Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

3 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
ཇོ་བོ་གཟེ་རྒྱལ་གྱི་གསོལ་ཁ་སྒྲུབ་ཐབས་དང་བཅས་པ་ཁ་བ་ཅན་གྱི་མངའ་གསོལ་ཆེན་མོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


3 occurrences of འཚེར་རྩུབ་
[Clear Hits]

 
previousཇོ་བོ་གཟེ་རྒྱལ་གྱི་གསོལ་ཁ་སྒྲུབ་ཐབས་དང་བཅས་པ་ཁ་བ་ཅན་གྱི་མངའ་གསོལ་ཆེན་མོ།next

ཇོ་བོ་གཟེ་རྒྱལ་གྱི་གསོལ་ཁ་སྒྲུབ་ཐབས་དང་བཅས་པ་ཁ་བ་ཅན་གྱི་མངའ་གསོལ་ཆེན་མོ།


CMR031_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་བོ་གཟེ་རྒྱལ་གྱི་གསོལ་ཁ། སྒྲུབ་ཐབས་དང་བཅས་པ་ཁ་བ་ཅན་གྱི་མངའ་གསོལ་ཆེན་མོ་བཞུགས་སོ། །


CMR031_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨ་ཀཱ་ར་ཡེ། པད་འབྱུང་ཟིལ་གནོན་ལྷ་ལ་ཕྱག་འཚལ་ལོ། །དེ་ཡི་བཀའ་སྲུང་གཟེ་རྒྱལ་མཆེད་གསུམ་པོ། །སྲུང་མར་བརྟེན་ཅིང་མཆོད་པའི་མན་ངག་ནི། །ཕྱིང་དཀར་སྟེང་དུ་ནས་ཀྱིས་འདབ་བཞི་བྲི། །སྣོད་གཙང་ནང་དུ་བཤོས་བུ་རི་ཡི་དབྱིབས། །གཡག་ལུག་ར་གསུམ་ཕྱེ་མར་ཟས་ཕུད་བཤམས། །ངེས་པར་རྒྱུན་དུ་སྲུང་མར་བརྟེན་པ་ནི། །ལེབ་མོ་བྱ་རྒོད་སྒྲོ་ཅན་མདའ་ལ་ནི། །དར་ཚོན་སྟག་རས་གཟིག་གི་རི་མོ་དང་། །མེ་ལོང་གཡུ་སོགས་རིན་པོ་ཆེ་ཡིས་བརྒྱན། །ལུག་སྙིང་ནང་དུ་སྲོག་སྔགས་རྣམས། །གསེར་དངུལ་མཚལ་གྱིས་བྲིས་ལ་བཅུག །རས་དཀར་བཏུམ་ལ་མདའ་མགུལ་བཏགས། །དར་དཀར་དག་ལ་སྲོག་སྔགས་དང་། །རྟ་མགོ་ལུག་མགོའི་གཟུགས་བྲིས་བཏགས། དེ་ནི་གཞི་


CMR031_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྟག་ཏུ་འཆང་། །བྱེས་ལ་སག་དག་ནང་སོགས་བཞག །ལུས་དང་གྲིབ་བཞིན་སྡོང་གྲོགས་བྱེད། །དེ་ནི་བཅའ་ཚོགས་རྒྱས་པ་སྟེ། །བསྡུ་ན་དཀར་གཏོར་རྩེ་གསུམ་གཅིག །མཐའ་ལ་རྟ་མགོ་ལུག་མགོའི་གཟུགས། །མཐེབ་སྐྱུ་དང་བཅས་མཐའ་བསྐོར་ལ། །བསངས་དང་འབྲེལ་ན་བསང་རྫས་བཤམས། །དེ་ནས་གྱེར་སྒོམ་སྦྲགས་བྱས་ཏེ། །རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ། །ས་རྣམ་དག་སྐྱེ་མེད་ཀུན་བཟང་ཀློང་༔ སྐྱེ་བའི་ཆོ་འཕྲུལ་སྐད་ཅིག་དྲན་རྫོགས་སུ༔ བདག་ཉིད་སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔ ཐུགས་སྲོག་ཧཱུྃལས་འོད་ཟེར་ལྕགས་ཀྱུའི་དབྱིབས༔ འཕྲོས་པས་བཀའ་སྡོད་འཁོར་བཅས་སྤྱན་དྲངས་


CMR031_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར༔ ཧཱུྃ༔ རྡོ་རྗེ་གདན་གྱི་བྱང་ཕྱོགས་གདོང་དམར་ཡུལ༔ ཁ་བ་ཅན་ལྗོངས་ཐུགས་རྗེ་ཆེན་པོའི་ཞིང་༔ མངོན་དགའ་ཞིང་མཚུངས་མདོ་སྟོད་ལྕི་ཡི་ལ༔ རིན་ཆེན་ཤེལ་གྱི་རི་བོ་ལྷུན་མཐུག་པ༔ འབྲུག་སྒྲོག་གློག་འབྱིན་ཆུ་འཛིན་སྨུག་པོ་འཐིབས༔ སྤང་ལྗོངས་ནེའུ་སེང་མེ་ཏོག་ཚལ་ཆེན་རྒྱས༔ རི་དྭགས་གཅན་གཟན་མང་པོ་བག་ཡངས་རྒྱུ༔ རྨ་གཡང་དངོས་གྲུབ་ཆགས་པའི་གནས་མཆོག་ནས༔ སྨོན་སྐྱེས་གངས་ཞུར་མཆེད་གསུམ་འཁོར་དང་བཅས༔ བདག་གིས་གདུང་བའི་དབྱངས་ཀྱིས་སྤྱན་འདྲེན་ནོ༔ གློག་དམར་མྱུར་བའི་ཤུགས་ཀྱིས་འདིར་གཤེགས་ལ༔ ཡིད་སྤྲུལ་གཙོ་འཁོར་འཚམས་པའི་གདན་ལ་བཞུགས༔ སྔོན་ཚེ་དཔལ་ཆེན་པདྨ་ཐོད་ཕྲེང་གིས་ཇི་ལྟར་བཀའ་བསྒོས་དམ་ཚིག་དྲན་མཛོད་ལ༔ བསྟན་དང་བསྟན་འཛིན་དབུ་འཕང་མཐོ་བ་དང་༔ བདག་གིས་ཅི་བཅོལ་ལས་རྣམས་འགྲུབ་པར་མཛོད༔ ཐོག་གཉན་ཐོག་ཧེ་ཐོག་ཀླུ་ཐོག་རྗེ་ཐོག་བཙན་ཐོག་དཀར་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ས་མ་ཡ་སྭོ༔ ས་མ་ཡ་ཧོ༔ བྷཾ་ལས་རིན་ཆེན་སྣོད་མཆོག་རྒྱ་ཆེའི་ནང་༔ ཨོཾ་ལས་མཆོད་རྫས་འདོད་ཡོན་


CMR031_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་གཏེར༔ ཟད་མེད་ནམ་མཁའ་མཛོད་དུ་གྱུར་པ་ཡིས༔ འོ་ཞོའི་མཆོད་ཡོན་ཡན་ལག་བརྒྱད་ལྡན་དང་༔ རྣམ་བཀྲའི་མེ་ཏོག་བཟང་ཤིང་སྣ་ཚོགས་སྤོས༔ རིན་ཆེན་འོད་འབར་རྒྱ་ཇའི་དྲི་ཆབ་དང་༔ ཕྱེ་མར་ཤ་ཐུད་སྣ་ཚོགས་ཞལ་ཟས་སྤོས༔ ཏིང་ཏིང་ཤག་དང་རྔ་དྲིལ་རོལ་མོའི་སྒྲ༔ གཡག་ལུག་ར་ཡི་གཟུགས་དང་བསྟོད་དབྱངས་སྒྲ༔ སྤོས་དཀར་ཕྱེ་མར་གསུར་དང་གསེར་སྐྱེམས་བཅུད༔ རེག་འཇམ་དར་ཚོན་སྟག་གཟིག་སྤུ་ཤུན་སོགས༔ སྨྱུག་མ་ཚིགས་བདུན་ལྷ་མདའ་ལེབ་མ་ལ༔ རྒོད་སྒྲོ་སྲོག་སྙིང་མཐུན་པའི་རྫས་ཀྱིས་བརྒྱན༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ ཇོ་བོ་སྨོན་སྐྱེས་མཆེད་གསུམ་འཁོར་བཅས་ལ༔ འབུལ་ལོ་རབ་ཏུ་མཉེས་ཤིང་ཚིམས་གྱུར་ཅིག༔ ཁྱད་པར་གཏོར་མ་ཟག་མེད་བདུད་རྩིའི་མཚོ༔ ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་འདི༔ ཧ་ཧོ་ཧྲཱིདང་ཨོཾ་ཨཱཿཧཱུྃ་རྣམས་ཀྱིས༔ ཟག་མེད་ལོངས་སྤྱོད་གཏེར་དུ་བྱིན་རླབས་ཏེ༔ ཇོ་བོ་སྨོན་སྐྱེས་གང་ཞུར་མཆེད་གསུམ་གྱི༔ འཁོར་དང་ཡང་འཁོར་བཅས་ལ་འབུལ་ལགས་ན༔ རབ་ཏུ་མཉེས་ཤིང་དགྱེས་པར་རོལ་ནས་ཀྱང་༔ འཁོར་བཅས་རབ་ཏུ་


CMR031_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

མགུ་ཞིང་ཚིམས་གྱུར་ཅིག༔ ཨོཾ་ཨ་ཀཱ་རོ་སོགས། ཐོག་གཉེན་ཐོག་ཧེ་ཐོག་ཀླུ་ཐོག་རྗེ་ཐོག་བཙན་ཐོག་དཀར་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨནྡྷཾ་སོགས། ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ཀ་ཡེ་གསོན་དང་སྨོན་སྐྱེས་མཆེད་གསུམ་པོ༔ ཁ་བ་ཅན་ལྗོངས་ལྷ་སྐལ་རྫུ་འཕྲུལ་ཅན༔ ག་ནས་བསམས་ཀྱང་ཁྱེད་ཅག་མཐུ་རྩལ་ཅན༔ ང་ཡིས་སྲུང་མར་རྟག་ཏུ་ཁྱོད་བརྟེན་པས༔ ཅ་ལེ་ཅོ་ལེའི་གདུག་རྩུབ་མ་སྟོན་པར༔ ཆ་ལུགས་གཏེར་བདག་ནོར་ལྷའི་ཚུལ་གྱིས་ནི༔ ཇ་དར་རྨ་གཡང་དངོས་གྲུབ་སྣ་ཚོགས་སྩོལ༔ ཉ་རྒྱས་ཟླ་བ་ལྟ་བུའི་གཟི་བརྗིད་ཅན༔ ཏ་ཐཱ་ག་ཏའི་བསྟན་སྲུང་ཁྱེད་རྣམས་ཀྱིས༔ ཐ་ན་གཅན་གཟན་ཆོམ་རྐུན་ཡན་ཆོད་སྲུངས༔ ད་ནི་མ་གཡེལ་སྐུ་ཤུགས་ཕྱུང་མཛོད་ལ༔ ན་ཚ་དགྲ་འདྲེའི་གནོད་པ་ཞི་བར་མཛོད༔ པ་གཏུམ་དྲག་རྩ་ལ་ལྡན་པ་ཁྱེད་རྣམས་ཀྱིས༔ ཕ་རོལ་དགྲ་དང་བགེགས་ཀྱི་དམག་ཚོགས་ཟློག༔ བ་གླང་རྟ་ཕྱུགས་རྐང་འགྲོ་འཕེལ་བར་མཛོད༔ མ་གཅིག་བུ་གཅིག་ལྟ་བུར་བྱམས་པས་སྐྱོངས༔ ཙ་ཁ་ལོ་ཐོག་ལེགས་ཤིང་རྒྱས་པ་དང་༔ ཚ་རྡུང་མ་བཏང་ཆར་ཆུ་དུས་འབེབས་སོགས༔ ཛ་ཡེ་པདྨ་འབྱུང་གནས་བཀའ་བསྒོས་


CMR031_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན༔ ཝ་ལེར་ཡིད་ཀྱི་མངོན་ཤེས་ལྡན་ཁྱོད་རྣམས༔ ཞ་ལྟར་བདག་གི་གཙུག་ཏུ་བཀུར་བའི་ཚེ༔ ཟ་འཐུང་ཕུད་ཀྱིས་མཆོད་པ་འབུལ་ལགས་ན༔ འ་རེ་འུ་རེའི་སྙན་དང་གྲགས་པ་སྤེལ༔ ཡ་མཚན་ཆེ་བའི་དངོས་གྲུབ་བདག་ལ་བྱིན༔ ར་ཙ་བློན་འབངས་ཡུལ་འཁོར་ལ་སོགས་པ༔ ལ་ཆེན་སྣང་སྲིད་དགོས་འདོད་དབང་དུ་བསྡུས༔ ཤ་ཁྲག་གཏོར་མས་མཆོད་ཅིང་ཆད་པའི་ཚེ༔ ས་ཆེན་རི་ཆེན་གཡོ་བའི་དམག་དཔུང་གིས༔ ཧ་ཧའི་གད་མོ་དང་བཅས་དགྲ་བགེགས་ཆོམ༔ ཨ་ལ་ལ་ཧོ་ངོ་མཚར་རྒྱལ་ཁ་བྱིན༔ ཞེས་། རྒྱུན་ཁྱེར་བྱའོ༔ དེ་ལ་བསྙེན་པ་བྱ་བའི་རིམ་པ་ནི༔ ཆེ་བ་རྡོ་རྗེ་དཔལ་འབར་དབུས་སུ་ནི༔ ཐུགས་ཀར་ཟླ་སྟེང་པ་ཎི་ཡི་གེ་དཀར་པོ་ལས༔ ཨོཾ་ཐོག་ཀླུ་ཐོག་རྗེ་ས་མ་ཡ་ཛ་ཛ༔ གཡས་བསྐོར་བསྒོམ་ཞིང་གཡས་སུ་ནི༔ འབྲིང་བ་རྡོ་རྗེ་དབང་ཕྱུག་ཐུགས་ཀ་རུ༔ ན་ཡིག་དཀར་པོའི་སྔགས་འདི་གཡས་སུ་བསྐོར༔ ཨོཾ་ཐོག་གཉན་ཐོག་ཧེ་ས་མ་ཡ་ཛ༔ གཡོན་དུ་རྡོ་རྗེ་དཔལ་བརྩེགས་ཐུགས་ཀ་རུ༔ ཡི་གེ་དམར་སེར་ཐ་མར་སྔགས་ཀྱིས་བསྐོར༔ ཨོཾ་ཐོག་བཙན་ཐོག་ཧེ་ས་མ་ཡ་ཛ༔ རང་ཉིད་པདྨ་འབྱུང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ མཆེད་གསུམ་བཀའ་ཉན་གསུང་སྡོད་ཅིང་༔ ཅི་བཅོལ་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་བསམ་ཞིང་༔ ཨོཾ་ཐོག་གཉན་


CMR031_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ཧེ༔ ཐོག་ཀླུ་ཐོག་རྗེ་ཐོག་བཙན་ཐོག་དཀར་ས་མ་ཡ་ཛ་ཛ༔ ཞེས་པའི་བསྙེན་པ་ཅི་ནུས་བཟླ༔ དེ་ནས་ལས་ཚོགས་ཕྲིན་ལས་བསྒྲུབ་འདོད་ན༔ རྩ་སྔགས་གསུམ་འབྲེལ་བའི་མཐར་ཤམ་བུ་འདི་ལྟར་བཟླ༔ ཚེ་རིང་བར་འདོད་ན༔་ཨ་ཡུསིདྡྷི་ཧཱུྃ༔ མཆེད་གསུམ་ཐུགས་ཀར་འོད་ཟེར་ཕྱོགས་བཅུར་འཕྲོས༔ འཇིག་རྟེན་ཁམས་ཀྱི་ཚེ་ཡི་དངོས་གྲུབ་དང་༔ རྩི་བཅུད་འབྱུང་བའི་ནུས་པ་ཡོན་ཏན་རྣམས༔ བསྡུས་ནས་བསྲུང་བྱར་ཐིམ་པར་བསམ༔ བཀྲ་ཤིས་བདེ་སྐྱིད་འདོད་ན༔ རྩ་སྔགས་ཤམ་དུ༔ མངྒ་ལཾ་སརྦ་སིདྡྷི་ཧཱུྃ༔ མཆེད་གསུམ་འོད་ཀྱིས་འཇིག་རྟེན་ཁམས་ཀྱི་བདེ་སྐྱིད་བཀྲ་ཤིས་རྣམས་བསྡུས་ནས་བདག་ལ་ཐིམ་པར་བསམ༔ སྙན་གྲགས་འདོད་ན་རྩ་སྔགས་ཤམ་དུ༔ ཀཱིརྟི་སརྦ་སིདྡྷི་ཧཱུྃ༔ ཇོ་བོ་འཁོར་དང་བཅས་པས་ཕྱོགས་བཅུ་ཡི༔ སྙན་གྲགས་ཐམས་ཅད་འབྲུག་ལྟར་སྒྲོག་པར་བསམ༔ བཙན་ཞིང་སྟོབས་ཆེ་བར་འདོད་ན༔ མ་ཧཱ་བྷ་ལ་སརྦ་སིདྡྷི་ཧཱུྃ༔ ཟོའཁོར་ལྷ་དམག་འབུམ་དང་བཅས་པའི་རྒྱབ་རྟེན་དཔུང་རོགས་མཛད་པར་བསམ༔ རྟ་ནོར་ལུག་སོགས་འཕེལ་ཞིང་རྒྱས་པར་འདོད་ན༔ བཱ་སུ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་གཏོར་འབུལ་བྱེད་འདོད་ན༔ ཞི་བར་དཀར་གཏོར་བདུད་རྩིར་བྱིན་གྱིས་བརླབས༔ དྲག་པོ་བྱེད་ན་ཟུར་གསུམ་ཤ་གཙང་རྒྱན༔ དེ་ནས་བསྟོད་བསྐུལ་བྱའོ༔ ཧཱུྃ་ཧཱུྃ༔ སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཁམས་ཀྱི་སེང་གེ་བྲག་གི་སྒྲུབ་གནས་


CMR031_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

སུ༔ གུ་རུ་དྲག་པོ་རིགས་ལྔའི་སྐུ་སྤྲུལ་ནས༔ སྨོན་སྐྱེས་མཆེད་གསུམ་ལ་སོགས་ཁམས་ཕྱོགས་ཀྱི༔ ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་པའི་ཚེ༔ དེ་ཚེ་ཁྱེད་ཅག་སྨོན་སྐྱེས་མཆེད་གསུམ་པོར༔ རྡོ་རྗེ་དབང་གྲགས་རྡོ་རྗེ་དབང་ཕྱུག་དང་༔ རྡོ་རྗེ་དཔལ་བརྩེགས་ཞེས་བྱར་གསང་མཚན་བཏགས༔་ངག་ཏུ་དམ་རྫས་བདུད་རྩི་ཐིགས་པ་བླུད༔ དམ་ཚིག་བསྲུང་བའི་དངོས་གྲུབ་ཐོབ་པར་བྱ༔ དམ་ལས་འདས་ན་ངག་ཏུ་བྱིན་གྱིས་བརླབས༔ སྤྱི་བོར་དབང་རྟགས་དམ་ཚིག་རྡོ་རྗེ་བཞག༔ དམ་ཚིག་བསྲུངས་ན་ཐར་པ་ཐོབ་ལུང་བསྟན༔ དམ་འདས་ལུས་སྲོག་འཚིག་པའི་དམོད་པ་བོར༔ དེ་ཚེ་བསྟན་པ་སྲུང་བའི་ཐ་ཚིག་ཕུལ༔ དམ་ལྡན་རྣལ་འབྱོར་སྐྱོང་བར་ཁས་ཀྱང་བླངས༔ སྔོན་གྱི་ཁས་བླངས་དམ་བཅའ་མ་བརྗེད་པར༔ དམ་རྫ་ས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དམ་ལྡན་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ནད་དང་གདོན་དང་དགྲ་ཡི་འཚེ་བ་ཟློག་ཚེ་དང་བསོད་ནམས་ཆོས་སྲིད་བསྟན་པ་སྤེལ༔ སྡང་ཞིང་གདུག་པའི་སེམས་འཆང་དགྲ་དང་བགེགས༔ གང་ན་འདུག་ཀྱང་ཐལ་བ་རྡུལ་དུ་རློགས༔ རྣལ་འབྱོར་བཅོལ་


CMR031_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པ་ཙམ་མོ༔ རྒྱས་པར་སྤྲོ་ན༔ ཧཱུྃ༔ བསྟན་སྲུང་ཆེན་པོ་རྡོ་རྗེ་དབང་དྲག་ནི༔ སྟོན་ཟླའི་མདོག་ཅན་ཁྲོ་འཛུམ་འགྱིང་བག་ཅན༔ དབུ་ལ་དུང་རྨོག་དར་འཕྲུ་ཉི་ཟླས་བརྒྱན༔ སྐུ་ལ་བེར་དཀར་དུང་ཁྲབ་དགྲ་སྣ་བསྣམས༔ མུ་ཏིག་སྐད་བཅིངས་སྟག་རལ་གཟིག་ཤུབས་བཀྲ༔ ཕྱག་གཉིས་སྦ་ལྕག་མདུང་དར་དཀར་པོ་ཕྱར༔ རྫུ་འཕྲུལ་དུང་རྟ་རག་དཀར་གཡུ་རྔོག་ཆིབས༔ དཀར་པོའི་ཕྱོགས་སྐྱོང་བྱང་ཆུབ་སེམས་དང་ལྡན༔ གཡུ་འབྲུག་སྔོན་མོའི་སྟེང་ན་འཁྱུག་ཅིང་ངར༔ གཡས་ན་སེང་འགྱིང་གཡོན་ན་རྒྱ་སྟག་རྒྱུགས༔ གཡོན་ན་ཁྲ་ལྡིང་རྒྱབ་ན་ལྷ་གཡག་འདུར༔ ཕུ་ལ་ཀུ་འདེབས་སྐྱ་མི་འབུམ་དང་བཅས༔ མདའ་ན་གཡབ་མདོར་ཇག་ཆེན་སྟོང་དང་བཅས༔ ཕོ་ཉ་ལྷ་དམག་བྱེ་བ་འབུམ་དང་བཅས༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ བར་ཆད་ཀུན་སེལ་དངོས་གྲུབ་ཐམས་ཅད་སྩོལ༔ གདན་གྱི་རྐུང་ཕུད་དགྲ་ཡི་དམག་དཔུང་ཆོམ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀའ་སྲུང་མཐུ་ཆེན་རྡོ་རྗེ་དབང་ཕྱུག་ནི༔ སྐུ་མདོག་དཀར་དམར་གསེར་རྨོག་རྒོད་འཕྲུ་


CMR031_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཅན༔ དར་བེར་སྟེང་དུ་གསེར་ཁྲབ་སུམ་བརྩེགས་གསོལ༔ གཡུ་ཡི་ཁྲབ་ཤམ་བྱི་རུའི་ཁྲབ་སྒྲོག་བཅིངས༔ ཕྱག་གཉིས་རལ་གྲི་དངུལ་མདུང་དར་དཀར་ཕྱར༔ སྟག་རལ་གཟིག་ཤུབས་བཏགས་ནས་རྫུ་འཕྲུལ་གྱིས༔ གྲོ་སྨུག་ངོ་སེར་ཆིབས་ནས་རླུང་ལྟར་མགྱོགས༔ སྟོང་གསུམ་དགྲ་ཡི་འཁོར་ཚོགས་བཅས་པ་དང་༔ གཉན་དམག་འབུམ་དང་ཕོ་ཉ་བྱེ་བ་བཅས༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ འཇིག་རྟེན་མི་རྣམས་ཀུན་ལ་མགོན་སྐྱབས་མཛོད༔ བར་ཆད་དགྲ་བགེགས་ཐམས་ཅད་རྡུལ་དུ་རློགས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀའ་ཡི་སྲུང་མ་རྡོ་རྗེ་དཔལ་འབར་ནི༔ གསེར་མདོག་དབུ་ལ་ལྕགས་རྨོག་རྒོད་འཕྲོས་བརྒྱན༔ དར་སྔོན་བེར་སྟེང་མུ་ལེའི་ཆེམས་ཁྲབ་ལ༔ སྤུ་གྲིའི་ཤམ་བཏགས་དངུལ་གྱི་སྐེ་རགས་བཅིངས༔ ཕྱག་ན་རལ་གྲི་མདུང་དར་དཀར་པོ་ཕྱར༔ འཁོར་གསུམ་བསྐོར་ནས་རྐྱང་བུ་ཁ་དཀར་ཆིབས༔ བྱ་རྒོད་ལྡིང་ཞིང་གཡོན་ན་བྱ་ཁྲ་འཛུམས༔ གཡས་ན་སེང་གེ་འགྱིང་ཞིང་དགྲ་བླས་བསྐོར༔ ཀླུ་དམག་འབུམ་གྱི་འཁོར་དང་བཅས་པ་རྣམས༔ འདིར་


CMR031_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ མཐུན་རྐྱེན་ཀུན་སྒྲུབས་འགལ་རྐྱེན་བར་ཆད་སོལ༔ སྡང་དགྲ་གནོད་བྱེད་འདུལ་ལ་རྩལ་མ་ཞན༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ལྕམ་གཅིག་ལྷ་ལྕམ་གློག་མ་འཕྲུལ་ཞེས་མ༔ འདོད་དགུ་བསྒྱུར་བའི་གཟུགས་འཆང་འཕྲུལ་མོ་ཆེ༔ བཙུན་མོ་གཡུ་མཚོ་ཆེ་ཆུང་བདག་མོ་ནི༔ གཡུ་དང་བྱི་རུའི་བུད་མེད་རྒྱན་ཆ་ལ༔ ཆིབས་སུ་ཆུ་རྟ་དང་ནི་ཁྲུང་ཁྲུང་ཆིབས༔ ཕྱག་ན་མདའ་དར་དངུལ་དཀར་མེ་ལོང་འཛིན༔ མཚོ་སྨན་སུམ་བརྒྱ་དྲུག་ཅུ་བཅས་པ་རྣམས༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ རྨ་གཡང་དངོས་གྲུབ་ཆུ་བོའི་རྒྱུན་བཞིན་སྩོལ༔ ཀླུ་གཡང་མི་ལ་འབེབས་པའི་ཕྲིན་ལས་མཛོད༔ ཀྱཻ༔ ཇོ་བོའི་བཀའ་སྡོད་ཕྱོགས་བཞིའི་བཀའ་བློན་བཞི༔ དབྱི་རྒྱལ་རིན་ཆེན་སྤེ་ནེ་རི་བཀྲ་དང་༔ ཀ་རྒྱལ་མོ་ནོམ་ཇོ་བོ་རྐེད་རྒྱལ་བཞི༔ རེ་རེའི་འཁོར་ཡང་ཁྲི་ཕྲག་འབུམ་རེ་བཅས༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ ཁ་འཛིན་སྡོང་གྲོགས་དཔའ་ཡ་དཔུང་རོགས་མཛོད༔ ཕྱོགས་བཞིའི་དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད༔ གཞན་ཡང་ཇོ་བོའི་


CMR031_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཉན་ཕོ་ཉའི་ཚོགས༔ ཀླུ་ཡི་རྒྱལ་པོ་དྲག་པོ་བདུད་འདུལ་ནི༔ གོ་རྟ་སྤོ་ལོ་ཅན་གྱི་བཙན་དམག་དང་༔་འཁྱིལ་པ་སྤུན་བདུན་ཧས་པ་རྟ་མགོ་དང་༔ ཆུ་ཁྲི་ཕག་སྟག་རི་རྒོད་བྲག་ནག་དང་༔ ནག་པོ་སོར་འཕྱང་ངང་འཛངས་འཕྱོར་མགོ་དང་༔ ར་ར་དུག་མཚོ་ལ་སོགས་འཁོར་གྱི་ཚོགས༔ ཀུན་ཀྱང་ལུས་ཀྱི་སྤྲུལ་པ་བསམ་མི་ཁྱབ༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ སྔོན་ཚེ་པདྨ་འབྱུང་གནས་བཀའ་བསྒོས་བཞིན༔ ཀུན་ཀྱང་རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད༔ ཀུན་ཀྱང་རང་རང་དངོས་གྲུབ་གང་ཡིན་སྩོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཐོག་གཉན་ཐོག་ཧོ༔ ཐོག་ཀླུ་ཐོག་རྗེ་ཐོག་བཙན་ཐོག་དཀར་ས་པཱ་རི་ཝཱ་ར་གནོད་བྱེད་དགྲ་བགེགས་ཀྱི་སྙིང་ལ་མཱ་ར་ཡ་ཛ་ཛ༔ བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་བརྗོད་ལ་གཏོར་མ་གནས་ཕྱོགས་ལ་འབུལ༔ ཐག་རིང་འགྲོ་ན་ཕྱོགས་སུ་འབུལ་བཅོལ་དམ་གང་དགོས་དྲག་ཏུ་བྱ། བཀའ་སྲུང་སྒྲུབ་མཆོད་ལས་བྱང་འདི། ༧ རཱ་ག་ཨ་སྱས་མདུན་ལུང་ནང་དུ་སྦྱར། །འགལ་འཁྲུལ་མཆིས་ན་བཀའ་སྲུང་ཉིད་ལ་བཤགས། །དགེ་བས་ཡུལ་ཕྱོགས་རྒྱལ་ཁམས་ལ། །བཀྲ་ཤིས་བདེ་ལེགས་འཕེལ་རྒྱས་མཛོད།།


previousཇོ་བོ་གཟེ་རྒྱལ་གྱི་གསོལ་ཁ་སྒྲུབ་ཐབས་དང་བཅས་པ་ཁ་བ་ཅན་གྱི་མངའ་གསོལ་ཆེན་མོ།next