ་ཕྱུགས་དངོས་གྲུབ་སྩོལ་ཅིག །ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་སྩོལ་ཅིག །སྲ་བརྟན་གོ་ཆའི་དངོས་གྲུབ་སྩོལ་ཅིག །གསེར་དངུལ་རིན་ཆེན་དངོས་གྲུབ་སྩོལ་ཅིག །ཇ་དར་ལོངས་སྤྱོད་དངོས་གྲུབ་སྩོལ་ཅིག །འཛད་མེད་གཏེར་གྱི་དངོས་གྲུབ་སྩོལ་ཅིག །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་ཅིག །ནད་མེད་བདེ་བའི་དངོས་གྲུབ་སྩོལ་ཅིག །མ་གཅིག་ལྟར་དུ་བྱམས་པས་སྐྱོངས་ཤིག །སྲིང་གཅིག་ལྟར་དུ་གདུང་སེམས་བསྐྱེད་ཅིག །གྲོགས་གཅིག་ལྟར་དུ་འབྲལ་མེད་སྐྱོངས་ཤིག །བྲན་མོ་ལྟར་དུ་ཕྲིན་ལས་སྒྲུབས་ཤིག །མཐུ་དང་ནུས་པ་སྐྱེད་ཅིག །རྟགས་དང་མཚན་མ་སྟོན་ཅིག །བཀའ་དང་དམ་ལས་མ་འདའ་ཞིག །རྫུན་དང་གཡོ་སྒྱུ་མ་མཛད་ཅིག །ལེ་ལོ་དང་བཏང་སྙོམས་མ་མཛད་ཅིག །ཁྱད་པར་དུ་གསང་སྔགས་བླ་ན་མེད་པའི་བསྟན་པ་དར་ཞིང་རྒྱས་པར་མཛོད་ཅིག །བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་རྒྱུ་ཡིན་པ་རྣམས་ཀྱི་སྐུ་ཚེ་དང་མཛད་ཕྲིན་དར་ཞིང་རྒྱས་པར་མཛོད་ཅིག །བསྟན་པ་ལ་ཕན་པའི་སྦྱིན་བདག་རྣམས་ཀྱི་ཆོས་སྲིད་དབང་ཐང་རྒྱས་པར་མཛོད་ཅིག །སློབ་དཔོན་ཆེན་པོ་


CMR030_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འབྱུང་གནས་ཀྱིས་བོད་ཁ་བ་ཅན་གྱི་བསྟན་པ་སྐྱོང་བར་ཁྱེད་རྣམས་བསྐོས་པའི་དམ་ཚིག་དྲན་པར་མཛོད་ཅིག །ཨོཾ་བཛྲ་མ་མ་ལ་ལ་ལི་ལི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱི༔ སརྦ་པཱུ་ཛ་ཧོ། སརྦ་སིདྡྷི་ཕ་ལ་ཧོ། ཞེས་བཤོས་བུ་རིའི་ཕྱོགས་སུ་ཕུལ་བའམ། བསང་དང་འབྲེལ་ན་བསང་ནང་དུ་འབུལ་ཡང་རུང་ངོ་། །རྒྱུན་དུ་སྲུང་མར་བརྟེན་ན་གཏོར་མ་དངོས་གྲུབ་ཏུ་རོལ་ལོ། །ཞེས་པ་རྒྱལ་ཕུར་འགྲུབ་སྦྱོར་ཉིན་རྟེན་འབྲེལ་དབུ་བཙུགས་ནས། །རྡོ་རྗེ་གཡུ་སྒྲོན་མ་ཉིད་ཀྱི་ལྷ་ཞོལ་དུ་ཀརྨ་ཨ་རཱ་གས་སྦྱར་བ་སྟེ། གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ལྷན་ཐབས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousརྡོ་རྗེ་གཡུ་སྒྲོན་མའི་བསྐང་གསོལ་བསང་མཆོད་མངའ་གསོལ་སྦྲགས་མ།next