Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

3 occurrences of འཚེར་རྩུབ་
[Clear Hits]


  
བཞེད་པ་རྡོ་རྗེའི་གསང་བའི་བླ་མའི་རྣལ་འབྱོར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


3 occurrences of འཚེར་རྩུབ་
[Clear Hits]

 
no previousབཞེད་པ་རྡོ་རྗེའི་གསང་བའི་བླ་མའི་རྣལ་འབྱོར།next

བཞེད་པ་རྡོ་རྗེའི་གསང་བའི་བླ་མའི་རྣལ་འབྱོར།


CMR031_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་པ་རྡོ་རྗེའི་གསང་བའི་བླ་མའི་རྣལ་འབྱོར་བཞུགས་སོ། །


CMR031_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཧ་ས་བཛྲ་ཌཱ་ཀི་ཡེ། རྗེ་བཙུན་བཞད་པ་རྡོ་རྗེ་ཡབ་ཡུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དགོངས་པ་གྲོལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལ་སྤྱིར་གསང་སྔགས་ཀྱི་རྒྱུད་སྡེ་ཆེན་པོ་རྣམས། གསུངས་པ་པོའི་སྟོན་པ་དང་། དེ་འཁོར་ཉན་པ་པོ་དང་། རྒྱུད་སྡེ་དེའི་བསྟན་པ་འཛིན་པའི་གང་ཟག་རྣམས་ངོ་བོ་དབྱེར་མེད་པར་རྒྱུད་ཀྱི་བཤད་པ་རྣམས་ནས་རྒྱ་ཆེར་གསུངས་ཤིང་། ཁྱད་པར་དུ་རྗེ་བཙུན་གྱི་རྣམ་ཐར་ལྷ་ཡུལ་མ་སོགས་ནས་རྗེ་མི་ལ་ཉིད་ནི་ངོ་བོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡིན་པར་རྒྱ་ཆེར་གསུངས་ལ། དེ་ཡིན་ཕན་ཆད། དེའི་གསང་ཡུམ་དེ་རྡོ་རྗེ་སྙེམས་མ་ཡིན་པར་ཐག་ཆོད་ལ། གསང་སྔགས་ཀྱི་རྩ་བ་དབང་བཞི་དངོས་སུ་བསྐུར་བའི་ཚེ། གསང་


CMR031_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྐུར་དུས་བླ་མ་ཡབ་ཡུམ་གཉིས་ཀ་རྩ་བའི་བླ་མར་འགྱུར་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དངོས་སུ་སྐུར་ཚེ་ཡུམ་དེ་ཉིད་རྩ་བའི་བླ་མར་འགྱུར་ཕྱིར་ཡུམ་དེ་ལ་དམ་ཚིག་ལྷག་པར་དུ་ཡང་སྲུང་དགོས་པར་བཤད་པའི་ཆ་ནས་ཀྱང་། བཀའ་བརྒྱུད་འདི་པའི་དོན་གྱི་བླ་མ་བརྒྱུད་པར་ཡང་ངེས་ལ། ཁྱད་པར་རྗེ་དུས་མཁྱེན་གྱི་རྩ་བའི་བླ་མར་གཅིག་ཏུ་འཛིན་ཏེ། ཇོ་མོ་བཀྲ་ཤིས་ཚེ་རིང་མ། །གླིང་ཁ་བ་དང་མཚུར་སྟོན་སོགས། །སྒྲུབ་བརྒྱུད་ཀུན་གྱི་བཅུད་ལ་འདུད། །ཅེས་གསུངས་པ་ཡིན་ཞིང་། གསང་བ་རིགས་ཀྱི་ཌཱ་ཀི་ལྔ་ཞེས་པས་ངོ་བོ་ཡེ་ཤེས་ཀྱི་མཁའ་འགྲོ་ཡིན་པ། དཔལ་སྟག་ལུང་པ་སོགས་ཀྱིའང་ཡི་དམ་ཆོས་སྐྱོང་དབྱེར་མེད་དུ་འཛིན་པ་ཡིན་པ་སྟེ། རྗེ་ངག་དབང་རྣམ་རྒྱལ་གྱི་གསུང་ལས། ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་ཌཱ་ཀི་མ་ཅིར་


CMR031_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྟོན་པའི་སྒྱུ་འཕྲུལ་ཆེན་མོ་ཞིག་ཅེས་གསུངས་སོ། །དེས་ན་འདིའི་སྒོ་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པར་འདོད་པས། རང་ཉིད་སྐད་ཅིག་དྲན་རྫོགས་སུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའམ། གསང་བ་ཡེ་ཤེས་ཀྱི་ཌཱ་ཀིར་བསྒོམས་པའི་སྤྱི་བོར་པདྨའི་སྡོང་པོ་འདབ་མ་བཞི་པའི་ཟེའུ་འབྲུར་རྗེ་བཙུན་མི་ལ་སྐྱའི་རིགས་ཀྱི་རྡོ་རྗེ་སེམས་དཔའ་དཀར་པོ་གཡས་འཁོར་ལོ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། སེམས་པའི་སྐྱིལ་ཀྲུང་གིས་ཡུམ་ཚེ་རིང་མ་སངས་རྒྱས་མཁའ་འགྲོ་གཟུགས་རྡོ་རྗེ་མའི་གཟུགས་ཅན་མེ་ལོང་འཛིན་པས་འཁྱུད་པ། །མདུན་གྱི་པད་འདབ་ལ་རྗེ་བཙུན་མི་ལ་ཐུགས་ཀྱི་རིགས་ཀྱི་རྡོར་སེམས་མཐིང་ཁ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ། མཐིང་གི་ཞལ་བཟང་མ་རྡོ་རྗེ་མཁའ་འགྲོ་སྒྲ་རྡོ་རྗེ་མ་པི་ཝང་འཛིན་པས་འཁྱུད་པ། གཡས་སུ་རྗེ་བཙུན་ཆེན་པོ་ཡོན་ཏན་རིགས་ཀྱི་རྡོ་རྗེ་སེམས་དཔའ་སེར་པོ་རིན་ཆེན་དྲིལ་བུ་འཛིན་པ་ལ། མི་གཡོ་བློ་བཟང་རིན་ཆེན་མཁའ་འགྲོ་དྲི་རྡོ་རྗེ་མ་སྤོས་ཕོར་འཛིན་པས་འཁྱུད་པ། རྒྱབ་ཏུ་རྗེ་བཙུན་ཉིད་གསུང་གི་རིགས་ཀྱི་རྡོ་རྗེ་སེམས་དཔའ་དམར་པོ་པདྨ་དྲིལ་བུ་འཛིན་པ་ལ། ཅོད་པན་མགྲིན་བཟང་པདྨ་མཁའ་འགྲོ་རོ་རྡོ་རྗེ་དམར་


CMR031_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཞལ་ཟས་འཛིན་པས་འཁྱུད་པ། གཡོན་དུ་རྗེ་བཙུན་མི་ལ་ཕྲིན་ལས་རིགས་ཀྱི་རྡོ་རྗེ་སེམས་དཔའ་ལྗང་ཁུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ་ལ། གཏད་དཀར་འགྲོ་བཟང་ལས་ཀྱི་མཁའ་འགྲོ་རེག་བྱ་རྡོ་རྗེ་མ་ན་བཟའ་འཛིན་པས་འཁྱུད་པ། ཡབ་རྣམས་ཞལ་གཅིག་སྤྱན་གསུམ་དབུ་སྐྲ་ཐོར་ཙུགས་རུས་པའི་རྒྱན་དྲུག་དང་སྟག་ཤམ་ཅུང་གྲོལ་བ་ཁྲོ་ཞིང་འཛུམ་པ། ཡུམ་རྣམས་དབུ་སྐྲ་སིལ་བུར་གྲོལ་ཞིང་གཅེར་བུ་རིན་ཆེན་དང་རུས་པའི་རྒྱན་ཅན། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ་སྐུ་རྡོ་རྗེའི་ངོ་བོ། མགྲིན་པར་ཨཱདམར་པོ་གསུང་རྡོ་རྗེའི་ངོ་བོ། ཐུགས་ཀའི་ཆ་སྨད་ཧཱུྃ་མཐིང་ནག་ཐུགས་རྡོ་རྗེའི་ངོ་བོ། སླར་ཡང་ཡབ་ཡུམ་རྣམས་ཀྱི་ཐུགས་ཀའི་དབུས་སུ། ཡབ་ལྔ་ལ་རིམ་པར། ཨོཾ་ཧཱུྃ་ཧཱུྃ་ཧྲཱིཿཨཱཿ ཡུམ་རྣམས་ལ་ཨོ་དང་ཧ་རི་ནི་སས་མཚན་པར་བསྒོམ། ས་བོན་རྣམས་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། མཁའ་སྤྱོད་ཀྱི་གནས་ནས་སྒོམ་པ་ལྟ་བུའི་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམས་ནས། ན་མོ་གུ་རུ། གངས་ཅན་རྒྱུད་དུ་སྐུ་འཁྲུངས་ཤིང་། །འཇིག་རྟེན་སྐྱོན་གྱིས་མ་གོས་པ། །ནཱ་རོའི་བརྒྱུད་པའི་བྱིན་རླབས་ཕྱིར། །དཀའ་བ་


CMR031_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་པའི་ངོ་མཚར་ཅན། །འགྲོ་བའི་ནད་གསོ་སྨན་པའི་མཆོག །ཉི་ཟླ་ལྟར་གྲགས་ཕྱག་གི་གནས། །མཚན་མི་ལ་ཞེས་བྱར་གྲགས་པ་ཡི། །ཕ་རས་པ་དེ་ལ་གུས་ཕྱག་འཚལ། ༈ །བྱང་ཕྱོགས་རྒྱུད་དུ་སྐུ་འཁྲུངས་ཤིང་། །འཇིག་རྟེན་སྐྱོན་གྱིས་མ་གོས་པར། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །མི་ལ་མཆོག་ལ་གསོལ་བ་འདེབས། །བདེ་ཆེན་བརྗོད་མེད་རོ་ཡིས་མྱོས། །སྲིད་གསུམ་དག་པའི་ཕྱག་རྒྱས་བཅིངས། །བསྲེགས་བཞུའི་ལམ་ནས་ལྷན་ཅིག་སྐྱེས། །མི་ལ་མཆོག་ལ་གསོལ་བ་འདེབས། །རགས་སྣང་ཕྲ་ཐིག་ཟབ་མོར་བསྟེན། །ཕྲ་མྱོང་བདག་བྱིན་རླབས་པར་མཛད། །གསང་བའི་དཀྱིལ་འཁོར་རིགས་ཀྱི་བདག །མི་ལ་མཆོག་ལ་གསོལ་བ་འདེབས། །འཛག་མེད་གཙོ་མོར་ས་བོན་བཀྲོལ། །སྲིད་བདག་ལམ་དུ་སྙིང་རྗེས་ལེན། །ནུས་པ་དྲག་པོའི་སྐུར་བཞེངས་པ། །མི་ལ་མཆོག་ལ་གསོལ་བ་འདེབས། །བདག་ཀྱང་འཁོར་བ་མི་སྤོང་ཞིང་། །མྱ་འདས་ཞི་བར་མི་འཇུག་སྟེ། །མཁའ་སྤྱོད་དབང་ཕྱུག་མི་ལ་ཡི། །མཆོག་གི་དངོས་གྲུབ་འགྲུབ་གྱུར་ཅིག །བྱང་ཕྱོགས་མུན་པའི་སྨག་རུམ་ནས། །གངས་ལ་ཉི་


CMR031_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤར་འདྲ་བའི། །ཐོས་པ་དགའ་ཞེས་བྱ་བ་ཡི། །སྐྱེས་བུ་དེ་ལ་གུས་ཕྱག་འཚལ། །ཞེས་རྗེ་མི་བསྐྱོད་རྡོ་རྗེས་མཛད་པའི་མི་ལའི་བསྟོད་པ་ཆེ་རིང་མའི་ཆོ་ག་དང་ཆོས་སྤྱོད་རབ་གསལ་དུ་ཡོད་པ་དེ་གསོལ་འདེབས་སུ་བསྒྱུར་ལ་འདོན་ཅིང་། དེ་ནི་གསང་བའི་གསོལ་འདེབས་ཀྱང་ཡིན་ལ། ཨོཾ། རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །རྡོ་རྗེ་མཁའ་འགྲོ་གཟི་བརྗིད་ཅན། །གསང་མཚན་རྡོ་རྗེ་བཞད་པ་མོ། །རྡོ་རྗེ་དཔལ་མོ་ལོངས་སྤྱོད་ཡུམ། །མི་གཡོ་རྡོ་རྗེ་གར་མཁན་མ། །ཁྱེད་ཀྱི་མཐུ་སྟོབས་རྫུ་འཕྲུལ་གྱིས། །རླུང་སེམས་སྣང་བ་དབང་དུ་བསྡུས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །ཅེས་གསོལ་བ་བཏབ་པས་ཡབ་ཡུམ་བཅུ་པོ་སྙོམས་པར་ཞུགས་པའི་སྒྲས། ཧ་ཧ་སི་སི་ཀུན་དྷུ་རུ་བཛྲ་དྷིག །ཅེས་པ་བདེ་བའི་སྒྲས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་བསྒྲགས་པས་བསྐུལ་ཏེ། འོག་མིན་མཁའ་སྤྱོད་དང་ནུབ་ཕྱོགས་ཨོ་རྒྱན་ཡུལ། ཡུལ་ཉི་ཤུ་རྩ་བཞི་གནས་སུམ་ཅུ་སོ་བདུན་རྣམས་ནས། བླ་མ་གྲུབ་ཐོབ་རིག་འཛིན་ཡི་དམ་དཔའ་བོ་མཁའ་འགྲོ་ཐམས་ཅད་ཁ་བ་བུ་ཡུག་ལྟར་བྱོན་ནས། རིགས་ལྔ་སོ་སོའི་ཡབ་ཐམས་ཅད་ཡབ་རྣམས་ཀྱི་ཞལ་དུ་ཞུགས། ཡུམ་ཐམས་ཅད་


CMR031_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་རྣམས་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་ནས་བདུད་རྩི་བྱང་སེམས་དཀར་དམར་གྱི་ངོ་བོར་ཞུ་སྟེ། ཡབ་ཡུམ་བཅུའི་སྦྱོར་མཚམས་ནས་བྱང་སེམས་ཁ་དོག་ལྔ་ལྡན་བབ་པ་གཅིག་ཏུ་འདྲེས་ཏེ། དཀར་དམར་མདངས་ལྡན་མུ་ཏིག་མདོག་ཅན། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་བབས་ནས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་གང་། ལུས་ཀྱི་སྒྲིབ་དག་བུམ་པའི་དབང་ཐོབ། ལུས་སྤྲུལ་སྐུའི་ངོ་བོར་སྨིན། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་གང་། ངག་གི་སྒྲིབ་པ་དག་གསང་བའི་དབང་ཐོབ། ངག་ལོངས་སྐུའི་ངོ་བོར་སྨིན། སྙིང་ཁ་ཆོས་ཀྱི་འཁོར་ལོ་གང་། ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཆོས་སྐུའི་ངོ་བོར་སྨིན། ལྟེ་བ་སྤྲུལ་པའི་འཁོར་ལོ་གང་། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །དབང་བཞི་པ་ཚིག་གི་དབང་ཐོབ། སྐུ་གསུམ་དབྱེར་མེད་དོན་དམ་ངོ་བོ་ཉིད་སྐུའི་ངོ་བོར་སྨིན། རྐང་མཐིལ་ཡན་སྤྱི་གཙུག་མན་ཆད་ལྡེམས་སེ་གང་་ཤེས་བྱའི་སྒྲིབ་པ་དག །རིག་པ་རྩལ་གྱི་དབང་ཐོབ་ཕྲིན་ལས་རབ་འབྱམས་འགྲུབ་པའི་ངོ་བོར་སྨིན། དེ་ནས་ཡུམ་ལྔ་ཡབ་རྣམས་ལ་ཐིམ་པས། ཡབ་ལྔའི་རྩ་དབུ་མ་


CMR031_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབྱེར་མེད་དུ་གྱུར། ཡབ་ལྔ་གཅིག་ཏུ་འདུས་པ་རྡོ་རྗེ་འཆང་ཆེན་པོའི་སྐུར་གྱུར་པ་ལ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་ཁར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། རྡོ་རྗེ་འཆང་དེ་རྩ་དབུ་མ་ནས་མར་བྱོན་ནས། རང་གི་སྙིང་པདྨ་དམར་པོ་འདབ་མ་བརྒྱད་པ་ཁ་གྱེན་དུ་ཕྱེ་བའི་དབུས་སུ་བཞུགས་ཏེ། །དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། འཁོར་འདས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་བདག་ལ་ཐིམ། བདག་རྡོ་རྗེ་འཆང་ལ་ཐིམ། རྡོ་རྗེ་འཆང་ཐུགས་ཀའི་ཧཱུྃ་ལ་ཐིམ། ཧཱུྃ་ཞབས་ཀྱུ་ནས་གྱེན་དུ་ཡལ་ཏེ། སྟོང་པ་ཉིད་དུ་གྱུར་པའི་ངང་ལ། སེམས་མ་བཅོས་པར་ཀློད་དེ་ཀློད་ལ་རང་བབས་སུ་བཞག་གོ །དེ་ལྟར་ཐུན་སྐབས་སུ་བསྒོམས་ན། བདེ་སྟོང་ཕྱག་རྒྱ་ཆེན་པོའི་རྟོགས་པ་རང་བབ་ཏུ་འཁྲུངས་བར་ངེས་སོ། །ཞེས་པ་འདི་བརྒྱུད་པའི་བྱིན་རླབས་ཀྱིས་བདག་གི་སེམས་ལ་འཁྲུངས་བའི་རྟོགས་ཆོས་ལགས་ཏེ་སྔར་ཡི་གེ་མེད་དོ། །ཉེས་མཆིས་ཌཱ་ཀི་ལ་བཤགས་ཤིང་དགེ་བས་འགྲོ་མང་སྨིན་གྲོལ་ཤོག །ཅེས་རྣལ་འབྱོར་པ་རཱ་ག་ཨ་སྱས་སོ། །མངྒ་ལཾ། བཀའ་རྒྱ་


CMR031_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

དམ་དུ་བྱའོ།། རཱ་ག་ཨ་སྱའི་ཕྱག་བྲིས་ངོ་མ་ལས་ཞལ་བཤུས་སོ།། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


no previousབཞེད་པ་རྡོ་རྗེའི་གསང་བའི་བླ་མའི་རྣལ་འབྱོར།next