Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་དབ་ཀྱི་ཇོ་མོ་གཡུ་སྒྲོན་གྱི་གསོལ་ཁ་བོད་ཁམས་སྤྱིའི་རིམ་གྲོ་འདོད་དགུའི་ཆར་འབེབས།


4 occurrences of འཚེར་རྩུབ་
[Clear Hits]

 
previousབོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་དབ་ཀྱི་ཇོ་མོ་གཡུ་སྒྲོན་གྱི་གསོལ་ཁ་བོད་ཁམས་སྤྱིའི་རིམ་གྲོ་འདོད་དགུའི་ཆར་འབེབས།no next

བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་དབ་ཀྱི་ཇོ་མོ་གཡུ་སྒྲོན་གྱི་གསོལ་ཁ་བོད་ཁམས་སྤྱིའི་རིམ་གྲོ་འདོད་དགུའི་ཆར་འབེབས།


CMR030_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་དབ་ཀྱི་ཇོ་མོ་གཡུ་སྒྲོན་གྱི་གསོལ་ཁ་བོད་ཁམས་སྤྱིའི་རིམ་གྲོ་འདོད་དགུའི་ཆར་འབེབས་བཞུགས་པ་ལེགས་སོ། །


CMR030_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་བཛྲ་ཀྲོ་དྷ་བྷིར་ཝ་ཡེ་ན་མ། འཇིག་རྟེན་བོད་ཁམས་བདེ་ཞིང་སྐྱིད་པ་དང་། །རང་རང་གང་འདོད་ཕྲིན་ལས་བསྒྲུབ་པའི་ཕྱིར། །ཇོ་མོ་གཡུ་སྒྲོན་མཆོད་པའི་གོ་ཆ་བྲི། །ཇོ་མོ་འཁོར་བཅས་བཀའ་ཡི་གནང་བ་སྩོལ། །རིན་ཆེན་སྣོད་དུ་བཤོས་བུ་རྩེ་རྒྱལ་ལ། །བཤོས་ཕྲན་བཞིས་བསྐོར་མདུན་དུ་སྨན་ཏིང་བཞིག །མཐེབ་སྐྱུ་བཞིའམ་ཡང་ན་བཅུ་གཉིས་བསྐོར། །རང་ཉིད་པད་འབྱུང་ངམ་ནི་གྲོ་ལོད་བསྒོམ། །དེ་ནས་གྱེར་སྒོམ་སྦྲགས་པ་འདི་ལྟར་རོ། །ཆོས་ཀུན་ཡེ་ནས་ཀ་དག་རྫོགས་པ་ཆེ། །དེ་ཡི་ངང་ལས་མདུན་དུ་སྤང་ལྗོངས་དང་། །ཤེལ་བྲོག་གངས་དཀར་ནེའུ་སེང་མེ་ཏོག་བཀྲ། །ལྷོ་སྤྲིན་འཇའ་ཚོན་སྦྲང་ཆར་འབྲུག་སྒྲ་སྒྲོག །དེ་དབུས་ན་བུན་


CMR030_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཡོལ་བ་བྲིས་པའི་ནང་། །ཤེལ་གྱི་གུར་ཆེན་མུ་ཏིག་ཆོན་ཐག་དང་། །དུང་གི་ཚུགས་ཤིང་བྱི་རུའི་ཆོན་ཕུར་བཏབ། །འདོད་པའི་ཡོན་ཏན་སྣ་ཚོགས་གཅལ་དུ་བཀྲམ། །དེ་དབུས་སྣ་ཚོགས་པདྨ་འདབ་བཞིའི་དབུས། །ཟླ་བའི་སྟེང་དུ་གཡུ་ཡི་རྡོ་རྗེ་ནི། །ཧྲཱི༔ཡིག་གིས་མཚན་ཡོངས་སུ་གྱུར་པ་ལས། །ཇོ་མོ་གཡུ་སྒྲོན་སྟོན་ཀའི་ཟླ་བའི་མདོག །ཆིབས་སུ་རླུང་གི་ཤུགས་ཅན་ཡུ་མོ་ཆིབས། །གཡས་པས་མདའ་དར་གཡོན་པས་མེ་ལོང་འཛིན། །འདབ་བཞིའི་ཤར་དུ་ཧ་ལས་གཡུ་བུན་སྔོ། །དྲེལ་ལ་ཆིབས་ནས་རྡོ་རྗེ་མེ་ལོང་འཛིན། །ལྷོ་རུ་རི་ལས་རྡོ་རྗེ་


CMR030_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་ཞགས་སེར། །རྟ་སྔོན་ལ་ཆིབས་རིན་ཆེན་མེ་ལོང་འཛིན། །ནུབ་ཏུ་ནི་ལས་རྡོ་རྗེ་གཡུ་ཕྲེང་དམར། །རྐྱང་ལ་ཆིབས་ཤིང་པདྨ་མེ་ལོང་འཛིན། །བྱང་དུ་ས་ལས་རྡོ་རྗེ་གཡུ་སྐྱིད་ལྗང་། །འབྲོང་ལ་ཆིབས་ཤིང་རྒྱ་གྲམ་མེ་ལོང་འཛིན། །ལྔ་ཀ་རང་རང་མདོག་མཚུངས་ན་བཟའི་སྟེང་། །དར་དཀར་བེར་གསོལ་རིན་ཆེན་དུ་མས་བརྒྱན། །ཐོར་ཙུགས་དབུ་རྒྱན་མེ་ཏོག་ཕྲེང་བས་བརྒྱན། །དེ་རྒྱབ་བཀའ་ཉན་དཀར་མོ་མཆེད་བརྒྱད་ནི། །སྒེག་མཛེས་བཞེངས་ཐབས་མདའ་དར་མེ་ལོང་འཛིན། །དེ་རྒྱབ་བོད་ཁམས་བརྟན་མ་བཅུ་གཉིས་ནི། །སྣ་ཚོགས་རྒྱན་ལྡན་བཞོན་པ་སྣ་ཚོགས་ཅན། །དེ་རྒྱབ་སྲིད་པའི་སྨན་མོ་འབུམ་ཕྲག་ནི། །གཟུགས་མཛེས་གཞོན་ཚུལ་བྲོ་རྡུང་གར་སྟབས་འཁྱུགས། །ཀུན་གྱི་གནས་གསུམ་ཡིག་འབྲུ་གསུམ་པོ་དང་། །ས་བོན་འོད་ཀྱིས་འཁོར་བཅས་སྤྱན་དྲངས་གྱུར། །ཧཱུྃ་བྷྱོ༔ སྲིད་པའི་སྨན་བཙུན་ཇོ་མོ་གཡུ་སྒྲོན་མ། །མཆེད་ལྔ་བརྟན་སྐྱོང་སྨན་ཕྲན་འབུམ་དང་བཅས། །དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ན། །ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་སུ་གསོལ། །གསང་སྔགས་ཆོས་ཀྱི་སྲུང་མ་མཛད་པའི་


CMR030_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། །ཟངས་མདོག་དཔལ་གྱི་རི་དང་ཨོ་རྒྱན་ཡུལ། །ཉི་ཤུ་རྩ་བཞིའི་གནས་ནས་གཤེགས་སུ་གསོལ། །གཙུག་ལག་ཆོས་འཁོར་སྲུང་མ་མཛད་པའི་ཚེ། །རྡོ་རྗེ་གདན་དང་དཀར་ཆུང་གཙུག་ལག་ཁང་། །དཔལ་གྱི་བསམ་ཡས་ཕྱོགས་ནས་གཤེགས་སུ་གསོལ། །རུ་བཞི་བོད་ཁམས་སྐྱོང་མ་མཛད་པའི་ཚེ། །དབུ་རུ་སྙིང་ཚལ་གནས་ནས་གཤེགས་སུ་གསོལ། །ཞིང་སྐྱོང་མཁའ་འགྲོའི་ཚོགས་དཔོན་མཛད་པའི་ཚེ། །དཔལ་གྱི་ཙ་རི་ཏྲ་ནས་གཤེགས་སུ་གསོལ། །གནམ་སྨན་འབུམ་གྱི་གཙོ་མོ་མཛད་པའི་ཚེ། །ཡར་ལྷ་ཤམ་པོའི་མགུལ་ནས་གཤེགས་སུ་གསོལ། །དྲི་ཟ་ཡོངས་ཀྱི་གཙོ་མོ་མཛད་པའི་ཚེ། །གཙང་གི་ཇོ་མོ་གངས་ནས་གཤེགས་སུ་གསོལ། །བརྟན་མ་ཀུན་གྱི་གཙོ་མོ་མཛད་པའི་ཚེ། །ཁ་རག་གངས་རིའི་མགུལ་ནས་གཤེགས་སུ་གསོལ། །བཙན་རིགས་ཀུན་གྱི་གཙོ་མོ་མཛད་པའི་ཚེ། །ལྷོ་བྲག་སྨན་ལུང་གནས་ནས་གཤེགས་སུ་གསོལ། །འབྲས་མོ་ལྗོངས་ཀྱི་གནས་སྲུང་མཛད་པའི་ཚེ། །ཕོ་བྲང་སྨྱུག་རིའི་རྩེ་ནས་གཤེགས་སུ་གསོལ། །རྡོ་རྗེ་ཕུར་པའི་བཀའ་སྲུང་མཛད་པའི་ཚེ། །ཚ་བ་ཁེ་ཤོད་ཡུལ་ནས་གཤེགས་སུ་


CMR030_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཡུལ་ལྷ་ཀུན་གྱི་དགྱེས་སྡེ་མཛད་པའི་ཚེ། །ཕོ་བྲང་དབ་ལུང་གནས་ནས་གཤེགས་སུ་གསོལ། །རྣལ་འབྱོར་བདག་གིས་གདུང་བས་ཁྱོད་འབོད་ན། །གློག་ལྟར་མྱུར་བའི་ཤུགས་ཀྱིས་འདིར་བྱོན་ཅིག །ཨོཾ་བཛྲ་པྲ་མོ་ཧ་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛཿ བོད་ཁམས་སྐྱོང་མ་གནས་འདིར་བྱོན་པ་ལེགས། །ཤེལ་གྱི་གུར་ཁང་པདྨ་ཟླ་བའི་གདན། །གཙོ་དང་འཁོར་དུ་འཚམས་པའི་ཁྲི་གདན་ལ། །ཇི་སྲིད་མཆོད་པ་འབུལ་བ་དེ་སྲིད་དུ། །བརྟན་པར་བཞུགས་ལ་གང་བཅོལ་ཕྲིན་ལས་སྒྲུབས། །ཨོཾ་བཛྲ་པྲ་མོ་ཧ་ས་པཱ་རི་ཝཱ་ར་ས་མ་ཡ་ཛཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ཧྲཱིཿ བསྟན་སྲུང་ཆེན་མོ་གཡུ་སྒྲོན་འཁོར་དང་བཅས། །སྔོན་ཚེ་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །གསང་བདག་རྟ་མགྲིན་པདྨ་འབྱུང་གནས་དང་། །རིག་འཛིན་རྣམས་ཀྱི་སྤྱན་སྔར་ཁས་བླངས་པའི། །དམ་ལ་མ་འདའ་བདག་གི་ཕྲིན་ལས་སྒྲུབས། །ཨོཾ་བཛྲ་པྲ་མོ་ཧ་ས་པཱ་རི་ཝཱ་ར་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཧྲཱི༔ གཡུ་སྒྲོན་འཁོར་བཅས་མཆོད་པའི་དམ་རྫས་ནི། །རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱངས། །བྷྲཱུྃ་ཡིག་ལས་བྱུང་རིན་ཆེན་སྣོད་ནང་དུ། །སྨན་བཤོས་ཁཾ་ཡིག་ལས་བྱུང་བདུད་རྩིའི་


CMR030_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ། །ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས། །ཧ་ཧོ་ཧཱུྃཡིས་དྲི་རོ་ངན་པ་བཅོམ། །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩི་གྱུར། །བདུད་རྩི་རླངས་པ་མཆོད་པའི་སྤྲིན་ཕུང་འཁྲིགས། །སྣ་ཚོགས་རོལ་མོ་སྒྲ་དབྱངས་འབྲུག་སྒྲ་སྒྲོག །རིན་ཆེན་དགོས་འདོད་སྣ་ཚོགས་ཆར་དུ་འབེབས། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །སྣ་ཚོགས་འབྲུ་སྣ་སྨན་སྣ་རིན་ཆེན་ཚོགས། །དར་ཟབ་སྟོད་གཡོགས་སྨད་དཀྲིས་དར་མདུང་དཀར། །མདའ་དར་སྣ་ལྔ་མེ་ལོང་སྐུ་གཟུགས་དང་། །བྱི་རུ་གཡུ་དང་མུ་ཏིག་ཤེལ་གྱི་ཕྲེང་། །ར་དཀར་བ་དཀར་ལུག་དཀར་འབྲི་ཟལ་མོ། །རྟ་ནག་དྲེའུ་དཀར་དོང་སྔོན་པོ་དང་། །ཇ་ཆང་ཕུད་རྒོད་ཟས་ཕུད་ཕྱེ་མར་སོགས། །ཕྱི་ཡི་མཆོད་པ་སྣ་ཚོགས་ཁྱེད་ལ་འབུལ། །རྩ་བརྒྱད་སྟོང་ལ་སྦྱར་བའི་ཨ་མྲྀ་ཏ། །ཚོགས་ཀྱི་མཆོད་པ་ཤ་ལྔ་བདུད་རྩི་ལྔ། །མཁའ་འགྲོ་ལྔ་པོ་འཁོར་དང་བཅས་ལ་འབུལ། །བདེ་སྟོང་ཐབས་ཤེས་དབྱེར་མེད་མཉམ་པར་བཞག །དབབ་བཟུང་ལྡོག་བཀྲམ་དགའ་བཞིའི་ཡེ་ཤེས་


CMR030_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །གསང་བ་བླ་ན་མེད་པའི་མཆོད་པ་འབུལ། །རང་སེམས་ལྷན་ཅིག་སྐྱེས་མ་རྒྱལ་བའི་ཡུམ། །གདོད་ནས་རྣམ་དག་ཀུན་ཏུ་བཟང་མོ་སྟེ། །མཆོད་བྱ་མཆོད་བྱེད་བྲལ་བའི་མཆོད་པ་འབུལ། །ཀུན་རྫོབ་རྟེན་འབྲེལ་བཤམས་པའི་མཆོད་གཏོར་ཡང་། །ཤིན་ཏུ་དགྱེས་པའི་ཚུལ་དུ་བཞེས་སུ་གསོལ། །ཨོཾ་བཛྲ་པྲ་མོ་ཧ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཨགྷཾ་སོགས། ཧྲཱི༔ ཀུན་ཏུ་བཟང་མོ་ཡུམ་གྱི་ཆོ་འཕྲུལ་ལས། །སྲིད་པའི་སྨན་བཙུན་ཆེན་མོ་གཡུ་སྒྲོན་མ། །རྒྱུད་སྡེ་འབུམ་ཕྲག་དྲུག་ཅུའི་སྲུང་མ་མཛད། །སྔགས་ཀྱི་སྲུང་མ་ཁྱོད་ལ་བདག་བསྟོད་དོ། །དང་པོ་སྲིད་པ་ཆགས་པའི་ཕྲིན་ལས་བསྒྲུབ། །ཞང་ཞུང་དགྲ་བླ་ཛ་མུན་ཞེས་སུ་གྲགས། །གཡུང་དྲུང་བོན་གྱི་སྲུང་མ་མཐུ་མོ་ཆེ། །སྲིད་པའི་རྒྱལ་མོ་ཁྱོད་ལ་བདག་བསྟོད་དོ། །འཁོར་ལོ་སྡོམ་པའི་དཀྱིལ་འཁོར་མཚམས་སྲུང་མ། །གཤིན་རྗེ་མཆེ་བ་མ་ཞེས་ཁྱོད་ཀྱི་མཚན། །མ་མོ་རྦོད་གཏོང་དཀྱིལ་འཁོར་གྲལ་དུ་བཞུགས། །སྲིད་པའི་སྨན་མོ་གཡུ་སྒྲོན་ཁྱོད་ལ་བསྟོད། །ཡུལ་ཆེན་ཉེར་བཞིའི་ནང་ནས་བོད་ཀྱི་ཡུལ། །སྐྱོང་མཛད་བོད་སྐྱོང་ལྷན་ཅིག་སྐྱེས་མ་


CMR030_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས། །ཞིང་སྐྱོང་མ་མོའི་གཙོ་མོ་གཡུ་སྒྲོན་མ། །ཤཱཀ་ཐུབ་ལུང་བསྟན་ལྷ་མོ་ཁྱོད་ལ་བསྟོད། །བརྟན་སྐྱོང་ཡ་མ་ཀུན་གྱི་རྗེ་མོ་སྟེ། །བརྟན་མ་དམག་གི་རྒྱལ་མོ་ཞེས་སུ་གྲགས། །པདྨ་འབྱུང་གནས་བཀའ་ཡི་ཕོ་ཉ་མོ། །རྡོ་རྗེ་གཡུ་སྒྲོན་མ་ལ་བདག་བསྟོད་དོ། །ཞི་བའི་ཕྲིན་ལས་མཛད་ཚེ་སྐུ་མདོག་དཀར། །ཞི་མཛད་དཀར་མོ་འོད་ལྡན་ཞེས་སུ་གྲགས། །རྒྱས་པའི་ཕྲིན་ལས་མཛད་ཚེ་སྐུ་མདོག་སེར། །ཉི་འོད་འབར་བའི་སྨན་གཅིག་མ་ཞེས་གྲགས། །དབང་གི་ཕྲིན་ལས་མཛད་ཚེ་སྐུ་མདོག་དམར། །འཇིག་རྟེན་གསུམ་དབང་མཛེས་པ་མོ་ཞེས་གྲགས། །སྣ་ཚོགས་ཕྲིན་ལས་མཛད་ཚེ་སྐུ་མདོག་ལྗང་། །རྡོ་རྗེ་གཡུ་ཡི་སྒྲོན་མ་ཞེས་སུ་གྲགས། །ཕྲིན་ལས་ཀུན་འགྲུབ་ཁྱོད་ལ་བདག་བསྟོད་དོ། །ཞི་བའི་ལས་མཛད་རྡོ་རྗེ་གཡུ་བུན་མ། །རྒྱས་པའི་ལས་མཛད་རྡོ་རྗེ་གཡུ་ཞགས་མ། །དབང་གི་ལས་མཛད་རྡོ་རྗེ་གཡུ་ཕྲེང་མ། །དྲག་པོའི་ལས་མཛད་རྡོ་རྗེ་གཡུ་སྐྱིད་མ། །གཡུ་སྒྲོན་མཆེད་ལྔའི་སྐུ་ལ་བདག་བསྟོད་དོ། །དཀར་མོ་མཆེད་བརྒྱད་བརྟན་མ་བཅུ་གཉིས་དང་། །ཡ་མ་བཅུ་གཉིས་སྐྱོང་མ་བཅུ་གཉིས་དང་། །སྨན་ཕྲན་


CMR030_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་དང་སྡེ་བརྒྱད་ཡུལ་ལྷའི་ཚོགས། །ཇོ་མོ་གཡུ་སྒྲོན་འཁོར་དང་བཅས་ལ་བསྟོད། །མཆོད་སྦྱིན་གཏོར་མ་འབུལ་བ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ནད་གདོན་བར་ཆད་རྐྱེན་ངན་ཞི་བར་མཛོད། །མི་དང་ཕྱུགས་ལ་གོད་ཁ་མེད་པར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པར་མཛོད། །ཆོས་སྲིད་དབང་ཐང་བསྟན་པ་དར་བར་མཛོད། །ནང་གི་རླུང་སེམས་ཕྱི་ཡི་སྣང་བ་དང་། །འདོད་དགུའི་ལོངས་སྤྱོད་དབང་དུ་འདུ་བར་མཛོད། །ཡམས་ནད་རིམས་ནད་ཕྱུགས་ནད་འཐབ་རྩོད་དང་། །བྱད་ཁ་དྲོད་གཏོང་གནོད་པ་བཟློག་པར་མཛོད། །ཆག་ཆེན་ཉམ་ང་རྨི་ལམ་མཚན་མ་ངན། །ཀག་དང་སྲི་དང་ལྟས་ངན་བསྒྱུར་བར་མཛོད། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་དང་། །སྐྱེལ་བསུ་རོག་ལྡན་མཐུན་རྐྱེན་བསྒྲུབ་པར་མཛོད། །མདོར་ན་བདག་གི་ཡིད་ལ་གང་འདོད་པའི། །འདོད་དོན་ཐམས་ཅད་ཡིད་བཞིན་འགྲུབ་པར་མཛོད། །མ་ལྟར་བརྟེན་ནོ་མ་གཅིག་ཞེ་མ་སྣང་། །སྲིང་ལྟར་བརྟེན་ནོ་སྲིང་གཅིག་སྙིང་མ་རིང་། །མཛའ་ལྟར་བརྟེན་ནོ་གྲོགས་གཅིག་ཁྲེལ་མ་ཆུང་། །མ་གཡེལ་མ་གཡེལ་


CMR030_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ་བའི་ཕྲིན་ལས་མཛོད། །འཁོར་བཞིའི་ཐུགས་ཀར་ཧ་རི་ནི་ས་དང་། གཙོ་མོའི་ཐུགས་ཀར་ཧྲཱི༔ཡིག་དཀར་པོའི་མཐར། །སྔགས་ཕྲེང་གཡོན་དུ་འཁོར་བས་ཐུགས་རྒྱུད་བསྐུལ། །དེ་ལ་རང་ཉིད་པད་འབྱུང་ཐུགས་ཀ་ཡི། །འོད་ཟེར་ཕོག་པས་སྔོན་གྱི་དམ་ཚིག་དྲན། །ཕྲིན་ལས་ཡིད་ལ་གང་བསམ་འགྲུབ་པར་གྱུར། །ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་སྭ་ཧཱ། །ཞི་བའི་ལས་ལ་ཤམ་བུ་འདི་ཉིད་སྦྱར། །ནད་གདོན་བར་ཆད་ཤིནཾ་ཀུ་རུ་སྭཱ་ཧཱ། །རྒྱས་པའི་ལས་ལ་ཤམ་བུ་འདི་བཏགས་སོ། །བ་སུ་པུརྗེ་པུཎྚི་ཀུ་རུ་སྭཱ་ཧཱ། །དབང་གི་ལས་ལ་ཤམ་བུ་འདི་ཡིན་ནོ། །ལོ་ཀཱ་པཱ་ཤང་ཀུ་རུ་སྭཱ་ཧཱ། །ཕྲིན་ལས་གང་འདོད་སྐུ་མདོག་བསྒྱུར་ཁ་བྱ། །དགྲ་ཆད་འདི་ན་ཡོད་པ་འོག་ཏུ་བྲིས་ཡོད་ལགས། །དེ་ཕྱིར་ཤིན་ཏུ་བཅའ་ཤེས་བྱ། །ཞི་བར་བསྒྲུབ་ན་ནད་གདོན་ཞི། །བཀྲ་ཤིས་མི་ནོར་མངའ་ཐང་འཕེལ། །གསོལ་ཁའི་མཇུག་ལ་གཤེགས་གསོལ་ལམ། །རྟེན་ལ་བཞུགས་གསོལ་སྐབས་དང་བསྟུན། །དེ་སྐད་རཱ་ག་ཨ་སྱས་ཡིས། །དབ་ལུང་ཇོ་མོའི་མདུན་ལུང་དུ། །ནུབ་གཅིག་མར་མེའི་ངོགས་ནས་བྲིས། །ཚངས་གསར་སྔགས་འཆང་ལྷ་འབུམ་དང་། །བླ་མ་ཀརྨ་བསྟན་སྐྱོང་གིས། །སྐུ་ངོ་མ་ཆོག་བྲིས་པ་ལ། །ཉེས་པ་ཇོ་མོ་ཉིད་ལ་བཤགས། །དགེ་བས་བོད་ཁམས་བདེ་བ་དང་། །དཀོན་མཆོག་དབུ་འཕང་མཐོ་བར་ཤོག །སརྦ་མངྒ་ལཾ།། །། ༈ དྲག་པོའི་ལས་ལ་དམར་གཏོར་ལིང་གས་བརྒྱན། །འགུགས་


CMR030_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་བྱས་ལ་དགྲ་བགེགས་ཤ་ཁྲག་རུས། །གཏོར་མ་དབྱེར་མེད་དམིགས་ལ་སྐད་ཅིག་གིས། །དྲག་པོས་སྐུར་གྱུར་ཧབ་ཐོབ་ཟོས་པར་བསམས་ལ། ཨོཾ་བཛྲ་ཌཱ་ཀི་ནི་བེ་རོ་ཙ་ནི་ཡི་ལོ་ཀ་ཌཱ་ཀི་ནི་རཀྵ་རཀོ་ཛཿཛཿ དགྲ་བགེགས་ཀྱི་མ་ཧཱ་ནཱཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་ཀི་ནི་རི་ཏི་ལ་ཁཱ་ཧི། དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ བྷོ། སྲིད་པའི་མ་མོ་གཡུ་སྒྲོན་མ། །ཤ་ཟ་ཌཱ་ཀི་ཟ་བྱེད་གདོང་། །མགོ་དགུ་འཇིགས་པའི་མཆེ་བ་གཙིགས། །ཁ་དགུ་ནད་ཀྱི་རླངས་པ་འཐུལ། །ཉེར་བདུན་མིག་ནས་ཁྲག་ཆར་འབེབས། །ཕྱག་བརྒྱད་མཚོན་ཆའི་བུ་ཡུག་འཚུབ། །ལྕགས་ཀྱི་སྤྱང་མོ་མགོ་དགུ་ཆིབས། །ནམ་གྱི་གུང་ལ་སྟོང་གསུམ་ཉུལ། །དགྲ་བོའི་བླ་འཁྱམས་ཁྱེར་ལ་ཤོག །ནད་ཀྱི་ཁ་རླངས་དགྲ་ལ་ཐོངས། །ཁྲག་གི་ཆར་པ་དགྲ་ལ་ཕོབ། །མཚོན་གྱི་བུ་ཡུག་དགྲ་ལ་ཕོབ། །བསྟན་དང་བདག་ལ་སྡང་བ་ཡི། །སྡིག་ཅན་དགྲ་བོ་ཟས་སུ་ཟོ། །ཤ་ལ་དགའ་བའི་མ་མོ་རྣམས། །དགྲ་ཤ་ཚོགས་སུ་ད་རོལ་ཅིག །ཁྲག་ལ་རྔམ་པའི་མ་མོ་རྣམས། །དགྲ་ཁྲག་སྐམ་དུ་ད་འཐུང་ཞིག །བྷྱོ། སྲིད་པའི་སྨན་མོ་གཡུ་སྒྲོན་མ། །ཤིན་ཏུ་དྲག་ཏུ་ཁྲོས་ཙ་ན། །སྐུ་


CMR030_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་མཐིང་ནག་མུན་པའི་མདོག །ཞལ་གསུམ་མཐིང་ནག་སྤྱན་དགུ་བརྒྱད། །ཡ་མཆེ་བྲང་གི་དཀྱིལ་དུ་སླེབས། །མ་མཆེ་སྨིན་མའི་རྩ་བར་སླེབས། །སྲིད་པ་གསུམ་གྱི་ཤ་ཁྲག་གིས། །མི་ངོམས་ཤ་ཟ་ཁ་མོ་ཆེ། །དགྲ་བོའི་ཤ་ལ་ད་ཟོ་ཞིག །ཕྱག་གཡས་བདུད་ཀྱི་ཁྲམ་ཤིང་ཕྱིར། །དགྲ་བོ་ཁྲམ་ལ་ད་ཐོབ་ཅིག །བདུད་ཀྱི་བུ་མོའི་དུས་ལ་བབ། །ཕྱག་གཡོན་ནད་ཀྱི་རྐྱལ་པ་འཛིན། །དལ་ཡམས་རོ་ལིང་དགྲ་ལ་ཕོབ། །ནད་བདག་ཆེན་མོ་ད་རྒྱུག་ཅིག །མཚོན་གྱི་གྲི་གུ་མཆན་དུ་བཅུག །ནང་འཁྲུག་གི་རྒོད་དགྲ་ལ་ཐོངས། །སྲིད་པའི་སྨན་མོ་ལས་ལ་ཡ། །ཆིབས་སུ་དྲེལ་ནག་རྐང་གསུམ་ཆིབས། །སྐད་ཅིག་ཉིད་ལ་གླིང་བཞི་བསྐོར། །དགྲ་བོ་མ་བཏང་ཤྭ་ར་རེ། །ལས་མཁན་མ་མོའི་དུས་ལ་བབ། །ཡབ་ནི་རྒྱལ་པོ་སྟག་ཞུ་ཅན། །སྡང་བའི་དགྲ་ལ་སྨྱོ་འབོག་ཐོངས། །ཡུམ་ནི་གངས་དཀར་ཉི་མ་འཕྲུལ། །རི་བྱིའུ་དགྲ་བོའི་སྙིང་ལ་ཆུག །མིང་པོ་རྡོ་རྗེ་ལེགས་པ་སྐྱོང་། །ཐེའུ་རང་ཆོ་འཕྲུལ་དགྲ་ལ་ཐོངས། །སྲིང་མོ་མི་རྐུན་ཐོད་རྒྱལ་གྱིས། །དགྲ་བོའི་མི་ནོར་རྐུས་ལ་ཤོག །ལས་མཁན་དུར་ཁྲོད་འདྲེ་


CMR030_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ཚོགས། །དགྲ་ལ་མི་རུངས་སྣ་དགུ་ཐོངས། །ཕོ་ཉ་མགྱོགས་བྱེད་སྐད་ཅིག་གིས། །ད་ལྟ་ཉིད་དུ་རྒྱུག་འདྲལ་གྱིས། །འཁོར་གྱི་སྡེ་བརྒྱད་དྲེགས་པའི་ཚོགས། །དགྲ་བོ་ཁ་ཕུང་རྗེས་མེད་ཐོངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བརྗོད་གཏོར་མ་ཟོར་དུ་འཕངས། །དེ་རྗེས་སྐུ་འདྲའི་དར་དཔྱངས་བརྡབ། །གལ་ཆེན་འགའ་ལ་མ་ཐུག་བར། །དུས་མིན་རྙེད་ཆུང་ཙམ་ལ་ནི། །བྱས་ན་སྲིད་པའི་མ་མོ་འཁྲུགས། །རང་ལ་དལ་ཡམས་ནད་འཁྲུགས་འབྱུང་། །དེ་ཕྱིར་ཀུན་གྱི་བཅོལ་ཤེས་བྱ།། །། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །།


previousབོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་དབ་ཀྱི་ཇོ་མོ་གཡུ་སྒྲོན་གྱི་གསོལ་ཁ་བོད་ཁམས་སྤྱིའི་རིམ་གྲོ་འདོད་དགུའི་ཆར་འབེབས།no next