Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

3 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
གཏེར་སྲུང་དགེ་བསྙེན་སྨྱོ་ཁའི་བར་བློན་ཆེན་པོའི་གསོལ་མཆོད་ཕན་བདེའི་ཆུ་གཏེར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


3 occurrences of འཚེར་རྩུབ་
[Clear Hits]

 
previousགཏེར་སྲུང་དགེ་བསྙེན་སྨྱོ་ཁའི་བར་བློན་ཆེན་པོའི་གསོལ་མཆོད་ཕན་བདེའི་ཆུ་གཏེར།next

གཏེར་སྲུང་དགེ་བསྙེན་སྨྱོ་ཁའི་བར་བློན་ཆེན་པོའི་གསོལ་མཆོད་ཕན་བདེའི་ཆུ་གཏེར།


CMR031_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྲུང་དགེ་བསྙེན་སྨྱོ་ཁའི་བར་བློན་ཆེན་པོའི་གསོལ་མཆོད་ཕན་བདེའི་ཆུ་གཏེར་བཞུགས་སོ། །


CMR031_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀ་ཀྲོ་དྷ་ཡེ། སྣང་སྲིད་དྲེགས་པ་འདུལ་བའི་གཉེན། །རྡོ་རྗེ་གྲོ་ལོད་ཞབས་ལ་འདུད། །གཏེར་སྲུང་དགེ་བསྙེན་སྨྱོ་ཁའི་འཁོར། །ཀླུ་བདུད་འབོ་རང་ཞེས་ཀྱང་བྱ། །མཁར་ནག་རྡོ་རྗེ་རྒྱལ་པོའི་འཁོར། །བར་བློན་ཆེན་པོ་ཞེས་གྲགས་པའི། །བཀའ་སྲུང་དྲག་རྩལ་ལྡན་པ་དེ། །འཇིག་རྟེན་མཆོད་དང་བསྟོད་པས་བསྒྲུབ། །གསུངས་ཕྱིར་མཆོད་བསྟོད་བྱེད་འདོད་ན། །རིན་ཆེན་སྣོད་དམ་སྣོད་གཙང་དུ། །གཏོར་མ་རིན་ཆེན་འདྲ་བའི་དབྱིབས། །དཀར་གསུམ་བརྒྱན་ཞིང་ཀླུ་སྨན་བཏབ། །སྦྲུལ་གཟུགས་དཀྲིས་སམ་མེད་ཀྱང་རུང་། །རང་ཉིད་ཡི་དམ་གང་རུང་ངམ། །པད་འབྱུང་གསལ་བའི་ང་རྒྱལ་གྱིས། །སྤྱན་འདྲེན་ཚིག་དེ་འབྲུག་ལྟར་སྒྲོག །དེ་གསན་མདུན་དུ་བྱོན་པར་བསམ། །ཀྱཻ།


CMR031_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གདོང་དམར་བོད་ཀྱི་ཡུལ་སྨད་ན། །ཀླུང་ཅང་ལྕི་ཞེས་ནས་ཀྱིས་ཕྱུག །དཔའ་བོ་མཁའ་འགྲོ་འདུ་བ་ཡི། །གནས་མཆོག་དྲུག་གིས་རབ་ཏུ་གཏམས། །གནས་དེ་རྣམས་ཀྱི་ཞིང་སྐྱོང་བ། །ཡུལ་ལྗོངས་དེ་ཡི་ཆུ་བོ་དང་། །ཆུ་མདོ་ཀུན་ལ་གནས་བཅས་ཤིང་། །རིན་ཆེན་གཏེར་ཁ་དུ་མའི་བདག །ཟབ་གཏེར་རྣམས་ཀྱི་གཏེར་སྲུང་སྟེ། །བར་བློན་ཆེན་པོ་གཤེགས་སུ་གསོལ། །བཀའ་དང་དམ་ལ་གནས་པ་ཡི། །འཁོར་བཅས་རྣམས་ཀྱང་སྤྱན་འདྲེན་ནོ། །བརྩེ་ཞིང་གདུང་བས་སྤྱན་འདྲེན་ན། །ཞི་ཞིང་


CMR031_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པའི་ཐུགས་ཀྱིས་ནི། །གློག་ལྟར་མྱུར་བའི་རྫུ་འཕྲུལ་གྱིས། །སྐད་ཅིག་ཉིད་ལ་འདིར་བྱོན་ཅིག །ཡིད་སྤྲུལ་གཙོ་འཁོར་འཚམས་པ་ཡི། །རང་རང་དགྱེས་པའི་གདན་ཁྲི་ལ། །ཇི་སྲིད་མཆོད་པས་བདག་བགྱིད་ན། །དེ་སྲིད་དགྱེས་ཤིང་བརྟན་པར་བཞུགས། །ཨོ་ནཱ་ག་ཨུ་པ་སི་ཀ་མ་ཧཱ་པུ་རུ་ཥ་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ཧཱུྃ༔ སེམས་དཔའ་ནམ་མཁའི་སྙིང་པོའི་སྤྲུལ་པ་སྟེ། །རྡོ་རྗེ་རྒྱལ་པོ་ས་བརྒྱད་སེམས་དཔའ་ཆེ། །སྨྱོ་ཁ་ལ་སོགས་གནས་བརྒྱད་མཚན་བརྒྱད་ལྡན། །རྒྱ་གར་ཡུལ་གྱི་གྲོང་ཁྱེར་སྒྲ་སྒྲོགས་དང་། །མཁར་ཆུ་ལ་སོགས་བོད་ཀྱི་གནས་ཆེན་བརྒྱད། །གངས་ཅན་ཆུ་བོ་ཀུན་གྱི་བདག་པོ་སྟེ། །དགེ་བསྙེན་སྨྱོ་ཁ་གཏེར་སྲུང་ཀུན་གྱི་གཙོ། །དེ་ཡི་སྤྲུལ་པ་འཁོར་གྱི་ཚུལ་བསྟན་པ། །བར་བློན་ཆེན་པོ་ཞེས་གྲགས་ཁྱོད་ཉིད་ལ། །བདག་གིས་རབ་གུས་སྤྲུལ་པས་ཕྱག་བགྱིའོ། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །མ་དྲོས་མཚོ་དང་རྒྱལ་བའི་ཡངས་རྫོང་དང་། །ཆུ་བོ་ལོ་ཧི་ཏ་ཡའི་ཀླུང་འགྲམ་དུ། །ཇི་ལྟར་བཀའ་བསྒོས་དམ་ཚིག་དྲན་མཛོད་ལ། །གུ་རུའི་རྗེས་འཇུག་རྣལ་འབྱོར་བདག་ཅག་གི །


CMR031_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཨོཾ་ནཱ་ག་ཨུ་པ་སི་ཀ་ས་མཱ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཧཱུྃ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀླུ་སྨན་འོ་མར་སྦྱར་བའི་མཆོད་ཡོན་དང་། །ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་ཆབ། །མེ་ཏོག་སྣ་ཚོགས་བཀྲག་གསལ་ཟིལ་པར་བཅས། །ཙནྡན་དཀར་དམར་ནཱ་གི་སྤྲོས་དཀར་དུད། །ཤེལ་རིགས་ནོར་བུ་སྣ་ཚོགས་འོད་འབར་བ། །མ་ཧཱ་ཙི་ནའི་འདབ་ཀྱི་རྐང་ཐུང་ཆབ། །དཀར་གསུམ་མངར་གསུམ་གཙང་མ་ཟས་ཀྱི་ཕུད། །རྔ་དུང་ཆ་ལང་དྲིལ་བུ་སྙན་པའི་དབྱངས། །གཅན་གཟན་རི་དྭགས་ཆུ་གནས་མཛེས་པའི་གཟུགས། །པི་ཝང་གླིང་བུ་འཁར་རྔ་སྙན་པའི་སྒྲ། །ཞིམ་མར་བཟང་ཤིང་སྣ་ཚོགས་བསྲེག་པའི་དྲི། །འབྲུ་སྣ་ཀླུ་སྨན་བཅུད་ལྡན་ཟས་ཀྱི་ཚོགས། །དར་དང་ཟ་འོག་རེག་བྱ་འཇམ་པའི་གོས། །སྣ་ཚོགས་མཆོད་པའི་སྤྲིན་ཕུང་རྒྱ་མཚོས་མཆོད། །ཨོཾ་ལས་རིན་ཆེན་སྣོད་མཆོག་རྒྱ་ཆེ་བར་། །ཁཾ་ལས་གཏོར་མ་དཀར་གསུམ་བདུད་རྩིའི་མཚོ། །ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས། །ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་བདུད་རྩིར་བསྒྱུར། །ཟག་མེད་བདེ་བ་སྐྱེད་པར་


CMR031_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་འདི། །ནཱ་ག་བར་བློན་ཆེན་པོ་ཁྱོད་ལ་འབུལ། །བཙུན་མོ་བློན་པོ་འཁོར་གཡོག་བྲན་དང་བཅས། །ཐམས་ཅད་མ་ལུས་མཉེས་ཤིང་ཚིམ་གྱུར་ཅིག །ནཱ་ག་ཅི་ཅི་འབེ་འབེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་འབུལ། ཨོཾ་ནཱ་ག་ཨུ་པ་སི་ཀ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་སོགས། སརྦ་པཱུ་ཛ་ཧོ༔ ཧཱུྃ། བར་བློན་ཆེན་པོ་མཐུ་བོ་ཆེ། །འདོད་དགུ་བསྒྱུར་བའི་རྫུ་འཕྲུལ་གྱིས། །ཆ་ལུགས་གཅིག་ཏུ་མ་ངེས་ཀྱང་། །ཞི་བའི་ཚུལ་དུ་སྐུར་བསྟན་པ། །སྐུ་མདོག་དཀར་ལ་སྨུག་པའི་མདངས་། །ཞལ་རས་ཞི་ཞིང་འཛུམ་པ་ལ། །འཇིགས་ཤིང་རྔམས་པའི་གཟི་བྱིན་ཅན། །དབྱི་དཀར་ལྤགས་པའི་དབུ་ཞྭ་ལ། །དར་ཚོན་སྣ་ལྔའི་ཅོད་པན་འཕུར། །དངུལ་མདོག་དར་གྱི་ན་བཟའ་ལ། །མེ་ཏོག་པདྨའི་རི་མོ་བཀྲ། །དཔའ་བོ་སྟག་གི་གོང་ལག་ལ། །འཇའ་ཚོན་སྣ་ལྔའི་ཆ་ག་ཅན། །དབྱི་སྲམ་པགས་པའི་མཐའ་སྐོར་ལ། །གསེར་སྐྱེད་རིན་ཆེན་སྐྱེད་ལ་བཅིང་། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཆིབས་སུ་འཕྲུལ་གྱི་ཅང་ཤེས་ནི། །དུང་མདོག་བར་སྣང་རླུང་བས་མགྱོགས། །གཡུ་རྔོག་ཞྭ་བཞི་


CMR031_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་ལ། །གསེར་སྲབ་གཡུ་མཐུར་སྟག་སྒྲ་ཅན། །ཕྱག་གཡས་སྦ་ལྕག་དཀར་པོ་ལ། །རིན་ཆེན་སྣ་ལྔའི་ལྕག་འབྲས་དང་། །དར་ཚོན་སྣ་ལྔའི་ཕོད་ཀྱིས་བརྒྱན། །གཡོན་པས་འཕྲུལ་གྱི་སྲབ་སྐྱོགས་བསྒྱུར། །སྐུ་ཆེ་གཟི་བརྗིད་འོད་དུ་འབར། །འཁོར་དུ་རང་འདྲ་བཅུ་གཉིས་ནི། །གཙོ་བོ་ལས་ནི་ཆུང་ཙམ་སྟེ། །རྒྱན་དང་ཆ་ལུགས་གཙོ་དང་མཚུངས། །སྤྲུལ་པ་དུང་ཉ་འཁྱིལ་པ་ནི། །བླ་མཚོ་ཁེངས་ཤིང་གཡས་སུ་འཁོར། །འབྲུག་སྒྲ་ཆེམ་ཆེམ་གློག་འོད་འཁྱུགས། །དམ་ཚིག་ཅན་གྱི་སྡོང་གྲོགས་བྱེད་། །ལེགས་ཉེན་ཀུན་གྱི་ཤན་འབྱེད་ཅིང་། །ཟབ་གཏེར་བཀའ་ཡི་སྲུང་མ་བྱེད། །གཏེར་སྲུང་དགེ་བསྙེན་དམ་ཚིག་ཅན། །འཁོར་དང་བཅས་ལ་མཆོད་ཅིང་བསྟོད། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །ནད་གདོན་བར་ཆད་ཞི་བ་དང་། །དཔལ་འབྱོར་ལོངས་སྤྱོད་རྒྱས་པ་དང་། །སྐྱེ་འགྲོ་དབང་དུ་འདུ་བ་དང་། །དགྲ་བགེགས་དཔུང་ཚོགས་གཞོམ་པ་སོགས། །ཡིད་ལ་རེ་བའི་འབྲས་བུ་དེ། །ད་ལྟ་ཉིད་དུ་འགྲུབ་པར་མཛོད། །མཐུ་དང་ནུས་པ་ཅི་འདུག་ལྟ། །རྟགས་


CMR031_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚན་མ་དངོས་སུ་སྟོན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་གཏེར་སྲུང་དགེ་བསྙེན་ལས་བྱང་འདི། །རང་ལོ་སུམ་ཅུའམ་བཞི་བཅུའི་དུས་སྐབས་འགར། །བླ་མཚོའི་ཁ་དེར་ཀླུ་མཆོད་བྱེད་སྐབས་སོགས། །དེ་ཡི་རྟགས་དང་ཆོ་འཕྲུལ་མང་དུ་བྱུང་། །རྨི་ལམ་ཡུལ་དུ་རང་གཟུགས་གསལ་བར་མཐོང་། །དགའ་དང་གུས་པའི་རྣམ་འགྱུར་འགའ་རེ་བྱས། །ཀུན་གྱིས་འདྲེར་བཟུང་རྣམ་རྟོག་བྱེད་མོད་ཀྱང་། །ཨོ་རྒྱན་ཆེན་པོའི་དམ་ཚིག་ལ་གནས་པའི། །དཀར་ཕྱོགས་སྐྱོང་བའི་དགེ་བསྙེན་དམ་ཚིག་ཅན། །ཨོ་རྒྱན་རྗེས་འཇུག་སྔགས་འཆང་ཐམས་ཅད་ལ། །ཁ་འཛིན་སྡོང་གྲོགས་བྱེད་པ་ཁོ་བོས་མཐོང་། །དེ་སླད་བླ་མ་མཐར་ཕྱིན་བསྐུལ་བའི་ངོར། །ལུག་ལོ་ལུག་གི་ཟླ་བའི་ཚེས་གསུམ་ཉིན། སྔ་དྲོའི་ཆ་ལ་རཱ་ག་ཨ་སྱས་སྨྲས། །ཡི་གེ་པ་ཡང་ཞུ་བ་པོ་ཉིད་དོ། །ཉེས་འགལ་མཆིས་ན་སྲུང་མ་ཉིད་ལ་བཤགས། །ཡུལ་ཕྱོགས་དེར་གནས་འགྲོ་ལ་ཕན་ཐོགས་ཤོག ༈ །དགེ་བསྙེན་བར་བློན་ཆེན་པོའི་གསོལ་ཀ་བྱ་བ་ནི། གཏོར་མ་ཟུར་གསུམ་ཉི་ཟླ་ནོར་བུས་བརྒྱན། །གཏོར་ཆུང་ཟུར་གསུམ་བཅུ་གཉིས་དག་གིས་བསྐོར། །དེ་མཐར་སྦྲུལ་ཆེན་འཁྱིལ་བས་བསྐོར་བྱས་ལ། །ཉ་དང་ལྕོང་མོ་སྦལ་པའི་གཟུགས་བརྙན་བཞག །གཙང་མའི་ཤ་ཕུད་ཟས་ཕུད་སྣ་ཚོགས་བརྒྱན། །འབྲུ་སྣ་ཕྱེ་མར་ཟས་ཕུད་སྣ་ཚོགས་དང་། །ཀླུ་སྨན་བཏབ་དང་བཟང་ཤིང་དུད་པ་དང་། །བསྡུ་ན་རྒྱུན་གཏོར་གསོ་བྲན་བྱས་ལ་འཐུས། །བསྐང་གསོལ་གཉིས་ཀ་དེ་ལ་འདོན་


CMR031_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

པས་རུང་། །ལས་བྱང་བཏོན་རྗེས་བསྙེན་པ་ཅུང་ཟད་བྱ། །ཨ་ཀཱ་རོ་ཡིས་མཆོད་པ་བྱིན་བརླབས་ནས། །ཚིག་མཚམས་འཇུག་ཏུ་རོལ་མོ་འུར་བརྡུང་བྱ། །གཏོར་མའི་རྩེ་མོར་མར་རྒྱན་སོར་གང་ཙམ། །ཡེ་ཤེས་ཀླུ་བདུད་ལ་ནི་མཆོད་པ་འབུལ། །དེ་འོག་གཏོར་མའི་རྩེ་མོ་སོར་གང་ནི། །རྗེ་དཔོན་ལས་ཀྱི་ཀླུ་བདུད་སྨྱོ་ཁ་ལ། །དཔོན་ཟས་ཚུལ་དུ་འབུལ་བའི་དམིགས་པ་བྱ། །གཏོར་མ་དངོས་ནི་བཀའ་བློན་འབོ་རང་ལ། །ཤག་རོག་ཤག་ཟས་ཚུལ་དུ་བསྔོ་བར་བྱ། །གཏོར་མའི་སྨད་ཆ་གཏོར་ཆུང་བཅས་པ་རྣམས། །ཡང་འཁོར་ཀླུ་གཉན་ས་བདག་ཐམས་ཅད་ལ། །གཡོག་ཟས་ཚུལ་དུ་སྦྱིན་པར་བྱ་བ་ཡིན། །ཆུ་གནས་གཟུགས་བརྙན་རིན་ཆེན་འབྲུ་སྣ་ཚོགས། །བསྐང་བའི་རྫ་ས་སུ་དམིགས་ཏེ་ཐུགས་དམ་བསྐང་། །ཨོཾ་ནཱ་ག་ཅི་ཅི་འབེ་འབེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་གྷི་ཧྥནྟ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ། མ་མ་སརྦ་ཀརྨ་ཨ་མོ་གྷ་ཁཾ་སྭཱ་ཧཱ། ཨོཾ་ནཱ་ག་ཨུ་པ་སི་ཀ་ས་པཱ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་གྷི་ཧྥན་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ། མ་མ་སརྦ་ཀརྨ་ཨམོ་གྷ་ཁཾ་སྭཱ་ཧཱ། དམ་རྫས་བརྒྱན་པའི་གཏོར་མ་རྒྱ་ཆེན་པོ་འདི། ཡེ་ཤེས་ཀྱི་ཀླུ་བདུད་ནག་པོ་མགོ་དགུ་པ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་གསོལ་ལོ། །མཆོད་


CMR031_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ཞི་བ་མི་མགོན་དཀར་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ཁྲོ་བོ་ནཱ་ག་རཀཱ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ།། སྦྱིན་ནོ། །འཇམ་དཔལ་འཆི་བདག་ནག་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། ལས་ཀྱི་ཀླུ་བདུད་མགོ་དགུ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །རྗེ་དཔོན་དགེ་བསྙེན་སྨྱོ་ཁ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །སྨྱོ་ཁ་གནས་བརྒྱད་མཚན་བརྒྱད་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །མཁར་ནག་རྡོ་རྗེ་རྒྱལ་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་དབང་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །སངས་རྒྱས་ཚེམས་ཀྱི་བདག་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ཀླུ་རྒྱལ་དུང་སྐྱོང་སྲས་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །


CMR031_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ལོ། །སྦྱིན་ནོ། །དབུས་གཙང་ཁམས་གསུམ་འཁོར་དང་སྤྲུལ་པས་ཁྱབ་པ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །དེའི་སྤྲུལ་པ་བློན་པོའི་ཚུལ་འཛིན་པ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །སྨྱོ་ཁའི་བཀའ་འཁོར་ཀླུ་བདུད་འབོ་རང་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །རྡོ་རྗེ་རྒྱལ་པོའི་བར་བློན་ཆེན་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །འདོད་དགུ་བསྒྱུར་བའི་ལུས་ཅན་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ཅི་ཡང་སྤྲུལ་པའི་རྫུ་འཕྲུལ་ཅན་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །གར་ཡང་ཕྱིན་པའི་མྱུར་མགྱོགས་ཅན་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །སྤྲུལ་པ་མི་ནག་རྟ་ནག་རུ་མཚོན་ཅན་ལ་གྱི་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །བནྡེ་ཆེན་པོ་མདུང་དར་རུ་མཚོན་ཅན་ལ་གསོལ་ལོ། མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་


CMR031_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །པཎྜི་ཏ་རྟ་ནག་པོ་ཆིབས་པ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །མི་དཀར་ཉའི་མགོ་ཅན་རྒྱལ་མཚན་ཐོགས་པ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ཡུམ་ཀླུ་མོ་སེར་མོ་ནོར་བུའི་བེ་ཅོན་ཐོགས་པ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །མཚོ་སྨན་མཛེས་སྡུག་མང་པོ་འཁོར་གྱིས་བསྐོར་བ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། ། ནོ། །བློན་པོ་ཟླ་བའི་ཐོད་ཅན་སྦལ་སྦྲུལ་འཛིན་པ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །བཀའ་འཁོར་རྒྱལ་རིགས་དཀར་པོའི་སྡེ་ཚོགས་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །རྗེ་རིགས་སེར་པོའི་སྡེ་ཚོགས་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །དམངས་རིགས་སྔོན་པོའི་སྡེ་ཚོགས་ལ་གསོལ་ལོ་།མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །བྲམ་ཟེ་དམར་པོའི་སྡེ་ཚོགས་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །གདོལ་


CMR031_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནག་པོའི་སྡེ་ཚོགས་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །གཉན་དང་ས་བདག་གི་སྡེ་ཚོགས་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ཀླུ་དང་བཙན་གྱི་འཁོར་ཚོགས་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ལྟ་བ་མཚོ་སྨན་གྱི་འཁོར་ཚོགས་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །སྨན་དང་ཡུལ་ལྷའི་འཁོར་ཚོགས་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། སྦྱིན་ནོ། །འཁོར་དང་ཡང་འཁོར་ཐམས་ཅད་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །མཉེས་རབ་ཀྱི་ཕུད། དགྱེས་རབ་ཀྱི་མཆོད་པ་དམ་པ་མཛོད། མཉེས་ཤིང་ཚིམས་དགའ་ཞིང་མགུ་ནས་བདག་ཅག་དཔོན་སློབ་བསྲུང་བྱར་གྱུར་པ་རྣམས་ལ། ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་གྱིས་ཤིག །རྒྱབ་ཀྱི་རྟེན་ས་དང་། མདུན་གྱི་འཁར་བ་གྱིས་ཤིག །བྲོས་པའི་ར་བ་དང་གབ་པའི་སྐུང་ས་གྱིས་ཤིག །འགྲོ་ན་སྐྱེལ་བསུ་དང་འདུག་ན་རྒྱབ་རྟེན་གྱིས་ཤིག །ནད་གདོན་བར་དུ་གཅོད་པ་


CMR031_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཞི་བར་མཛོད་ཅིག །ཕྱི་ནང་གི་འཁྲུག་རྩོད་ཐམས་ཅད་ཞི་བར་མཛོད་ཅིག །མི་ནད་ཕྱུགས་ནད་ཐམས་ཅད་ཞི་བར་མཛོད་ཅིག །མིའི་ན་ཚ་དང་ཕྱུགས་ཀྱི་གོད་ཁ་ཐམས་ཅད་རྒྱུན་ཆོད་ཅིག །དཔལ་དང་འབྱོར་པ་མངའ་ཐང་རྒྱས་པར་མཛོད་ཅིག །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ་ཅིག །རྨིག་ཟླུམ་རྔོག་ཆགས་ཀྱི་དངོས་གྲུབ་སྩོལ་ཅིག ། མི་འཕེན་རྟ་བྲག་གི་དངོས་གྲུབ་སྩོལ་ཅིག །ཀླུ་གཡང་མི་ལ་ཕོབ་ཅིག །བཙན་ཕྱུག་དར་གསུམ་གྱི་དངོས་གྲུབ་སྩོལ་ཅིག །བང་མཛོད་འབྲུའི་དངོས་གྲུབ་སྩོལ་ཅིག །དར་རས་ཟབ་ཀྱི་དངོས་གྲུབ་སྩོལ་ཅིག །རིན་ཆེན་གསེར་དངུལ་གྱི་དངོས་གྲུབ་སྩོལ་ཅིག །སྲ་བརྟན་གོ་ཆའི་དངོས་གྲུབ་སྩོལ་ཅིག །ལྷབ་ལྷུབ་གྲོས་ཀྱི་དངོས་གྲུབ་སྩོལ་ཅིག །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ་ཅིག །རྒྱལ་བློན་ཡུལ་འཁོར་དབང་དུ་སྡུས་ཤིག །ཕྱིའི་དགྲ་བགེགས་ནང་དུ་མ་བཏང་། ནང་གི་དངོས་གྲུབ་ཕྱི་རུ་མ་ཤོར་ཅིག །དམག་སྣ་དང་ཇག་སྣ་ཟློག་ཅིག །དགྲ་དང་རྐུན་སྣ་ཟློག་ཅིག །བསམ་ངན་སྦྱོར་རྩུབ་ཟློག་ཅིག །གོད་ཁ་གཅན་སྣ་ཟློག་ཅིག །མི་ཁ་གླེང་གཞི་ཟློག་ཅིག །གྱོད་སྣ་བྱུར་སྣ་ཟློག་ཅིག །རྒྱལ་


CMR031_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བཀའ་ཆད་ཟློག་ཅིག །རྒྱལ་འགོང་གི་གནོད་པ་ཟློག་ཅིག །མ་ཉེས་ཁ་ཡོག་ཟློག་ཅིག །དེ་ལེན་དེ་ཉེས་ཟློག་ཅིག །སྡང་བའི་དགྲ་སོད་ཅིག །གནོད་པའི་བགེགས་ཐུལ་ཅིག །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཡིད་ལ་རེ་བའི་འབྲས་བུ་མཆིས་པར་མཛོད་ཅིག །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཅི་རེ་ཁྱོད་ལ་རེའོ། །ལྷ་རུ་ཁྱོད་བསྟེན་ནོ། །རྒྱལ་མཚན་བཞིན་དུ་ཁྱོད་ཕྱིར་རོ། །མཐུ་དང་ནུས་པ་ཅི་འདུག་བལྟའོ། །དེ་ལྟར་མཆོད་དང་བསྟོད་ཀྱང་རེ་བའི་དོན་མ་བསྒྲུབས་ན། དགེ་བསྙེན་ཁྱོད་ལ་མཐུ་དང་ནུས་རྩལ་མི་འདུག་ཅེས་འཇིག་རྟེན་ཀུན་གྱིས་སྨོད། སྔོན་སློབ་དཔོན་པདྨའི་བཀའ་བསྒོས་པའི་དམ་ཚིག་ལ་འགལ་ལོ། །དེ་བས་ན་ལེ་ལོ་བཏང་སྙོམས་མ་མཛད་པར། བདག་གི་བཅོལ་བའི་ཕྲིན་ལས་འདི་དག་མྱུར་དུ་སྒྲུབས་ཤིག །ཨོཾ་ནཱ་ག་ཅི་ཅི་འབེ་འབེ་སྭཱ་ཧཱ། སརྦ་སིདྡྷི་ཧཱུྃ། དེ་ནས་གསོལ་ཀ་གཏོར་མ་གསོ་བྲན་བྱས་ཏེ་ཐུགས་དམ་བསྐང་བའི་རིམ་པ་འདི་ལྟར་རོ།། ཧཱུྃ། འཇིག་རྟེན་འདས་དང་མ་འདས་མཚམས། །རྒྱ་མཚོ་ཆེན་པོ་དྭངས་བའི་ནང་། །འཇམ་དཔལ་ཐུགས་ལས་སྤྲུལ་པའི་


CMR031_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སྲས། །དགེ་བསྙེན་ཆེན་པོའི་ཡང་རྗེ་སྟེ། །ནཱ་ག་རཀཱའི་ཐུགས་དམ་བསྐང་། །དེ་ཉིད་ཞི་བ་ནོར་ལྷའི་ཚུལ། །མི་མགོན་དཀར་པོའི་ཐུགས་དམ་བསྐང་། །དེ་ཡི་བཀའ་འཁོར་ཀླུ་ཆེན་བརྒྱད། །བཙུན་མོ་སྲས་བཅས་ཐུགས་དམ་བསྐང་། །གནས་ཆེན་དེ་ཝི་ཀོ་ཊི་ན། །གནས་བཅས་གཏེར་གྱི་སྲུང་མ་མཆོག །དགེ་བསྙེན་སྨྱོ་ཁའི་ཐུགས་དམ་བསྐང་། །གནས་བརྒྱད་མཚན་བརྒྱད་ལྡན་པ་ཡི། །བསྟན་སྲུང་ཆེན་པོའི་ཐུགས་དམ་བསྐང་། །དེ་ཡི་བཀའ་འཁོར་ཀླུ་བདུད་ནི། །འབོ་རང་ནག་པོའི་ཐུགས་དམ་བསྐང་། །རྒྱ་གར་གྲོང་ཁྱེར་སྒྲ་སྒྲོགས་དང་། །སོག་གི་ཆུ་ལ་གནས་བཅས་པའི། །རྡོ་རྗེ་རྒྱལ་པོའི་ཐུགས་དམ་བསྐང་། །ཀླུ་མོ་ན་ར་སེང་ཧ་དང་། །ཀླུ་ཆེན་མིང་སྲིང་ཐུགས་དམ་བསྐང་། །བར་བློན་ཆེན་པོ་དྲག་རྩལ་ཅན། །དགེ་བསྙེན་ཆེན་པའི་ཐུགས་དམ་བསྐང་། །སྐུ་མདོག་ནག་པོ་འཇིགས་པའི་གཟུགས། །གཡས་པས་སྦྲུལ་ཞགས་གཡོན་ནད་རྐྱལ། །ཆིབས་སུ་སྦལ་པ་གྲོ་མོ་ཆིབས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །སྤྲུལ་པ་མི་ནག་རྟ་རུ་ནུག །གཡས་པས་མདུང་དར་ནག་པོ་ཕྱར། །ནག་ཕྱོགས་ལྷ་འདྲེ་


CMR031_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་སྡུད། །གཡོན་པས་རུ་མཚོན་དཀར་པོ་ཕྱར། །དཀར་ཕྱོགས་ལྷ་སྲིན་བྲན་དུ་ཁོལ། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །ཡང་གཅིག་སྤྲུལ་པ་འགྱེད་ཙམ་ན། །བནྡེ་ཆེན་པོ་གསེར་ཞྭ་ཅན། །གཡས་པས་མདུང་དར་ནག་པོ་ཕྱར། །གཡོན་པས་རུ་མཚོན་ནག་པོ་ཕྱར། །རི་བོང་ནག་པོ་དིལ་མགོ་ཙམ། །ཆིབས་ནས་དགྲ་ལ་ཡེ་འདྲོགས་གཏོང་། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །དགེ་བསྙེན་སྤྲུལ་པ་འགྱེད་ཙམ་ན། །སྐུ་ལ་ཆོས་གོས་ངུར་སྨྲིག་གསོལ། །དབུ་ལ་པད་ཞྭ་སེར་པོ་གྱོན། །ཕྱག་གཡས་མདུང་དར་དཀར་པོ་ཕྱར། །གཡོན་པས་སྦྲུལ་ཞགས་ནག་པོ་འཛིན། །ཆིབས་སུ་རྟ་ནག་རྟིང་དཀར་ཆིབས། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །གཉན་གྱི་སྤྲུལ་པ་འགྱེད་ཙམ་ན། །མི་དཀར་ཉ་ཡི་མགོ་བོ་ཅན། །ཆིབས་སུ་ཉ་ཆེན་དཀར་པོ་ཆིབས། །ཆུ་བོ་ཆུ་མདོ་ཀུན་ལ་རྒྱུགས། །ཕྱག་གཡས་ཉ་ཡི་ཕྱག་མཚན་ཕྱར། །གཡོན་པས་ཉ་མགོའི་དབྱུག་ཏོ་འཛིན། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །གནོད་སྦྱིན་སྤྲུལ་པ་འགྱེད་ཙམ་ན། །ཚོང་དཔོན་སྐྱེས་བུ་ཆ་བྱད་ཅན། །སྤྲུལ་པ་ཕྲུག་སྔོན་ན་


CMR031_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་གསོལ། །དབུ་ལ་རས་དཀར་ཐོད་ཅན་བཅིངས། །གསེར་གཡུ་བྱི་རུའི་རྒྱན་ཆ་མཛེས། །ཕྱག་ན་ནོར་བུ་ནེའུ་ལེ་བསྣམས། །ཆིབས་སུ་སྔོན་པོ་ཆུ་རིས་ཆིབས། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །ཀླུ་བཙན་སྤྲུལ་པ་འགྱེད་ཙམ་ན། །མི་དམར་རྟ་དམར་དམག་ཆས་ཅན། །སྦྲུལ་མགོ་དྲུག་གི་གདེངས་ཀ་ལ། །སྦྲུལ་གྱི་མཇུག་མ་རྐེད་ལ་དཀྲིས། །འབྲུག་སྒྲ་ལྡིར་ཞིང་གློག་འོད་འཕྲོ། །གནམ་ལྕགས་ཐོག་སེར་དྲག་ཏུ་འབེབས། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །ཡུམ་གཅིག་ཀླུ་མོ་གསེར་གྱི་མདོག ། ཕྱག་གཡས་ནོར་བུ་བེ་ཅོན་བསྣམས། །གཡོན་པས་གསེར་གྱི་པདྨ་འཛིན། །སྐུ་སྨད་མཚོ་ཡི་ནང་དུ་ནུབ། །མཚོ་སྨན་མཛེས་སྡུག་འཁོར་གྱི་ཚོགས། །སྙན་པའི་གླུ་ལེན་བྲོ་ཡང་འཁྲབ། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །བློན་པོ་མི་བོ་ཆེ་ཡི་གཟུགས། །ཐོད་པ་དཀར་པོའི་འོད་ཟེར་འཕྲོ། །དཔྲ་བར་ཟླ་བའི་གཟུགས་ཀྱིས་མཛེས། །ཕྱག་གཉིས་ཐུགས་ཀར་རྒྱལ་མཚན་འཛིན། །སྦལ་པ་སྦྲུལ་གྱི་མཇུག་ཅན་འཛིན། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །འཁོར་ནི་རྒྱལ་རིགས་རྗེའུ་རིགས། །དམངས་རིགས་


CMR031_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གདོལ་པ་བྲམ་ཟེ་སོགས། །ཀུན་གྱི་ཐུགས་དམ་བསྐང་གྱུར་ཅིག །བདག་ཅག་དཔོན་སློབ་ཡོན་མཆོད་རྣམས། །ཚེ་རབས་ལྔ་བརྒྱ་ཚུན་ཆད་ནས། །ཀླུ་གཉན་ཐུགས་དང་ཅི་འགལ་བ། །དེ་དག་ཐམས་ཅད་མཐོལ་ལོ་བཤགས། །ཕ་མྱེས་སྔ་རབས་མན་ཆད་ནས། །བུ་ཚ་ཕྱི་རབས་ཡན་ཆོད་ཀྱི། །ཁྱེད་ཅག་ཐུགས་དང་འགལ་བའི་ལས། །གང་མཆིས་དེ་དག་མཐོལ་ལོ་བཤགས། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཀླུ་དང་ས་བདག་ལས་གྱུར་པའི། །ནད་ཀུན་སྐད་ཅིག་ཉིད་ལ་སོལ། །པ་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ས་མཱ་ཡ༔ ཨཱས་མ་ཡ༔ ཧཱུྃ་ས་མ་ཡ༔ ཨོཾ་སརྦ་ནཱ་ག་ནཱ་གི །ཨོཾ་བཛྲ་སཏཱ་ས་མ་ཡ་སོགས། ཞེས་དགེ་བསྙེན་བསྐང་གསོལ་གཉིས་ཀ་རཱ་ག་ཨ་སྱས་སྦྱར་བའོ། །བླ་མ་མཐར་ཕྱིན་ཞེས་བྱས་ཡི་གེ་བྲིས། །མངྒ་ལཾ།། ༈ ཞེས་དེ་ནས་བར་བློན་ཆེན་པོའི་གཏོར་འབུལ་ནི། ཞི་བ་བྱེད་ན་དཀར་གཏོར་བཤམས། ཨོཾ་ཨ་ཀ་རོ་ཡིས་བྱིན་གྱིས་རླབས། །དྲག་པོ་བྱེད་ན་དམར་གཏོར་བཤམས། །དེ་ལ་དགྲ་བགེགས་བཀུག་བྱས་ནས། །ངོ་བོ་དགྲ་བགེགས་ཤ་ཁྲག་ལ། །རྣམ་པ་བདུད་རྩིར་བསམས་ལ་འབུལ། །ཧཱུྃ། སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །མ་


CMR031_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དྲོས་གཟི་ཆེན་དམ་ལ་བཏགས་པའི་ཚེ། །དགེ་བསྙེན་བར་བློན་ཆེན་པོ་ཁྱོད་ཉིད་ཀྱིས། །སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ། །གུ་རུས་རྗེས་འཇུག་སྐྱོང་བར་མ་ཆད་དམ། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་ཕྲིན་ལས་བསྒྲུབ་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །དམ་རྫ་ས་བཀའ་ཡི་གཏོར་མ་འདི་བཞེས་ལ། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། །དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་། །སྐུ་ཡི་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །བོད་ཁམས་ས་གཞི་ཞབས་ཀྱིས་བཅགས་པའི་ཚེ། །ལྕི་ཆུ་རྒྱལ་བའི་ཡངས་རྫོང་དབེན་གནས་སུ། །།དགེ་བསྙེན་ཁྱོད་ལ་དབང་བསྐུར་དམ་ཚིག་ཕོག །སྤྱི་བོར་དབང་རྟགས་རྡོ་རྗེ་བཞག་ནས་ཀྱང་། །དམ་ཚིག་བདུད་རྩི་ལྕེ་ལ་བཞག་ནས་ནི། །གནས་དང་གཏེར་གྱི་སྲུང་མར་བཀའ་བསྒོས་ཚེ། །སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ། །གུ་རུའི་རྗེས་འཇུག་སྐྱོང་བར་མ་ཆད་དམ། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་ཕྲིན་ལས་བསྒྲུབ་པར་མ་ཆད་


CMR031_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དེ་འོག་བསྐལ་པ་ཕྱི་མའི་དུས་ཀྱི་ཚེ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད། །ལྷོ་ནུབ་སྲིན་པོ་འདུལ་དུ་བྱོན་དགོངས་དུས། །ཆུ་བོ་ལོ་ཧི་ཏ་ཡི་ཀླུང་འགྲམ་དུ། །ཁྱེད་ཅག་ཀླུ་རིགས་ཐམས་ཅད་དེར་འཚོགས་ནས། །མ་འོངས་སློབ་དཔོན་པདྨའི་བརྒྱུད་འཛིན་ལ། །གནོད་པའི་དགྲ་བོ་བསྒྲལ་བའི་དམ་བཅའ་ཕུལ། །གུ་རུའི་གཏེར་རིགས་བརྒྱ་དང་རྩ་བརྒྱད་མཛད། །སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ། །གུ་རུའི་རྗེས་འཇུག་སྐྱོང་བར་མ་ཆད་དམ། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་ཕྲིན་ལས་བསྒྲུབ་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དེ་འོག་བསྐལ་པ་ཕྱི་མའི་དུས་ཀྱི་ཚེ། །སེམས་དཔའ་ཆེན་པོ་རང་བྱུང་རྡོ་རྗེ་ཡིས། །སོག་གི་ཆུ་ལ་དགེ་ཟམ་བཙུགས་དགོངས་


CMR031_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དུས། །ཁྱེད་ཅིག་བར་བློན་རྣམས་ཀྱིས་མ་བཟོད་ནས། །ས་གཡོས་རི་འགུལ་འབྲུག་སྒྲ་ཐོག་སེར་ཕབ། །དེ་ཚེ་སེམས་དཔའ་ཐུགས་རྗེ་དྲག་པོར་ཁྲོས། །སྲ་མཁྲེགས་བྲག་ལ་་ཕྱག་གིས་ལྕགས་ཐག་བཏབ། །ལྟ་བས་ཟིལ་གྱིས་མནན་ནས་དམ་ལ་བཏགས། །དེ་ཚེ་བསྟན་པ་བསྲུང་བར་ཁས་བླངས་ཤིང་། །ཀླུ་ཟོག་དུང་དཀར་རྭ་ཅོ་ཅན་སོགས་ཕུལ། །སངས་རྒྱས་བསྟན་པ་བསྲུང་བར་མི་ཆད་དམ། །གུ་རུའི་རྗེས་འཇུག་སྐྱོང་བར་མ་ཆད་དམ། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་ཕྲིན་ལས་བསྒྲུབ་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། །དེ་འོག་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །མི་འགྱུར་རྡོ་རྗེ་རོལ་པ་རྩལ་ཉིད་ཀྱིས། །གནམ་ཆོས་ཐུགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །ཁྱེད་ཅག་འཇིག་རྟེན་ལྷ་འདྲེ་ཐམས་ཅད་ཀྱིས། །རང་རང་གཟུགས་བསྟན་སྲོག་གི་སྙིང་པོ་ཕུལ། །གནམ་ཆོས་བསྟན་པ་བསྲུང་བའི་ཆད་ཐོ་བྱས། །གནམ་ཆོས་གཏེར་བློན་ཆོས་ཀྱི་བདག་པོ་ལ། །ཉམས་དང་རྨི་ལམ་


CMR031_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དང་སྤྲུལ་པ་བསྟན། །གྲྭ་སློབ་བརྒྱུད་པར་བཅས་པ་ཐམས་ཅད་ལ། །གནོད་འཚེ་སྤང་ཞིང་སྡོང་གྲོགས་བྱའོ་ཞེས། །ཁ་ཙམ་མིན་པར་སྙིང་ནས་ཐ་ཚིག་ཕུལ། །ཁྱེད་ཅག་འཇིག་རྟེན་གཙང་མ་རིས་ཀྱི་ལྷ། །ལྷ་ངག་ནམ་ཡང་རྫུན་པ་མི་མངའ་བས། །དམ་རྫས་བཀའ་ཡི་གཏོར་མ་འདི་ལོངས་ལ། །གནོད་འཚེ་འཁུ་ལྡོག་ནམ་ཡང་མ་བྱེད་པར། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཞི་བ་ཡིན་ན་གནས་པའི་ཕྱོགས་སུ་ཕུལ། །དྲག་པོ་ཡིན་ན་གནོད་པའི་ཕྱོགས་སུ་ཕུལ། །འདི་རཱ་ག་ཨ་སྱས་འཕྲལ་དུ་སྨྲས། །པདྨ་མཐར་ཕྱིན་ཞེས་བྱས་ཡི་གེ་བྲིས། །མངྒ་ལཾ།། །།


CMR031_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་བར་བློན་གསོལ་བསྡུས་ནི། །བྷཾ་ལས་རིན་ཆེན་སྣོད་ཡངས་པར། །གཏོར་མ་དཀར་གསུམ་བདུད་རྩིའི་མཚོ། །ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་རློབས། །ཟག་མེད་བདེ་བ་བསྐྱེད་པ་འདི། །ཀླུ་ཡི་དགེ་བསྙེན་དམ་ཚིག་ཅན། །འབོ་རང་ཡབ་ཡུམ་བློན་འཁོར་བཅས། །འཁོར་དང་བཅས་པ་ཐམས་ཅད་ལ། །འབུལ་ལོ་བཞེས་ནས་ཚིམ་གྱུར་ཅིག །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པ་འགྲུབ་པར་མཛོད། །ཨོཾ་ནཱ་ག་ཅི་ཅི་འབེ་འབེ་སྭཱ་ཧཱ། ཨོཾ་ནཱ་ག་ཨུ་པ་སི་ཀཱ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ། རཱག་ཨ་སྱས་མཛད་པའོ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུ།།


previousགཏེར་སྲུང་དགེ་བསྙེན་སྨྱོ་ཁའི་བར་བློན་ཆེན་པོའི་གསོལ་མཆོད་ཕན་བདེའི་ཆུ་གཏེར།next