Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

3 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
རྗེ་དྲུག་པས་བསྩལ་བའི་ཚེ་རིང་མའི་རྫོགས་རིམ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


3 occurrences of འཚེར་རྩུབ་
[Clear Hits]

 
previousརྗེ་དྲུག་པས་བསྩལ་བའི་ཚེ་རིང་མའི་རྫོགས་རིམ།next

རྗེ་དྲུག་པས་བསྩལ་བའི་ཚེ་རིང་མའི་རྫོགས་རིམ།


CMR031_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དྲུག་པས་བསྩལ་བའི་ཚེ་རིང་མའི་རྫོགས་རིམ། ན་མོ་གུ་རུ་ཧ་ས་བཛྲ་ཡེ། འདིར་ཚེ་རིང་མའི་ཆོ་གའི་ཟུར་བརྒྱན་ལ། འདིའི་སྒོ་ནས་མཆོག་སྒྲུབ་པའི་ཐབས་ལ། སྔོན་ལས་སད་པའི་གང་ཟག་ལ། །ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཐབས། །བླ་མ་ཡི་དམ་ཌཱ་ཀི་ཡི། །བསྐྱེད་རྫོགས་བསྒོམ་པའི་ལག་ལེན་བསྟན། །ཞེས་པའི་དོན་ནི། ཆོ་གའི་བདག་མདུན་མཆོད་བསྟོད་ཡན་གཞུང་ལྟར་ལས། བསྟོད་པ་ཚར་བ་དང་། རང་ཉིད་རྗེ་བཙུན་མའི་དབུ་ལ་ཕག་ཞལ་སྔོན་པོ་གཡས་སུ་ལྟ་བའི་སྤྱན་དབུས་མའི་ཐད་ཀྱི་ནམ་མཁར་གཡུང་དྲུང་འཁྱིལ་པ་གཡོན་དུ་འཁོར་བ། ལྟེ་བར་ཆོས་འབྱུང་བསྣོལ་མའི་ལྟེ་བར་ས་བོན་བོའམ་ཧྲཱིདང་། སྔགས་ཕྲེང་བསྐོར་བའི། ཆོས་འབྱུང་གཡོན་དུ་འཁོར་བ་དང་སྟེང་འོག་ཨེ་འཁོར་ལོ་གཉིས་ལ་སེམས་གཏད་པས་ཏིང་ངེ་འཛིན་སྐྱེ། ཡང་བཻ་ཡིག་ལ་རྗེ་བཙུན་མའི་སྔགས་ནས་ཌཱ་ཀི་ལྔའི་སྔགས་བཏགས་པས་བསྐོར་བ་དེ་ལ་མགལ་མེའི་འཁོར་ལོ་ལྟར་གཡོན། དུ་འཁོར་བའི་འོད་ཟེར་གྱིས། མདུན་གྱི་ཌཱ་ཀི་ལྔ་ལ་ཕོག་པས་བདག་གིས་དབང་དུ་འདུས་ནས་བཀའ་ཉན་ཕྲིན་ལས་བསྒྲུབ་པར་གྱུར་ཏེ། བྱིན་རླབས་དངོས་གྲུབ་འོད་ཟེར་གྱིས་


CMR031_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ནས་རང་ལ་ཐིམ་པས་ལུས་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསྒོམས་ལ། །སྔགས་ཨོ་གསུམ་མའམ་བེ་རོ་ཙ་ན་གང་རུང་ལ་ཀླུ་ཀི་ལྔའི་སྔགས་བཟླ་བར་གསུངས་ཏེ། འདིར་ཕྱི་ནང་གསང་གསུམ་གྱི་སྔགས་གང་འདོད་ཆོག་པར་སེམས། གཞུང་ཉིད་ལ་བཻ་དང་ༀ་གསུམ་མ་གསུངས་སོ། །འོན་ཀྱང་ཆོ་ག་ལས་ཧྲུདང་བེ་རོ་ཙ་ན་བྱུང་བས་ཁྱད་མེད་པར་སྣང་ངོ་། །ཡང་བཟླས་པའི་ཐོག་མར། མདུན་བསྐྱེད་དབུའི་མི་ལ་དེ་རང་གི་སྤྱི་བོར་སྤྱན་དྲངས་ལ་བསྟོད་པ་དེ་གསོལ་འདེབས་སུ་བསྒྱུར་ལ་འདོན་པ་དང་། ཨོཾ་ཨཱཿགུ་རུ་ཧ་ས་བཛྲ་ཧཱུྃ། ཞེས་མཚན་སྔགས་བརྒྱ་ཙམ་བཟླ། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་རང་གི་གནས་བཞི་ཁེངས་དབང་བཞི་ཐོབ་པའི་དམིགས་པ་བྱས་ལ། དེ་ནས་བཟླས་པ་བྱས་པས་མཁའ་འགྲོ་མ་ལྔ་དབང་དུ་འདུས་ནས་རང་ལ་སྐོར་བ་བྱེད་པར་བསྒོམས་ལ་སྔགས་དྲུག་སྦྲེལ་དུ་བཟླ། ཐུན་མཚམས་སུ་ཌཱ་ཀི་ལྔ་མདུན་གྱི་རྟེན་ལ་བཞུགས་པར་བསམས་ལ། མི་ལ་རང་ལ་བསྟིམས་ལ་སྤྱོད་ལམ་བྱའོ། །དེའི་ངང་ལས་དུས་གསུམ་གྱི་རྟོག་པ་ཡིད་ལ་མི་བྱེད་པ་མཉམ་པར་བཞག །རྟོག་པ་འཕྲོ་ན་འཕྲོ་


CMR031_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་དེ་ཉིད་ལ་བལྟས་པས་ཆུ་དང་རླབས་བཞིན་རང་སར་གྲོལ་ལོ། །ཉལ་བའི་ཚེ་ན་སྙིང་ཁའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་བ་རང་ལ་བསྟིམ། དེ་ས་བོན་ལ་ཐིམ་ས་བོན་ཡང་མི་དམིགས་པའི་ངང་ལ་ཉལ་བས་འོད་གསལ་ཟིན་པའོ། །ཡང་ན་མགྲིན་པའི་ལྕེ་ཆུང་པདྨ་འདབ་བཞིའི་དབུས་སུ་ཨོ་ཨ་ནུ་ཏ་ར་བཞི་བསམས་ལ། །སེམས་གཏད་པས་རྨི་ལམ་ཟིན་ཅིང་ཟིན་ནས་བསྐྱེད་རྫོགས་བསྒོམ་པ་སོགས་བྱའོ། །ཡང་བདག་བསྐྱེད་ཀྱང་ཚེ་སྒྲུབ་པ་ནི། རང་རྗེ་བཙུན་མའི་དབུ་གཙུག་ཏུ་མི་ལ་མདུན་དུ་བསྐྱེད་པ་ལྟ་བུའི་སྤྱི་བོར། རྨ་བྱས་བཏེག་པའི་ཁྲི་དང་པདྨ་ཟླ་བ་ལ། ཚེ་དཔག་མེད་བསྐྱེད་ཡེ་ཤེས་པ་བསྟིམས་ལ། འཇིག་རྟེན་འདྲེན་པའི་སོགས་ཀྱིས་གསོལ་བ་བཏབ། ཨོཾ་བཛྲ་ཨཱ་ཡུ་ཥེ་སོགས་ལན་གསུམ་གྱིས་གསོལ་བ་བཏབ་པས། ཐུགས་ཀའི་འོད་ཟེར་གྱིས་འཁོར་འདས་ཀྱི་ཚེ་བཅུད་བསྡུས་པ་བུམ་པ་ནས་ལྷུད། རྗེ་བཙུན་གྱི་སྤྱི་བོ་ནས་ཞུགས་སྐུ་གང་ཞབས་ཀློགཡས་པའི་མཐེ་བོང་ནས་རང་གི་སྤྱི་བོར་ཞུགས་པས་ལུས་གང་བར་བསྒོམས་ལ་ཨ་མཱ་ར་ཎི་དང་ཚེ་གཟུངས་འདོན། རང་གི་ས་བོན་གྱི་འོད་ཀྱིས་ཚེ་རིང་མ་བསྐུལ། དེ་ལས་འོད་


CMR031_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས་འཇིག་རྟེན་པའི་ཚེ་བཅུད་བསྡུས་ཏེ་བདག་ལ་ཐིམ་པའམ། ཕྱག་གི་བུམ་པར་བསྡུས་པའི་ཆུ་ནས་ཚུར་བྱུང་རང་གི་ཁའམ་ལྟེ་བར་ཞུགས་པས་ལུས་ཁེངས་པར་བསམས་ལ། རྗེ་བཙུན་མའི་སྔགས་དང་ཚེ་རིང་མའི་སྙིང་པོ་ལ་ཨཱ་ཡུཔུཊྚི་ཀུ་རུ་སྭཱ་ཧཱ། ཞེས་བཏགས་ལ་བཟླའོ། །འདིར་གཏུམ་མོ་མ་གཏོགས་འཕོ་བ་སོགས་ཐམས་ཅད་ཆོས་དྲུག་དང་མཐུན་ཞིང་། ཡིད་ལ་མི་བྱེད་པ་དང་བསྒོམ་དུ་མེད་པ་ཡང་ཕྱག་ཆེན་ཉིད་དུ་སྣང་ངོ་། །འདི་བྲིས་ཉེས་པ་ཌཱ་ཀི་ལྔ་ལ་བཤགས། །དགེ་བས་སྒྲུབ་པ་པོ་རྣམས་མྱུར་གྲོལ་ཤོག །ཅེས་ཨ་རཱ་གས་སོ། །མངྒ་ལཾ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྗེ་དྲུག་པས་བསྩལ་བའི་ཚེ་རིང་མའི་རྫོགས་རིམ།next