Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

8 occurrences of འ་འུར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བཙན་གྱི་མགོན་པོ་སྒྲོལ་གིང་བེག་རྩེ་ལྕམ་དྲལ་གྱི་ལོ་རྒྱུས།
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
 
 
 
 
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  


8 occurrences of འ་འུར་
[Clear Hits]

 
previousབཙན་གྱི་མགོན་པོ་སྒྲོལ་གིང་བེག་རྩེ་ལྕམ་དྲལ་གྱི་ལོ་རྒྱུས།next

བཙན་གྱི་མགོན་པོ་སྒྲོལ་གིང་བེག་རྩེ་ལྕམ་དྲལ་གྱི་ལོ་རྒྱུས།


CMR031_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་གྱི་མགོན་པོ་སྒྲོལ་གིང་བེག་རྩེ་ལྕམ་དྲལ་གྱི་ལོ་རྒྱུས་བཞུགས་སོ། །


CMR031_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རྒྱ་ཤྲཱི་ཝ་ཡེ། འོ་ན་འདིར་དཔལ་རྟ་མགྲིན་གྱི་བཀའ་སྲུང་བཙན་གྱི་མགོན་པོ་སྒྲོལ་གིང་བེག་རྩེ་ལྕམ་དྲལ་གྱི་ལོ་རྒྱུས་ནི། །ངོ་བོ་དང་མཚན་གྱི་རྣམ་གྲངས། སྐྱེས་རྒྱུད་དང་རྒྱུད་ཀྱི་གསུང་ཚུལ། དེ་གཏེར་ནས་བྱུང་ལུགས་དང་བཀའ་བབས་ལུགས་སོ། །དང་པོ་ནི་གནོད་སྦྱིན་བེག་རྩེ་འདི་ནི། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ནག་པོའི་གསུང་གི་སྤྲུལ་པ་ཡིན་ཏེ། མ་རུ་རྩེ་ཤན་པ་སྒྲོལ་བྱེད་ཀྱི་རྟོགས་པ་ལས། གནོད་སྦྱིན་བེག་རྩེ་ཉིད་ཀྱིས་སྨྲས་པ། བདག་ནི་གཤིན་རྗེ་ནག་པོའི་གསུང་གི་སྤྲུལ་པ་ལགས། ཞེས་གསུངས་སོ། །ཡང་འདི་ཡི་གཞུང་


CMR031_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་རྙིང་ལས། བོད་ཡུལ་མ་མོའི་དམག་དཔོན་མཛད། །ཅེས་དང་། མ་མོ་ཡོངས་ཀྱི་དམག་དཔོན་མཛད་པའི་ཚེ། །ཟལ་མོའི་སྒང་ནས་གཤེགས་སུ་གསོལ། །ཞེས་བྱུང་བས་སྐུ་རྒྱལ་དང་ངོ་བོ་གཅིག་པ་ཡིན། ཞེས་ཟེར་བ་ཡང་ཐོས་ཤིང་ཆོས་སྐྱོང་འདི་གཙོར་བྱེད་པའི་བླ་མ་དག་གིས་སྐུ་རྒྱལ་ནས་ས་རྡོ་བླངས་འདི་རྟེན་བཞེངས་པ་སོགས་བྱེད་པར་སྣང་ངོ་། །ཡང་གནོད་སྦྱིན་ཤན་པ་དམར་ནག་དང་ཡང་ངོ་བོ་གཅིག་ཡིན་པར་བཤད་ཅིང་། དེའི་གཞུང་ལས། ཕྱི་རུ་ལྷ་སྲིན་སྡེ་བརྒྱད་ལ། །ནང་ལྟར་རྒྱལ་པོ་རྣམ་ཐོས་སྲས། །གསང་བ་གཟའ་རྒོད་མིག་དམར་ཏེ། །


CMR031_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ནི་གནོད་སྦྱིན་དམར་ནག་ཅེས། །དྲག་རྩལ་ཐོགས་དང་འདྲ་བ་འདི། །ཞེས་གསུངས་པ་དང་། བེག་རྩེའི་རྒྱུད་ཀྱི་ལོ་རྒྱུས་ཁ་ཅིག་ནས་བེག་རྩེས་སྨྲས་པ། བདག་ནི་གནོད་སྦྱིན་ནག་པོའི་གསུང་གི་སྤྲུལ་པ་ཡིན། ཞེས་གསུངས་པའི་ཕྱིར། རྣམ་སྲས་དང་ཡང་རྒྱུད་གཅིག་ཅིང་ངོ་བོ་གནོད་སྦྱིན་ཡིན་པས་ལོངས་སྤྱོད་ཆེ་ལ། གཟའ་མིག་དམར་དང་ཐུགས་རྒྱུད་གཅིག་པའི་ཕྱིར་དྲག་རྩལ་ཆེ། འདིའི་མཚན་གྱི་རྣམ་གྲངས་ནི། སྲོག་བདག་དམར་པོ་ཞེས་ཀྱང་བྱ། གནོད་སྦྱིན་དམར་པོ་ཞེས་ཀྱང་བྱ། བཙན་འགོང་དམར་པོ་ཞེས་ཀྱང་བྱ། ཤན་པ་སྒྲོལ་བྱེད་ཅེས་ཀྱང་བྱ། སྐྱེས་བུ་དབང་གི་མདོག་ཁ་ཅན་ཞེས་ཀྱང་བྱ། ཡབ་ཞུད་དམར་པོ་ཞེས་ཀྱང་བྱ། བཙན་ཡམ་ཤུད་དམར་པོ་ཞེས་ཀྱང་བྱ། ཤན་པ་མ་རུ་རྩེ་ཞེས་ཀྱང་བྱ། །མ་རུ་རྩེ་ཞེས་ཀྱང་བྱ། བེག་རྩེ་ཅན་ཞེས་ཀྱང་བྱ། རྒྱ་གར་ཡུལ་གྱི་དགྲ་བླ། མ་རུ་རྩེ་ཡི་གནས་སྲུང་མི་ཡུལ་ཆོས་ཀྱི་སྲུང་མ། བོད་ཡུལ་མ་མོའི་དམག་དཔོན། གཤིན་རྗེ་རྣམས་ཀྱི་སྟོང་དཔོན། མ་མོ་རྣམས་ཀྱི་དགྱེས་སྡེ། དྲག་བཙན་རྣམས་ཀྱི་ཁ་དཔོན། གནོད་སྦྱིན་རྣམས་ཀྱི་ཡང་རྗེ། ལྷ་སྲིན་སྡེ་བརྒྱད་ཀྱི་རྩ་བ་ཡིན་པར་བཤད་དོ། །གཉིས་པ་སྐྱེས་རྒྱུད་


CMR031_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཉི་མ་བྱང་ཤར་མཚམས་རི་དམར་པོ་ཁྲག་གི་རལ་པ་ཅན། ཟངས་བྲག་རྦ་ཀློང་འཁྲུགས་པ། བྱི་རུའི་ཐང་ཁ་དམར་པོ་ལ་ཁྲག་མཚོ་དམར་པོ་ཡོད་པའི་ནམ་མཁའ་ལ། བྱང་ཐང་དམར་པོ་བྱང་རི་སྨུག་པོ། བྱང་སྤྲིན་དམར་པོ་ཡོད་པའི་གསེབས་ནས་གློག་འཁྱུགས་པ། ས་ལ་ཟངས་ཚུབ་དམར་པོ་འཚུབ་པ། བསེ་མཁར་སྨུག་པོ་སྒོ་བཞི་པ་ཟངས་ཀྱི་གནམ་སྒོ། བསེའི་ཁ་བད་གཡུ་དར་དང་ར་གན་གྱི་རུ་བཞི། བྱི་རུའི་ཐེམ་སྐས་ཅན། མི་མགོ་རུས་པའི་ཕྲེང་བ་ཅན། ལོགས་ལ་མི་ཁྲག་རྟ་ཁྲག་བརྐུས་པ། ཟངས་ཆུ་སྲིན་མོ་ངུར་བ། ཁྲག་གི་ཞམ་མཆུ་དམར་པོ་འབབས་པ་དེའི་ནང་ནས་མི་རོ་རྟ་རོ་གཅལ་དུ་བཀྲམ་པ། མི་ཁྲག་རྟ་ཁྲག་མཚོ་རུ་འཁྱིལ་བ། དྲེད་མོང་ལག་རྡེབ་དང་འཕར་བ་རྐང་རྡེབ་པ་དང་༔ དུར་ཁྲོད་ཀྱི་གཅན་གཟན་དང་། བསེ་ཁྲ་དང་དུང་ཁྲ་ལ་སོགས་ཏེ་ལྟས་ངན་གྱི་བྱ་སྣ་ཚོགས་གནས་ཤིང་འཇིགས་སུ་རུང་བའི་གནས་དེ་ན། ཕ་གནོད་སྦྱིན་ཟངས་ཀྱི་རལ་པ་ཨ་ཅན་དང་མ་སྲིན་མོ་ཁྲག་གི་རལ་པ་ཅན་གཉིས་འཚོགས་པ་ལས། བྱི་རུའི་སྒོ་ང་དང་བསེའི་སྒོ་ང་གཉིས་བྱུང་ནས། ནམ་མཁའ་ལ་འཕུར་ནས་ལྷ་བརྒྱད་བཏུལ། བར་སྣང་ལ་འཕྱོས་


CMR031_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟའ་བརྒྱད་བཏུལ། ས་འོག་ཏུ་འཛུལ་ནས་ཀླུ་བརྒྱད་བཏུལ། ཕོ་མ་གཉིས་ཀྱང་ཟ་ལ་ཁད་དུ་གྱུར་ནས་ཕ་མས་མ་ཐུབ་བོ། །དེའི་ཚེ་མ་ཧཱ་དེ་ཝ་དང་ཨེ་ཀ་ཙ་ཏི་སྤྱན་དྲངས་ནས་བཏུལ་བར་ཞུས་སོ། །དེའི་ཚེ་ལྷ་དབང་ཕྱུག་ཆེན་པོ་དང་སྲིད་པའི་ཡུམ་ཨེ་ཀ་ཙ་ཏི་གཉིས་དབང་སྡུད་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་ནས་དམ་ལ་བཏགས་ཏེ་ཁ་ཊཾ་བརྒྱབས་ནས་སྒོ་ང་གཉིས་བཏོལ་བ་ལས། བྱི་རུའི་སྒོ་ང་ནས་བྱི་རུའི་མིག་དམར་པོ་ཅན་སྐུ་ལྟག་པར་བཅིང་པ། ཟངས་ཀྱི་བེག་རྩེ་དང་ཟངས་ཀྱི་རལ་ག་གྱོན་པ། ཟངས་ཀྱི་མདའ་གཞུ་དང་ཟངས་གྲི་བསྣམས་པ། བསེ་མདུང་དམར་པོ་དང་དར་གྱི་རུ་མཚོན་སྦྲེང་བ། ར་སླག་དམར་པོ་གྱོན་པ་བྱི་རུའི་འཁར་བ་ཐོགས་པ་གཅིག་བྱུང་། བསེའི་སྒོ་ང་ནས་སྲིད་པའི་བུ་མོ་གདོང་དམར་མ། མདོག་སྔོ་བ་གདོང་པ་དམར་པོ་བསེའི་སོ། དུང་གི་སྨིན་མ། གཡུ་མེའི་རལ་པ་ཅན། དབུ་སྐུ་མཆོང་ལ་མུ་མེན་གྱིས་བརྒྱན་པ། ཟངས་ཀྱི་གྲི་རྣོན་པོ་དང་ཕུར་པ་ཐོགས་པ། དྲེད་མོང་མི་ཟན་ལ་ཞོན་པ་གཅིག་བྱུང་ངོ་། །དེའི་ཚེ་མ་ཧ་དེ་བས་ཞུས་པའི་ངོར། མེ་རུ་རྩེ་ཤན་པ་སྒྲོལ་བྱེད་གྱི་རྟོགས་པ་ལེའུ་ལྔ་པ་གནོད་སྦྱིན་བེག་རྩེ་ཉིད་ཀྱིས་བཤད་ཅིང་། ཨེ་ཀ་


CMR031_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་ཏིའི་ཞུས་པའི་ངོར། ཤན་པ་དམར་པོའི་རྒྱུད་ལེའུ་དྲུག་པ་རིགས་པའི་ལྷ་མོ་གདོང་དམར་མ་ཉིད་ཀྱིས་བཤད་དོ། །དེ་ནས་རྒྱུད་རྣམ་རྒྱ་གར་པང་པོ་ནང་དམར་པོ་ན་གཏེར་དུ་སྦས་པ་ལས། ཨ་ཙརྱ་ཉི་མ་གྲགས་པས་གནོད་སྦྱིན་ཉིད་ལས་དངོས་སུ་གནང་བ་ཐོབ་སྟེ་གཏེར་ནས་བཏོན། དེ་ནས་ཡབ་རྐྱང་གི་སྒྲུབ་ཐབས་ཡུམ་རྐྱང་གི་སྒྲུབ་ཐབས། ཡབ་ཡུམ་སྦྲེལ་སྒྲུབ་ཡིག་ཆུང་དང་རྒྱ་གཞུང་བཞི་མཛད་ཅིང་། སློབ་དཔོན་དེས་ནི་དགྲ་ལ་མིག་བལྟས་པ་ཙམ་གྱིས་འཆི་བར་བྱུང་། དེས་ཁོ་རང་གིས་སྲས་པཎྜི་ཏ་ཟླ་བ་ནག་པོ་ལ་གནང་ནས་ཐུགས་ཁྲོས་པ་ཙམ་གྱིས་དགྲ་བོ་ཤི་བ་བྱུང་། དེའི་སྲས་ལ་བོད་དུ་མཚན་གསུམ་བྱུང་སྟེ། གྷ་ཡ་དྷ་ར་ཞེས་ཀྱང་བྱ། ཨརྱ་དམར་པོ་ཞེས་ཀྱང་བྱ། ཤི་དྷ་ར་ཙཀྲ་ཞེས་ཀྱང་བྱ་སྟེ། དེ་བོད་དུ་ཕེབས་དུས་དབུས་ཀྱི་གྲྭ་ཐང་གི་གཙུག་ལག་ཁང་དུ་བོད་ཀྱི་ལོཙྪ་བ་མར་པས་བསྒྱུར་ཏེ། མར་པ་འདི་མར་པ་དམ་པ་དེ་ཡིན་པར་མངོན་ནོ། །ཡང་པཎྜི་ཏ་ཟླ་བ་ནག་པོ་ལ་གཉེན་ཆུང་ལོཙྪ་བས་ཞུས་ཏེ། གཉེན་གྱི་མགོན་པོ་གདོང་བཞི་པའི་ལས་མཛད་དེ། མགོན་པོ་གདོང་བཞི་པའི་ལས་མཁོན་སྒྲོལ་གིང་གི་སྲོག་བདག་དམར་པོའི་ཤན་པ་ཡིན་པས། གཉེན་


CMR031_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ལོཙྪ་བའི་ངན་སྔགས་ཤིན་ཏུ་གཉན་ཅིང་རེག་ཐབས་མེད་པར་གྲགས་སོ། །གཉེན་གྱིས་གནམ་ཁའུ་པ་ལ་གནང་། དེས་བླ་མ་ས་སྐྱ་པ། དེས་བཀྲ་ཤིས་འོད་ཟེར། དེས་འདར་ཕྱར་ལའོ། །ཡང་ཕྱི་རོལ་པའི་སྟོན་པ་ཨརྱ་དེ་བ་དེའི་མུ་སྟེགས་ཀྱི་ངན་སྔགས་མང་པོ་མཁྱེན་ཅིང་། ཁྱད་པར་དུ་ངན་སྔགས་འདི་ལ་བྱེད་པ་ལས། དེས་ཨ་ཙ་ར་མེད་དུ་ལ་གནང་། དེ་བོད་དུ་གསེར་ཚོལ་དུ་འོང་ནས་སྟོད་ལུང་དུ་དབྱར་དགུན་གསུམ་ཙམ་བསྡད་ནས། མཐུ་རླབས་ཁོ་ན་མཛད་ནས་གསེར་སྲང་བརྒྱད་ཅུ་རྩ་བཞི་བྱུང་། ཡིག་ཆ་ཆེར་མ་སྤེལ་བར་རྒྱ་གར་དུ་ཁྱེར་བ་ལས། སྡེ་སྟོན་དང་གནས་དཔོན་གཉིས་ཀྱིས་ཞུས་ཏེ། ཁོང་སྡེ་སྟོན་བ་རྒྱལ་དབང་ཕྱུག་གིས་གསེར་སྲང་གསུམ་ཕུལ་ཏེ་ཞུས་ནས། དགྲའི་ཁྱིམ་བདུན་ཕུག་བཅུག་ནས་སྒོ་བརྩེགས། མི་བདུན་ཅུ་རྩ་ལྔ་བསྒྲལ་དུད་འགྲོ་དཔག་ཏུ་མེད་པ་བསྒྲལ། ཁོང་ལ་རྒྱ་སྟོན་འབུམ་ཕྲག་གིས་ཞུས་སོ། །ཨ་ཙ་ར་དེ་ལ་སོ་སྒོའི་གནས་བསྟན་ཡེ་ཤེས་བྱང་ཆུབ་ཀྱིས་མཛེ་གསོ་ན་རིན་ཆེན་ཕྲེང་བ་དང་ནས་ཟངས་ཉི་ཤུ་ཤ་ཁོག་གཡུ་བཟང་པོ་ཞིག་ཕུལ་ནས་ཞུས་པ་ལས། ཕྱིས་གཞན་ལ་གནོད་དོགས་ནས་དེས་མེ་ལྷ་ལ་ཕུལ་ལོ། །དེ་ལྟར་མར་པ་ལོ་ཙཱ་


CMR031_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཉེན་ལོ་ཙཱ་དང་། སྡེ་སྟོན་རྒྱལ་བ་དབང་ཕྱུག་དང་གསུམ། ཡང་གྷ་ཡ་དྷ་ར་ལ་སྐྱོག་རོའི་སྔགས་ནག །དར་སྐྱ་ཡིས་ཞུས་པ་དང་། ལུགས་བཞི་ཙམ་བྱུང་ཞིང་། གཉེན་གྱི་དང་ཨ་ཙ་ར་མདེའུ་ཡི་ལུགས་གཉིས་ལ་མན་ངག་ཁྱད་པར་ཅུང་ཟད་ཀྱང་མེད་སྐད། འདིའི་བརྒྱུད་པ་ནི་བེག་རྩེ་ཅན་ཨ་ཙརྱ་ཉི་མ་གྲགས། པཎྜི་ཏ་ཟླ་བ་ནག་པོ། ཨ་ཙ་ར་དམར་པོ། སྐྱོག་རོ་སྔགས་ནག་དར་སྐྱ། ར་པའི་ཇོ་སྲས་འབར་བ། གྲུབ་ཐོབ་འདར་ཕྱར། དེ་མན་ཕལ་ཆེར་རྟ་མགྲིན་ཡང་གསང་རོལ་པའི་བརྒྱུད་རིམ་དང་ལ་མཚུངས་ལ། གོང་ལྟར་བརྒྱུད་པ་གསུམ་ལས་རིམ་པར་བརྒྱུད་ནས་མི་ཕམ་པདྨ་དཀར་པོ་ལ་བརྒྱུད་ཅིང་ཁོང་གིས་ཆོས་སྐྱོང་ཐམས་ཅད་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཚེ་དང་དབང་ཆོག་མཛད་པའི་གྲངས། སྒྲོལ་གིང་བཙན་གྱི་མགོན་པོ་བེག་རྩེ་འདིའི་ཆོ་ག་དང་དབང་ཆོག་སོགས་ཡོད་ཅིང་། ཉིད་ཀྱི་ཐུགས་སྲས་མཁས་པ་ལོ་ཆེན་པ་ལ་གནང་། དེས་ཚུལ་ཁྲིམས་རིན་ཆེན་ལ། དེས་བདག་རཱ་ག་ཨ་སྱ་ལའོ། །ཞེས་གནོད་སྦྱིན་བེག་རྩེའི་ལོ་རྒྱུས་ཀརྨ་ཨ་རཱ་གས་སྦྱར་བའོ།། །།


previousབཙན་གྱི་མགོན་པོ་སྒྲོལ་གིང་བེག་རྩེ་ལྕམ་དྲལ་གྱི་ལོ་རྒྱུས།next