Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

3 occurrences of འཚེར་རྩུབ་
[Clear Hits]


  
  
ཚེ་རིང་མའི་གཏོར་ཆོག་བསྡུས་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


3 occurrences of འཚེར་རྩུབ་
[Clear Hits]

 
previousཚེ་རིང་མའི་གཏོར་ཆོག་བསྡུས་པ།next

ཚེ་རིང་མའི་གཏོར་ཆོག་བསྡུས་པ།


CMR031_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རིང་མའི་གཏོར་ཆོག་བསྡུས་པ་བཞུགས་སོ།། བྷྱོ། རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས། །བལ་བོད་གཉིས་ཀྱི་ས་མཚམས་ནས། །གངས་དཀར་ཤེལ་གྱི་ཅོད་པན་ཅན། །ཕུ་ཆུ་སྙན་པའི་རྒྱུན་སྒྲ་ཅན། །ནགས་མ་མེ་ཏོག་ཤམ་བུ་ཅན། །གཡའ་སྤང་གཡུ་ཡི་སྐེ་རགས་ཅན། །སྨན་ལྗོངས་བྲག་གི་ར་བ་ཅན། །གནས་མཆོག་དེ་འདྲའི་གཡོན་མགུལ་དུ། །དར་དཀར་གུར་གྱི་ནང་ཤེད་ན། །རིན་ཆེན་སྣ་ལྔའི་ཁྲི་སྟེང་ན། །བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །དྲག་པོའི་གདུང་བས་ཁྱོད་འབོད་ན། །དེ་རིང་སྒྲུབ་པའི་གནས་མཆོག་འདིར། །ལྷབ་ལྷུབ་ན་བཟའི་རྒྱན་དང་ལྡན། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །ནམ་མཁའི་ཁམས་ནས་སྤྱན་འདྲེན་ན། །འཁོར་དང་བཅས་པ་གཤེགས་སུ་གསོལ། །ཧཱུྃ། ལྷ་སྨན་བཀྲ་ཤིས་ཚེ་རིང་མ། །ཁྱོད་ཀྱི་ཁྱོ་དང་འབྲང་སྨོས་པ། །ཡབ་ནི་ལྷོ་ལྷ་དེ་བ་ཡིན། །ཡུམ་ནི་འབྲང་ཡུམ་སྨན་གཅིག་མ། །མིང་པོ་བདུན་ལ་སྲིང་མོ་ལྔ། །ལྔ་ཚིག་དབུས་ཀྱི་གཙོ་མོ་སྟེ། །ཁྱོད་ནི་གཙང་རིགས་ལྷ་ཡི་སྲས། །མཛེས་སྡུག་འོད་དུ་ཆི་ལི་ལི། །ཞལ་བཟང་ཟླ་བ་ཉ་བ་འདྲ། །ལྷ་མོ་རྣམས་ཀྱང་


CMR031_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་གྱིས་གནོན། །མགྲིན་པ་གཅིག་ན་གླུ་སྒྲ་སྟོང་། །ཚངས་པའི་དབྱངས་ཀྱང་ཟིལ་གྱིས་གནོན། །དབུ་སྐྲ་ཉག་མ་རེ་རེ་ལ། །གསེར་གཡུའི་ལན་ཚར་སྟོང་སྟོང་ལྡན། །ན་བཟའ་དར་དཀར་གོ་ཟུ་གསོལ། །རིན་ཆེན་དུ་མས་སྐུ་ལུས་བརྒྱན། །ཉིན་གསུམ་གངས་དཀར་སྟོད་ལ་བཞུགས། །སྨན་མོ་རྣམས་དང་ལྷན་ཅིག་རོལ། །མཚན་གསུམ་རྒྱ་གར་ཡུལ་དུ་བཞུགས། །རབ་ཏུ་མཛེས་པའི་དུར་ཁྲོད་དུ། །མཁའ་འགྲོ་རྣམས་ལ་ཆོས་འཁོར་བསྐོར། །བཀའ་ཉན་སྤྲུལ་པའི་དམག་ཚོགས་རྣམས། །མ་ལུས་འཁོར་དང་བཅས་པ་རྣམས། །འདིར་བྱོན་བདག་གི་ཕྲིན་ལས་སྒྲུབས། །ཁྱོད་ལ་མཆོད་པ་ཕུལ་བ་ནི། །བདུད་རྩི་སྨན་གྱི་རྩེ་ཕུད་དང་། །མེ་ཏོག་ཡིད་འོང་མཛེས་པའི་ཚལ། །སྤོས་དྲི་ཕུན་སུམ་ཚོགས་པ་དང་། །སྒྲོན་མེ་དྲི་ཆབ་བཤོས་གཙང་དང་། །སྒྲ་སྙན་གསང་བའི་རྗེའུ་ཆུང་རྣམས། །ཐུགས་བརྩེར་དགོངས་ཏེ་བཞེས་ནས་ཀྱང་། །བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ། །སྔོན་ཚེ་དབེན་གནས་ཡོངས་རྫོགས་སུ། །དབང་ཕྱུག་བཞད་པ་རྡོ་རྗེ་ལ། །རང་རང་སྲོག་གི་སྙིང་པོ་ཕུལ། །བཀའ་འབངས་བཅས་པའི་རྩིས་ལ་ཕབ། །ཆོས་བརྒྱུད་


CMR031_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་བ་གཡར་དམ་བཅས། །དེ་རིང་སྨན་བཙུན་རྒྱལ་མོ་ལ། །མིང་པོས་གསོལ་བ་འདེབས་པ་ནི། །སྲིད་གསུམ་རིགས་རྒྱུད་སྤེལ་བ་དང་། །སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །གཞན་ཡང་ཕྱི་ནང་གསང་བ་ཡི། །དངོས་གྲུབ་མ་ལུས་བདག་ལ་སྩོལ། །ཁྱོད་ལ་གསོལ་བ་འདེབས་པ་ནི། །རྣལ་འབྱོར་ཚེ་བསྲིང་ལུས་མདངས་བསྐྱེད། །ནང་གི་རླུང་སེམས་དབང་དུ་བསྡུས། །ཟག་སྒྱུ་བཅས་ལུས་ཀྱི་བདེ་བ་བསྐྱེད། །ཕྱི་ཡི་སྣང་བ་དབང་དུ་བསྡུས། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །བཀྲ་ཤིས་དཔལ་བསྐྱེད་འཁོར་སྐྱོངས་ལ། །འགལ་ཅན་ཀུན་སེལ་མཐུན་རྐྱེན་སྒྲུབས། །བཅོལ་བའི་ལས་ཀྱི་འབྲས་བུ་དེ། །མཆིས་པར་མཛོད་ཅིག་ཐུགས་དམ་ཅན། །ཞེས་ཨ་རཱ་གས་སྦྱར།། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཚེ་རིང་མའི་གཏོར་ཆོག་བསྡུས་པ།next