Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

8 occurrences of འ་འུར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
ཀླུའི་དགེ་བསྙེན་ཆེན་པོ་རྡོ་རྗེ་བདུད་འཇོམས་ཀྱི་མཆོད་ཆོག་ཡིད་བཞིན་ནོར་བུའི་འབྱུང་གནས་ཕན་བདེའི་རླབས་ཕྲེང་རབ་ཏུ་གཡོ་བ།
  
 
  
  
  
  
  
  
  
  
  
  
  
 
 
 
 
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  


8 occurrences of འ་འུར་
[Clear Hits]

 
previousཀླུའི་དགེ་བསྙེན་ཆེན་པོ་རྡོ་རྗེ་བདུད་འཇོམས་ཀྱི་མཆོད་ཆོག་ཡིད་བཞིན་ནོར་བུའི་འབྱུང་གནས་ཕན་བདེའི་རླབས་ཕྲེང་རབ་ཏུ་གཡོ་བ།next

ཀླུའི་དགེ་བསྙེན་ཆེན་པོ་རྡོ་རྗེ་བདུད་འཇོམས་ཀྱི་མཆོད་ཆོག་ཡིད་བཞིན་ནོར་བུའི་འབྱུང་གནས་ཕན་བདེའི་རླབས་ཕྲེང་རབ་ཏུ་གཡོ་བ།


CMR031_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུའི་དགེ་བསྙེན་ཆེན་པོ་རྡོ་རྗེ་བདུད་འཇོམས་ཀྱི་མཆོད་ཆོག་ཡིད་བཞིན་ནོར་བུའི་འབྱུང་གནས་ཕན་བདེའི་རླབས་ཕྲེང་རབ་ཏུ་གཡོ་བ་ཞེས་བྱ་བ་བཞུགས་སོ།།


CMR031_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨ་ཀ་ར་ཡེ། རྒྱལ་བ་པདྨ་འབྱུང་གནས་དང་། །རྒྱལ་སྲས་རང་བྱུང་རྡོ་རྗེ་ལ། །གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །དེ་ཡི་བཀའ་ཉན་དམ་ཚིག་ཅན། །དགེ་བསྙེན་ཆེན་པོའི་མཆོད་ཐབས་བྲི། །ཤ་ཁྲག་མ་གི་ཏ་སོགས་ཀྱིས། །དྲི་མ་མེད་པའི་སྣོད་གཙང་དུ། །དཀར་གཏོར་རྩེ་རྒྱལ་སྤྲུལ་གཅུད་པ། །རྩེ་ལ་ནོར་བུ་ཉི་ཟླས་བརྒྱན། །ཐ་མར་ཉ་ལྕོང་སྦལ་སྦྲུལ་བསྐོར། །ཀླུ་སྨན་དཀར་གསུམ་ཕུད་ཀྱིས་བྲན། །རང་ཉིད་པདྨའི་ང་རྒྱལ་གྱིས། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷ་ཝ་ཤུདྡྷོཉཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་དུ་བླ་མཚོ་མེར་བ་ཐ་མ་རིན་པོ་ཆེའི་བྲག་རི་དང་ལྗོན་


CMR031_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མཛེས་པའི་ཕྲེང་བས་བསྐོར་བ། སྟེང་ན་སྤྲིན་ནག་འཇིགས་པའི་བླ་བྲེ་ལ་འབྲུག་སྒྲ་སྒྲོག་ཅིང་གློག་དམར་འཁྱུག་པ། ན་བུན་སྔོན་པོ་དང་འཇའ་ཚོན་སྣ་ལྔའི་ཡོལ་བ་བྲེས་ཤིང་ཆར་གྱི་རྒྱུན་འབེབས་པ། དེའི་དབུས་སུ་རིན་པོ་ཆེའི་སྐུ་མཁར་ཡངས་ཤིང་རྒྱ་ཆེ་བ་རིན་པོ་ཆེའི་དྲྭ་བ་དང་གཡེལ་ཁ་དང་། དར་སྣ་ཚོགས་ཀྱིས་བ་དན་དང་རྒྱལ་མཚན་དང་འཕན་ཕྱར་བ། འོག་གི་སྒོ་ཆེན་གནམ་ལྕགས་ཀྱི་ཕོག་བུ་དང་སྒོ་ལུང་གིས་བརྒྱན་པ། སྟེང་གི་སྒོ་སུམ་རལ་ལས་ལྷའི་དར་ཆེན་གྱིས་ཤམ་བུ་བརྐྱང་བ། རིན་པོ་ཆེའི་སྒྲོམ་བུ་དཔག་ཏུ་མེད་པ་དང་ལོངས་སྤྱོད་ཀྱི་


CMR031_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་ཉེ་བར་ཕྱུག་པ། དེའི་དབུས་སུ་རིན་པོ་ཆེའི་ཁྲི་དར་ཟབ་སྣ་ཚོགས་ཀྱིས་བཀླུབས་པའི་སྟེང་དུ། པདྨ་དཀར་པོ་དང་ཟླ་བའི་གདན་ལ་ཕུཡིག་དཀར་སེར་ཡོངས་སུ་གྱུར་པ་ལས། ཀླུའི་དགེ་བསྙེན་ཆེན་པོ་སྐུ་མདོག་དཀར་ལ་ཅུང་ཟད་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་རབ་ཏུ་དགྱེས་ཤིང་འཛུམ་པ། ཕྱག་གཡས་སྦ་ལྕག་དང་གཡོན་ནོར་བུ་བསྣམས་པ། དབུ་ལ་རིན་པོ་ཆེའི་པྲོག་ཞུ་དར་ཐོད་ཀྱིས་བརྒྱན་པ་དང་སྐུ་ལ་མེ་ཏྲི་དམར་པོའི་ན་བཟའ་ཟ་འོག་གི་གོང་ལག་ཅན་གསོལ་བ། རྫུ་འཕྲུལ་གྱི་ཤུགས་དང་ལྡན་པའི་ཆུ་རྟ་སྔོན་པོ་རི་ལོག་ཙམ་ལ་ཆིབས་པ། དེའི་འཁོར་དུ་བློན་པོ་དང་ནང་མི་དམག་སྡེའི་ཚོགས་དང་། མཚོ་སྨན་ཀླུ་མོ་མཛེས་སྡུག་གི་ཚོགས་དང་ཕོ་ཉ་ལས་མཁན་སྤྲུལ་པའི་ཆུ་གནས་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གཙོ་བོའི་གནས་གསུམ་ཡིག་འབྲུ་གསུམ་དང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། བསྒོམ་པ་དང་འདྲ་བའི་དགེ་བསྙེན་འཁོར་དང་བཅས་པ་སྤྱན་དྲངས། ཧཱུྃ། མཐིང་མདོག་རྔམ་པའི་ཆུ་གཏེར་ལས། །མཛེས་པའི་རླབས་འཕྲེང་ཀྱི་ལི་ལི། །རྡོ་རྗེ་བྲག་རིའི་ཕོ་བྲང་གདལ། །སྣ་ཚོགས་ལྗོན་


CMR031_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཐིབས་སེ་ཐིབ། །རིན་ཆེན་ས་འཛིན་ལྷུན་ཆགས་པ། །དགེ་བསྙེན་ཞལ་གྱི་དཀྱིལ་འཁོར་བཀྲ། །རིན་ཆེན་མཆོང་བྲག་དམར་པོ་ལ། །ཆུ་སྲིན་རྒྱལ་པོའི་གཟུགས་སུ་སྣང་། །སྐྱེ་འགྲོ་མི་ཡི་འགྲིམ་ལམ་ལ། །ལྟོ་འགྲོ་སྦྲུལ་གྱི་གཟུགས་སུ་སྣང་། །སྟེང་ན་ཆུ་འཛིན་མཐིང་ནག་ལ། །གློག་དམར་འཁྱུག་ཅིང་འབྲུག་སྒྲ་སྒྲོག །ན་བུན་སྔོན་པོའི་ཡོལ་བ་ལ། །འཇའ་ཚོན་སྣ་ལྔའི་ཤམ་བུ་ཅན། །དེ་དབུས་ཡིད་ལས་སྤྲུལ་པ་ཡི། །རིན་ཆེན་ལས་གྲུབ་སྐུ་མཁར་ནས། །ལོངས་སྤྱོད་རྣམ་པ་སྣ་ཚོགས་ལྡན། །འཇའ་ཚོན་གདུགས་ཕུབ་ཀྱི་ལི་ལི། །ཤེལ་གྱི་ཁུ་འཕང་ཤ་ར་ར། །གཡུ་ཡི་ན་བུན་ཐུ་ལུ་ལུ། །ཉ་སྲམ་མང་པོ་ཕྱ་ལ་ལ། །ཆུ་གླང་རྭ་རྩེ་ཁྲ་ལ་ལ། །སྦལ་སྦྲུལ་མང་པོ་ཉི་ལི་ལི། །དེ་འདྲའི་གནས་ཀྱི་ཕོ་བྲང་ནས། །དགེ་བསྙེན་ཆེན་པོ་དབྱི་དོ་ཁྱོད། །ཐུགས་ལ་ཞེ་སྡང་མ་འཆང་ལ། །ལུས་ལ་མཚོན་ཆ་མ་བཏགས་ལ། །ཞི་ཞིང་བྱམས་པའི་སེམས་ཀྱིས་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཁྱོད་ཀྱི་རྫུ་འཕྲུལ་སྟོབས་ཀྱིས་ནི། །བཞུགས་གནས་གཅིག་ཏུ་མ་ངེས་ཏེ། །ཆུ་བོ་ཀུན་དང་ཆུ་


CMR031_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་མདོ། །མཚོ་དང་རྫིང་བུ་ནེའུ་སེང་དང་། །ལྗོན་ཤིང་བྲག་རི་སྐྱེད་མོས་ཚལ། །ཆུ་མིག་ཁྲོན་པ་ལུ་མ་སོགས། །བཞུགས་ནས་གང་དུ་བཞུགས་གྱུར་ཀྱང་། །མཆོད་པ་འབུལ་ཞིང་བཞེས་སླད་དུ། །དགྱེས་ཤིང་ཕན་པའི་སེམས་ཀྱིས་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཀླུ་ཡི་དགེ་བསྙེན་ཆེན་པོ་ཡི། །འཁོར་ན་གནས་པའི་རྫུ་འཕྲུལ་ཅན། །བཙུན་མོ་བློན་པོ་དཔུང་དང་བཅས། །ཀླུ་དང་ས་བདག་སྨན་གྱི་ཚོགས། །དཀོན་མཆོག་གསུམ་གྱི་བཀའ་ཉན་ཞིང་། །དཀར་པོའི་ཕྱོགས་ལ་དགའ་བ་རྣམས། །མཆོད་པ་འབུལ་ཞིང་བཞེས་སླད་དུ། །དགའ་ཞིང་གུས་པའི་སེམས་ཀྱིས་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ནཱ་ག་རུ་ཊ་མ་ཧཱ་ཨུ་པ་སི་ཀ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཧཱུྃ། ཆེན་པོ་དག་ལ་མངོན་པར་འོས་པ་ཡི། །རིན་ཆེན་ཁྲི་མཆོག་རབ་མཛེས་དར་གྱིས་བཀླུབས། །འདམ་སྐྱེས་ནམ་མཁའི་ཐིག་ལེ་གདལ་བའི་སྟེང་། །ཕན་བདེའི་འབྱུང་གནས་སྐྱོང་བའི་ཡི་དམ་ཅན། །དགེ་བསྙེན་ཆེན་པོ་དགྱེས་ཤིང་བཞུགས་སུ་གསོལ། །རང་རང་འོས་ཤིང་འཚམས་པའི་གདན་སྟེང་དུ། །བཙུན་མོ་བློན་པོ་


CMR031_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གཡོག་བཅས་པ་རྣམས། །རབ་ཏུ་དགའ་ཞིང་གུས་པའི་སེམས་ཀྱིས་ནི། །ཕན་པའི་སེམས་ཀྱིས་བརྟན་པར་བཞུགས་སུ་གསོལ། །ཨོཾ་ནཱ་ག་རུ་ཊ་མ་ཧཱ་ཨུ་པ་སི་ཀ་ས་པཱ་རི་ཝཱ་ར་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན། ཧཱུྃ། སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བསིལ་བ་ཚལ་དུ་ཀླུ་སྲིན་ཐམས་ཅད་བཏུལ། །མལ་དྲོའི་ནང་དུ་ཀླུ་རིགས་ཐམས་ཅད་བཏུལ། །དེ་རྗེས་གྲངས་མེད་སྤྲུལ་པའི་རྫུ་འཕྲུལ་གྱིས། །བོད་ཡུལ་ཀླུ་དང་ས་བདག་ཐམས་ཅད་བཏུལ། །དེ་རྗེས་ལོ་ཧི་ཏ་ཡི་ཀླུང་འགྲམ་དུ། །བོད་ཡུལ་ས་བདག་ཀླུ་གཉན་ཐམས་ཅད་ཀྱིས། །བསྟན་པ་སྲུང་བར་ཁས་བླངས་སྲོག་སྙིང་ཕུལ། །དེ་རྗེས་སེམས་དཔའ་རང་བྱུང་རྡོ་རྗེ་ཡིས། །བསྟན་སྲུང་དགེ་བསྙེན་ཆེན་པོ་རྩིས་ལ་ཕབ། །སྔོན་གྱི་དམ་ཚིག་རྗེས་སུ་དྲན་མཛོད་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ལས་ལས་གྲུབ་པའི་དགེ་བསྙེན་ཆེན་པོའི་འཁོར། །རིག་འཛིན་རྒྱལ་བའི་ཞལ་ཡང་མ་མཐོང་ཞིང་། །རྫུ་འཕྲུལ་སྟོབས་ཀྱིས་ཆོ་འཕྲུལ་ཅིར་ཡང་སྟོན། །ཆུ་བོ་ཆུ་མདོ་ཀུན་ཏུ་རྒྱུ་བ་རྣམས། །དཀོན་མཆོག་གསུམ་གྱི་བདེན་པའི་བཀའ་ལ་


CMR031_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན། །རང་གི་ལུས་ལ་གནོད་པའི་དཔེ་ལོངས་ལ། །སེམས་ཅན་གཞན་ལ་གནོད་པར་མ་བྱེད་ཅིག །ཨོཾ་ནཱ་ག་རུ་ཊ་མ་ཧཱ་ཨུ་པ་སི་ཀ་ས་པཱ་རི་ཝཱ་ར་ས་མ་ཡ་མ་ནུ་སྨ་ར་ཡ་ས་མ་ཡ་མ་ཏི་ཀྲ་མ་ཏི། ས་མ་ཡ་རཀྵནྟུ། གང་དག་དཀོན་མཆོག་གསུམ་ལ་མི་མངོན་ཞིང་། །ཕན་གནོད་རྒྱུ་འབྲས་མི་ཤེས་ནག་པོའི་རིགས། །མཆོད་པ་དག་ལ་དགའ་བའི་སེམས་མེད་པ། །ཇི་ལྟར་བྱས་ཀྱང་གནོད་འཚེའི་རང་བཞིན་ཅན། །ཀླུ་ཐིལ་ཀླུ་སྲིན་འབྱུང་པོའི་རིགས་རྣམས་ཀྱང་། །འདི་རུ་མ་གནོད་གཞན་དུ་མྱུར་དུ་དེངས། །ཨོཾ་ནཱ་ག་ར་ཛཱ་ཏྲི་ཕྲལ་ཤག །ནོར་སན་ཚ་ཚ་ཐ། བཅོམ་ལྡན་མི་བསྐྱོད་རྒྱལ་པོའི་ཐུགས་རྗེའི་ཆུས། །ཀླུ་ཡི་སྒྲིབ་གཉིས་བག་ཆགས་ཀུན་བྱང་ནས། །གཏི་མུག་ཕྲག་དོག་ལ་སོགས་དུག་རྣམས་ཞི། །མྱུར་དུ་བྱང་ཆུབ་མངོན་དུ་བྱེད་གྱུར་ཅིག །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་སོགས་བཟླ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་པ་ནས། འདི་ནི་སངས་རྒྱས་བསྟན་པ་ཡིན། །ཛཱ་ཏི་ལ་སོགས་ཀླུ་སྨན་སྣ་ཚོགས་པ། །ཏིང་འཛིན་སྔགས་ཀྱིས་བྱིན་རླབས་ཕུལ་བ་ཡིས། །ཀླུ་ཡི་ནད་རྣམས་མ་ལུས་ཞི་གྱུར་ཅིག །ཉམས་ཞིང་རྒུད་པ་ཐམས་ཅད་


CMR031_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སོར་ཆུད་དེ། །དཔལ་དང་གཟི་བརྗིད་མཐུ་སྟོབས་རབ་རྒྱས་ནས། །བདེ་སྐྱིད་དགེ་ལེགས་དཔལ་ལ་ལོངས་སྤྱོད་ཤོག །ཨོཾ་ནཱ་ག་ར་ཙ་བུདྡྷ་བྷ་ག་ཝན། ན་མོ་རཏྣ་ཏྲ་ཡཱ་ཡ། ཧ་ཧ་ཧུ་ཧུ། ཨ་མྲྀ་ཏ་བི་ཤུདྡྷེ་སྭཱ་ཧཱ། ཧཱུྃ་ལས་རིན་ཆེན་སྣོད་དུ་ཨོ་ཡིག་ལས། །སྣ་ཚོགས་མཆོད་སྤྲིན་ཀླུ་དབང་མགུ་བྱེད་པ། །རྒྱ་ཆེན་ཟད་མི་ཤེས་པ་ནམ་མཁའི་མཛོད། །ཟག་མེད་བདེ་བ་བསྐྱེད་པ་ཉིད་དུ་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། ཨོ། དཀར་གསུམ་མཆོད་ཡོན་ཀླུ་ཤིང་མེ་ཏོག་རྒྱས། །བཟང་ཤིང་དུད་སྤྲིན་རིན་ཆེན་སྣ་ཚོགས་པ། །རྒྱ་ཇའི་དྲི་བསུང་མངར་གསུམ་རོ་བརྒྱ་པ། །ཡིད་འོང་སྒྲ་དང་འདོད་ཡོན་རྣམ་པ་ལྔ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །སྣ་ཚོགས་ཆུ་གནས་གཟུགས་དང་ཤེལ་ཚིགས་སོགས། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འབུལ། །ཨོཾ་ནཱ་ག་རུ་ཊ་མ་ཧཱ་ཨུ་པ་སི་ཀ་ས་པཱ་རི་ཝ་ར་ཨབྷཾ་སོགས། ཨོ། ལས་རིན་ཆེན་སྣོད་དུ་ཁཾ་ཡིག་ལས། །རོ་བརྒྱ་ལྡན་པའི་ཞལ་ཟས་ཤེལ་གྱི་མདོག །ཀླུ་རྣམས་མགུ་ཞིང་རྒྱས་པ་སྐྱེད་བྱེད་གྱུར། །བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །


CMR031_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་ཀླས་འཇིགས་ཀུན་བྲལ་ཕྱག་འཚལ་ལོ། །ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ། ཨོཾ་ནཱ་ག་རུ་ཊ་མ་ཧཱ་ཨུ་པ་སི་ཀ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀླུ་བདུད་དགེ་བསྙེན་དབྱི་དོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འབུལ་བ་འདི་བཞེས་ལ། །ཡུལ་ཕྱོགས་འདི་རུ་ལོ་ལེགས་འཁྲུག་པ་ཞི། །བདེ་སྐྱིད་ཡུལ་ལྷ་ལྟར་བུ་འབྱོར་བར་མཛོད། །ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །ཀླུ་ནད་གཉན་ནད་ཆུ་ཡི་གནོད་པ་དང་། །དགྲ་གྱོད་རྒྱལ་པོའི་འཇིགས་པ་ཞི་བར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་མངའ་ཐང་རྒྱས། །ཆོས་སྲིད་སྙན་གྲགས་དར་ཞིང་རྒྱས་པར་མཛོད། །རྒྱལ་བློན་འབངས་འཁོར་ཡུལ་ཁམས་ཐམས་ཅད་དང་། །འབྲུ་ནོར་ཇ་དར་དབང་དུ་འདུ་བར་མཛོད། །བདག་ལ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། །གང་ན་འདུག་ཀྱང་རྡུལ་དུ་བརླག་པར་མཛོད། །ཧཱུྃ། དགེ་བསྙེན་ཆེན་པོ་མཐུ་བོ་ཆེ། །ཞལ་བཟང་ཟླ་བ་རྒྱས་པ་འདྲ། །སྤྱན་མིག་སྐར་ཆེན་ཤར་བ་འདྲ། །དབུ་ལ་རིན་ཆེན་སྲོག་ཞུ་གསོལ། །སྐུ་ལ་ན་བཟའ་མི་ཏྲི་ལ། །ཟ་འོག་དམར་པོས་གོང་ལག་བྱས། །ཕྱག་གཡས་སྦ་ལྕག་


CMR031_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ལ། །དར་ཚོན་སྣ་ལྔའི་འཕན་ཕྲན་དང་། །རིན་ཆེན་སྣ་ལྔའི་ལྕག་འབྲས་བཏགས། །ཕྱག་གཡོན་ཡིད་བཞིན་ནོར་བུ་བསྣམས། །དགོས་འདོད་སྣ་ཚོགས་ཆར་ལྟར་འབེབས། །ཤིན་ཏུ་རྔམ་པའི་གཟི་བརྗིད་འབར། །འོད་ཟེར་ཉི་མ་ཤར་བ་འདྲ། །ལས་ལས་གྲུབ་པའི་ཆུ་རྟ་ནི། །སྔོན་པོ་རི་ལོག་ཙམ་ལ་ཆིབས། །རྔ་རྔོག་གསེབས་ནས་སྦལ་སྦྲུལ་འཕྲོ། །གོང་སྨད་གློ་ནན་སྦྲུལ་ལས་བྱས། །གསེར་སྲབ་གཡུ་མཐུར་སྟག་ས་ཅན། །སྐད་ཅིག་ཉིད་ལ་སྟོང་གསུམ་བསྐོར། །ཀླུ་ཡི་དགེ་བསྙེན་དམ་ཚིག་ཅན། །རྡོ་རྗེ་བདུད་འཇོམས་ཞེས་སུ་གྲགས། །དགེ་བསྙེན་དབྱི་དོ་ཁྱོད་ལ་བསྟོད། །ཧཱུྃ། ཡང་གཅིག་སྤྲུལ་པ་མཛད་ཙམ་ན། །ཚོང་དཔོན་སྐྱེས་བུ་རྫུ་འཕྲུལ་ཅན། །ཞལ་རས་བརྗིད་ཅིང་འཛུམ་པའི་ཞལ། །དབུ་ལ་རས་དཀར་ཐོད་ཆེན་བཅིངས། །སྐུ་ལ་ཕྲུག་སྔོན་ན་བཟའ་གསོལ། །གསེར་གཡུ་བྱི་རུའི་སྙན་ཆ་མཛེས། །ཕྱག་ན་ཡིད་། བཞིན་ནོར་བུ་དང་། །ཐམ་ཁ་ལྡེ་མིག་མང་པོ་བསྣམས། །དངོས་གྲུབ་སྣ་ཚོགས་གཏེར་སྒོ་འབྱེད། །འཁོར་དང་ལོངས་སྤྱོད་ཐམས་ཅད་ནི། །གནོད་གནས་དབང་པོ་ཉིད་དང་


CMR031_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས། །གནས་པོ་ཆེན་པོ་ཁྱོད་ལ་བསྟོད། །བཙན་ཕྱུག་དར་གསུམ་དངོས་གྲུབ་སྩོལ། །ཧཱུྃ། ཁྱོད་ཀྱི་འཁོར་དང་ཕོ་ཉ་ནི། །མཚོ་སྨན་ཀླུ་མོ་མང་པོ་ནི། །ཀླུ་ལེན་བྲོ་རྡུང་ཁྲིགས་སེ་ཁྲིག །ཀླུ་བདུད་ཀླུ་བཙན་མང་པོའི་ཚོགས། །ཆོ་འཕྲུལ་སྣ་ཚོགས་ཟངས་སེ་ཟང་། །སྤྲུལ་པའི་ཉ་ཆེན་སྦྲུལ་ཆེན་རྣམས། །ཁ་རླངས་ན་བུན་ཐིབས་སེ་ཐིབ། །སྤྲུལ་པའི་ཆུ་གླང་གཡག་རྒོད་རྣམས། །རུ་རྩད་ངར་སྒྲ་དི་རི་རི། །འཁོར་ཚོགས་སྤྲུལ་པ་ཐམས་ཅད་ལ། །བདག་གིས་རབ་ཏུ་བསྟོད་པར་བགྱི། །ཧཱུྃ། དགེ་བསྙེན་ཀླུ་བདུད་འཁོར་བཅས་རྣམས། །རྣལ་འབྱོར་བདག་ལ་ཚུར་གསོན་དང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཕ་མྱེས་སྔ་རབས་མན་ཆད་ནས། །ད་ལྟའི་དུས་འདི་ཡན་ཆད་དུ། །ཐུགས་དང་འགལ་བར་གྱུར་པ་ཡི། །ས་གཉན་བརྐོས་དང་རྡོ་གཉན་རློག །ཤིང་གཉན་བཅད་དང་ཐབ་གཞོབ་བྱས། །མནའ་གཉན་བརྐྱལ་ལམ་གཏད་ཁྲམ་བྱས། །གཟིར་ནན་དྲག་ལས་ཐུབ་ཐུབ་བྱས། །ཞིང་མུ་བཅད་དམ་ཁང་ལས་བྱས། །མཆོད་པའི་ཕུད་ཉམས་འབག་བཙོག་བྱས། །དེ་སོགས་ཐུགས་དང་འགལ་བ་རྣམས། །


CMR031_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་འགྱོད་པས་མཐོལ་ཞིང་བཤགས། །ཞི་ཞིང་བྱམས་པའི་ཐུགས་ཀྱིས་ནི། །བཟོད་པ་དམ་པ་མཛད་དུ་གསོལ། །ཨོཾ་ས་མ་ཡ། ཨཱས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་ནཱ་ག་རུ་ཊ་མ་ཧཱ་ཨུ་པ་སི་ཀ་ས་པཱ་རི་ཝཱ་ར་ཨོཾ་བཛྲ་སཏྭ་ས་མ་ཡ། ཞེས་སོགས་ཡིག་བརྒྱ་བརྗོད། དེ་ནས་ལས་ལ་བསྐུལ་ན། ཐུན་གཏོར་ལ་དགྲ་བོ་བཀུག་གཞུག་བྱས་ནས་དེའི་ཤ་ཁྲག་ཏུ་དམིགས་ལ་འབུལ་བ་ནི། ཧཱུྃ། སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཉིད། །ལྷོ་ནུབ་སྲིན་པོའི་ཡུལ་དུ་གཤེགས་དགོངས་ཚེ། །ཀླུ་ཡི་རྒྱལ་པོ་འཛིན་ཤེས་གཏོང་མི་ཤེས། །རྒྱལ་རིགས་རྗེ་རིགས་དམངས་རིགས་བྲམ་ཟེའི་རིགས། །གདོལ་པ་ནག་པོ་སློབ་དཔོན་དྲུང་དུ་བྱུང་། །གཞན་ཡང་བོད་ཀྱི་ས་བདག་ཀླུ་གཉན་དང་། །ལྷ་འདྲེ་གཅིག་ཀྱང་མ་ལུས་དེར་འཚོགས་ནས། །མ་འོངས་སློབ་དཔོན་པདྨའི་རྗེས་འཇུག་ལ། །གནོད་པའི་དགྲ་བོ་བསྒྲལ་བར་མ་ཆད་དམ། །ང་ནི་སློབ་དཔོན་པདྨའི་བཀའ་བརྒྱུད་ཡིན། །ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས་ཡིན་པས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཡིད་ལ་མནག་པའི་དགྲ་བོ་ད་སྒྲོལ་ཅིག །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་


CMR031_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཧཱུྃ། དགེ་བསྙེན་ཀླུ་བདུད་ནག་པོ་ནི། །ཤིན་ཏུ་དྲག་ཏུ་ཁྲོས་པའི་ཚེ། །སྐུ་མདོག་མཐིང་ནག་མུན་པའི་མདོག །ལུས་ནི་གཞུ་འདོམ་བརྒྱ་ཡི་ཚད། །སྦྲུལ་མགོ་དགུ་ཡི་གདེངས་ཀ་ཅན། །ཞལ་གདངས་མཆེ་གཙིགས་ལྡང་མིག་བསྒྲད། །མིག་ནས་ཁྲག་གི་ཆར་པ་འབེབས། །ཁ་ནས་ནད་རླངས་སྔོན་དམར་འཚུབ། །སྙིང་ལ་གདུག་པའི་ན་བུན་གཏིབས། །སྣ་ནས་སེར་སྤྲིན་ཁོལ་ཞིང་འཕྱུར། །བུ་ག་དགུ་ནས་འབྲུག་སྒྲ་སྒྲོག །རྣ་བའི་ཁུང་ནས་ཐོག་རྒོད་འཕྲོ། །བ་སྤུ་ཐོག་ཟེར་ཚྭ་ཚྭ་འཕྲོ། །རྐང་ཞབས་ནད་ཀྱི་རླུང་དམར་ལྡང་། །འོག་སྒོ་སྦལ་སྦྲུལ་ཕོ་ཉ་འཕྲོ། །ཕྱག་གཡས་ནད་ཀྱི་གཡབ་མོ་རྡེབ། །གཡོན་པས་གློག་གི་ཞགས་པ་འཛིན། །སྐུ་སྨད་སྦྲུལ་མཇུག་ན་བུན་ཁོལ། །ཆིབས་སུ་བྲག་ནག་རྟིང་དཀར་ཆིབས། །འབྲུག་སྒྲ་ལྡིར་ཞིང་གློག་དམར་འཁྱུག །གནམ་ལྕགས་ཐོག་སེར་དྲག་ཏུ་འབེབས། །།འཁོར་དུ་ཀླུ་དམག་འབུམ་གྱིས་བསྐོར། །སྦྲུལ་ནག་འཁྱུག་དང་ཤིགས་སེ་ཤིག །གཡག་ནག་ངར་སྒྲ་འུ་རུ་རུ། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །ཆོས་ཆོས་སྡང་བའི་དགྲ་ལ་ཆོས། །དམིགས་པའི་དགྲ་བོ་རྡུལ་དུ་རློགས། །


CMR031_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གག་ལྷོག་མཛེ་དང་གྲི་འཐབ་ཀྱིས། །དགྲ་བོའི་བདུན་རྒྱུད་རྩོད་ནས་ཆོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཏོར་མ་དམིགས་པའི་ཕྱོགས་སུ་བསྐྱལ་ལོ། །མཆོད་པའི་དུས་གཏོར་མ་ཆུར་བསྐུར་རོ། །།ཧཱུྃ། དགེ་བསྙེན་ཀླུ་བདུད་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མས་ཚིམས་མཛོད་ལ། །རང་རང་གནས་སུ་བདེ་བར་གཤེགས། །རྒྱུན་དུ་སྤྱན་དང་གྲོགས་ལྟ་བུར། །བརྩེ་བའི་སེམས་ཀྱིས་ཁ་འཛིན་མཛོད། །།ཨོ་ནཱ་ག་རུ་ཊ་མ་ཧཱ་ཨུ་པ་སི་ཀ་ས་པཱ་རི་ཝ་ར་འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ཞེས་སོགས་བྱའོ། །ཞེས་པ་འདི་ནི་ཀླུ་ཐེབས་བཟང་པོའི་དུས་ཉིན་པར། དགེ་སློང་ཨ་རཱ་གས་བྲིས་པའོ། །འདི་ལ་ཉེས་པ་གང་མཆིས་དགེ་བསྙེན་ཉིད་ལ་བཤགས། དགེ་བས་དགེ་ལེགས་དཔལ་ལ་སྤྱོད་པར་ཤོག །ནཱ་ག་མངྒ་ལཾ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཀླུའི་དགེ་བསྙེན་ཆེན་པོ་རྡོ་རྗེ་བདུད་འཇོམས་ཀྱི་མཆོད་ཆོག་ཡིད་བཞིན་ནོར་བུའི་འབྱུང་གནས་ཕན་བདེའི་རླབས་ཕྲེང་རབ་ཏུ་གཡོ་བ།next