Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

3 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
སྐྱེས་བུ་ངོམ་རྒྱལ་མཚོ་བཀྲའི་གསོལ་མཆོད་ཕན་བདེའི་ཆུ་གཏེར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


3 occurrences of འཚེར་རྩུབ་
[Clear Hits]

 
previousསྐྱེས་བུ་ངོམ་རྒྱལ་མཚོ་བཀྲའི་གསོལ་མཆོད་ཕན་བདེའི་ཆུ་གཏེར།next

སྐྱེས་བུ་ངོམ་རྒྱལ་མཚོ་བཀྲའི་གསོལ་མཆོད་ཕན་བདེའི་ཆུ་གཏེར།


CMR031_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་ངོམ་རྒྱལ་མཚོ་བཀྲའི་གསོལ་མཆོད་ཕན་བདེའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། །


CMR031_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨ་ཀཱ་ར་ཡེ། པདྨའི་བཀའ་ཉན་དམ་ཚིག་ཅན། །དགེ་བསྙེན་ཆེན་པོའི་གསོལ་ཁ་བྲི། །མཆོད་གཏོར་དཔེའུ་ཆུང་བཞིན་བཤམས་ནས། །རང་ཉིད་ལྷའི་ང་རྒྱལ་གྱིས། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་དུ་གསེར་གྱི་སྤང་ལྗོངས་གཡུ་ཡི་ནེའུ་སིང་མཆོང་གི་རྫ་སྨུག་ཤེལ་གྱི་བྲག་རིའི་གཏམས་པའི་དབུས་སུ། ཧཱུྃ་ལས་རིན་པོ་ཆེའི་སྣ་ཚོགས་ལས་གྲུབ་པའི་སྐུ་མཁར་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། གསེར་གྱི་ཁྲི་རིན་པོ་ཆེའི་མཛེས་རྒྱན་དུ་མས་སྤྲས་ཤིང་ཟ་འོག་གི་འབོལ་སྟན་བརྡལ་བའི་སྟེང་དུ། ལྷའི་དགེ་བསྙེན་ཆེན་པོ་ངོམ་རྒྱལ་མཚོ་བཀྲ་ཞལ་རས་ཟླ་རྒྱས་ལྟ་བུར་


CMR031_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་ཅིང་འཛུམ་པ། སྤྲིན་དཀར་ལྡིང་བ་ལྟ་བུའི་དུང་རྨོག་ལ་གོས་མན་དར་གྱིས་འཕུར་ལྕེ་གཡོ་བ། དར་དཀར་གྱི་ན་བཟའ་དང་གངས་རི་སྤུངས་པ་ལྟ་བུའི་ཤེལ་ཁྲབ་ཀླུབ་པ། ཕྱག་གཡས་ན་ལྷ་གནས་སྙོག་པ་ལྟ་བུའི་དར་མདུང་དཀར་པོ་ཕྱར་ཞིང་། གཡོན་ན་ཡིད་བཞིན་གྱི་ནོར་བུ་བསྣམས་པ། གསེར་གྱི་ཉ་བོ་ཆེ་ལྟ་བུའི་སྟག་གདོང་གཡས་ན་འཁྱུག་ཅིང་གློག་དང་མཚུངས་པའི་གཟིག་ཤུབས་དང་རལ་གྲི་གཡོན་ན་འཕྱང་བ། དུང་གི་སྒ་སྲབ་ཀྱིས་གཡོགས་པའི་ཅང་ཤེས་དཀར་པོ་རླུང་གི་ཤུགས་ཅན་ལ་ཆིབས་པའོ།། དེའི་མདུན་དུ་སྨན་ཤ་ལ་གནས་


CMR031_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཙུན་མོ་རི་ཕྱུག་མ་མཛེས་སྡུག་མཚུངས་པ་མེད་པ། མཆོང་འོད་ཀྱི་ཁ་དོག་འཆང་ཞིང་དར་དཀར་གྱི་ན་བཟའ་འཇའ་ཚོན་གྱི་ཆ་ག་ཅན་ལ་འབྲུག་ཐོང་སྔོན་མོ་སྐུ་རེགས་བགྱིས་པ། གཡས་བདུད་རྩིའི་བུམ་པ་དང་འདོད་ཡོན་ལྔས་གང་བའི་གཞོང་པ་བསྣམས་པ། རིན་ཆེན་སྣ་ཚོགས་དང་གཡུའི་རྒྱན་གྱིས་བཀླུབས་ཤིང་ཆགས་པའི་མདངས་ཀྱིས་གཙོ་བོ་ལ་གཟིགས་པ། གཡས་སུ་ལྷ་བཙན་སྨུག་ནག་བསྲེའི་ཁྲབ་རྨོག་དང་འཁོར་གསུམ་ཅན། བྲ་ནག་རྟིང་དཀར་ལ་ཞོན་ནས་ཐོག་མདའ་དགྲ་ལ་འཕེན་པ། གཡོན་དུ་མཚལ་བུ་རྟིང་དཀར་ལ་གནས་པའི་ཀླུ་བཙན་མཆེད་དགུ་བསྲེ་ཁྲབ་དང་བསྲེ་རྨོག་དམར་པོ་གསོལ་ཞིང་མདུང་ཞགས་འཕེན་པས་དགྲ་བོའི་ཆེ་ཉམ་པར་བྱེད་པ། རྒྱབ་ཏུ་རྟ་སྔོན་པོ་ལ་གནས་པའི་གཡུ་རྒོད་སྔོན་པོ་གཡུའི་ཞུབ་ཅན་དང་སྨན་རྐྱལ་ཐོགས་པ། གཡས་ཟུར་དུ་གསེར་ཁྲི་ལ་གནས་པའི་ཕོ་བ་རྟ་ཕྱི་དམར་སྨུག་གཟིག་ཐུལ་སྦ་ཞུ་གསོལ་བ། སྐུ་ལས་ཐོག་ཟེར་གྱི་ཚྭ་ཚྭ་འཕྲོ་ཞིང་རྔ་ཤང་བསྣམས་པ། གཡོན་ཟུར་དུ་དུང་གི་ཅང་ཤེས་ལ་གནས་པའི་སོ་རྒྱལ་རབ་དཀར་དར་དང་འཁོར་གསུམ་གྱིས་བརྒྱན་ཅིང་ཕྱག་ན་ལྡེ་མིག་གི་ཆུན་པོ་ཆག་ཤིང་བསྣམས་པ།


CMR031_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་གཡས་སུ་རྟ་རག་པ་ལ་གནས་པའི་ཕྱའུ་གཡང་དཀར་ཕྱིང་དཀར་དང་རྒོད་ཞུ་མནབས་ཤིང་། གཡོན་མདའ་དར་དང་གཡས་འཕྲུལ་གྱི་ཇུ་ཐིག་གཡུགས་པས་སྲིད་པ་གསུམ་གསལ་བ། རྒྱབ་གཡོན་རྟ་ངང་པ་རྔོག་སྔོན་ལ་གནས་པའི་གསེར་རྒོད་སེར་པོ་གསེར་གྱི་ཞུབ་ཅན་རལ་གྲི་དང་མདུང་དར་བསྣམས་པ། གཙོ་བོའི་དྲུང་གི་གཡོན་ལོགས་སུ་ཐུགས་ཀྱི་དགྱེས་སྡེ་མོ་ཡ་རྒྱལ་རབ་མཛེས་རིན་པོ་ཆེ་དུ་མས་སྤྲས་ཤིང་། དར་དཀར་གྱི་ལའུ་གསོལ་བ་མདའ་དར་དང་བ་དན་མེ་ལོང་བསྣམས་ནས་རྐྱང་བུ་ཁ་དཀར་ལ་ཆིབས་པ། མདུན་གཡས་སུ་ཀླུ་བདུད་དར་དཀར་གཡས་ཆུ་གྲི་དང་གཡོན་སྦྲུལ་ཞགས་ཐོགས་ནས་ཆུ་རྟ་སྔོན་པོ་ལ་ཞོན་པ་སྦྲུལ་གྱི་གདེངས་ཀ་འཕྱོ་ཞིང་སྦྲུལ་མཇུག་སྐེད་ལ་དཀྲིས་པ། མདུན་གཡོན་དུ་བདུད་རྟ་ནག་པོ་ལ་གནས་པའི་ཀླུ་བདུད་མགར་བ་ནག་པོ་སྦྲུལ་ནག་གི་རལ་པ་སྤྲུགས་པས་བར་སྣང་ཁྱབ་ཅིང་། བདུད་ཀྱི་བེར་ནག་གསོལ་བ། སྦྲུལ་ནག་གི་ཞགས་པས་དགྲ་བོ་བཅིངས་བའོ། །དེ་དག་གི་འཁོར་དུ་གངས་རི་ཉིལ་བ་ལྟ་བུའི་ལྷ་དམག །རྒྱ་མཚོ་ལྷུད་པ་ལྟ་བུའི་ཀླུ་དམག །བུ་ཡུག་འཚུབ་པ་ལྟ་བུའི་གཉན་


CMR031_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དམག །མུན་པ་འཐིབས་པ་ལྟ་བུའི་བདུད་དམག །རླུང་དམར་འཚུབ་པ་ལྟ་བུའི་བཙན་དམག །གཞན་ཡང་མགྱོགས་བྱེད་སྤྲུལ་པའི་ཁྲ་གླག་མང་པོ་ཀླད་ན་ལྡིང་བ། རྔམ་བྱེད་འཇིགས་པའི་གཅན་གཟན་མང་པོ་ཕྱི་ན་འབྲང་བ། མཛེས་སྡུག་དཀོར་ནོར་རི་དྭགས་མང་པོ་ཟུར་ན་ཁྲིད་པ། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་དཀར་ཕྱོགས་སྐྱོང་བ་འཁོར་བཅས་སྤྱན་དྲངས། རོལ་མོ་ཐམས་ཅད་བསྒྲགས་སྤོས་དུད་བཏང་། མདའ་དར་གཡབ་མདུང་དར་ཕྱར་དུང་འབུད་དབྱངས་སྙན་པོས། ཧཱུྃ། བཀྲ་ཤིས་སྐལ་ལྡན་བོད་ཀྱི་ཡུལ། །ས་གཙང་ཆུ་གཙང་ངོམ་གྱི་ཡུལ། །ས་འཛིན་རི་རྒྱལ་མཚོ་བཀྲ་ནི། །ལྷ་གནས་ཀླུ་ཡི་རྒྱན་ཆ་ཅན། །ཤེལ་བྲག་ངང་དཀར་ཅེ་རེ་རེ། །མཆོང་གི་རྫ་སྨུག་ཐིབས་སེ་ཐིབ། །རྩེ་ལ་འདབ་ཆགས་སྣ་ཚོགས་ལྡིང་། །རྒོད་གླག་གཤོག་སྒྲ་ཁྲིགས་སེ་ཁྲིག །གསེར་གྱི་ཉི་མ་ཀྱི་ལི་ལི། །དུང་གི་ཟླ་བ་སྒ་ར་ར། །སྐར་ཕྲན་ཚོམ་བུ་སྤུངས་སེ་སྤུང་། །ལྷོ་སྤྲིན་སྨུག་པོ་ཕྱུ་རུ་རུ། །ལྷ་གནས་དབུས་ཀྱི་ཕོ་བྲང་གི །ཀླུ་གནས་གབ་གསང་མཚོ་ནག་ལ། །གཡུ་ཡི་ན་བུན་ཕྱུ་རུ་རུ། །


CMR031_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་གྱི་ཆར་པ་སི་ལི་ལི། །དུང་གི་ཁུ་འཕང་ཁྲ་ལ་ལ། །གཡུ་འབྲུག་སྔོན་པོ་ལྡི་རི་རི། །གློག་འོད་དམར་པོ་སྐེམས་སེ་སྐེམ། །སྤྲུལ་པའི་ཐོག་མདའ་ཤ་ར་ར། །ཟུར་ལ་གཅན་གཟན་མང་པོ་རྔམས། །སྟག་གཟིག་དོམ་དྲེད་འཕར་སྤྱང་རྣམས། །རྒྱུག་མཆོངས་རྩལ་དང་ལིངས་སེ་ལིང་། །ཞོལ་དུ་རི་དྭགས་མང་པོ་གནས། །ཤ་དགོ་རྣ་གསུམ་རྒྱུག་དང་སྤྲེངས་སེ་སྤུང་། །གནས་མཆོག་དེ་འདྲའི་གཞལ་ཡས་ནས། །ངོམ་རྒྱལ་མཚོ་བཀྲ་གཤེགས་སུ་གསོལ། །ཁྱོད་ཀྱི་བཀའ་ཉན་ལས་བྱེད་པ། །རྒྱལ་མོ་རི་ཕྱུག་གཤེགས་སུ་གསོལ། །ལྷ་བཙན་མཚལ་རྩེ་གཤེགས་སུ་གསོལ། །གོ་ཆོ་མཆེད་དགུ་གཤེགས་སུ་གསོལ། །གཡུ་རྒོད་སྔོན་པོ་གཤེགས་སུ་གསོལ། །ཕོ་བ་རྟ་ཕྱི་ཤིགས་སུ་གསོལ། །སོ་རྒྱལ་དོན་འགྲུབ་གཤེགས་སུ་གསོལ། །ཕྱའུ་གཡང་དཀར་གཤེགས་སུ་གསོལ། །གསེར་རྒོད་སེར་པོ་གཤེགས་སུ་གསོལ། །ཡར་རྒྱལ་གཉན་པོ་གཤེགས་སུ་གསོལ། །སྒོ་སྲུང་ར་དཀར་གཤེགས་སུ་གསོལ། །ཀླུ་བདུད་མགར་ནག་གཤེགས་སུ་གསོལ། །སྤྲུལ་པ་ཡང་སྤྲུལ་གཤེགས་སུ་གསོལ། །འཁོར་ཚོགས་མ་ལུས་


CMR031_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ། །ཨོ་དེ་ཝ་ཙིཏྟ་ས་པཱ་རི་ཝཱ་ར་ཨེ་ཧྱ་ཧི་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་འཁོར་བཅས་འུར་གྱིས་བྱོན་པར་དམིགས། རྟ་བདུན་ཟིལ་གྱིས་གནོན་པའི་གཟི་འོད་ཅན། སྣ་ཚོགས་རིན་ཆེན་བརྩེགས་པའི་མི་དམན་ཁྲི། །དབང་པོའི་གཞུ་འདྲའི་ཟ་འོག་བཀླུབས་པའི་སྟེང་། །དཀར་ཕྱོགས་སྐྱོང་མཛད་འཁོར་བཅས་བཞུགས་སུ་གསོལ། །ཨོ་དེ་ཝ་ཙིཏྟ་ས་པཱ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན། གཙོ་འཁོར་འཚམས་པའི་གདན་ལ་བཞུགས་པར་བསམ། །ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །ཡུལ་ནི་བལ་བོད་སོ་མཚམས་ན། །སློབ་དཔོན་པདྨ་འབྱུང་གནས་ལ། །མེ་ཏོག་ཕུལ་ནས་དམ་བཅས་པ། །མིང་ནི་རྡོ་རྗེའི་མཚན་ཅན་ལ། །འཁོར་ནི་སུམ་བརྒྱ་དྲུག་ཅུས་བསྐོར། །སྲོག་སྙིང་ཕུལ་ནས་ཟཁས་བླངས་པ། །ཆོས་ཀྱི་བསྟན་པ་བསྲུང་བ་དང་། །དཀར་ཕྱོགས་སྐྱོང་བའི་དམ་བཅས་པའི། །དམ་ཚིག་གཉན་པོ་དྲན་མཛོད་ལ། །རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས་། །ཨོ་དེ་ཝ་ཙིཏྟ་ས་མ་ཡ་ཧཱུྃ། སྤྱི་བོར་རྡོ་རྗེ་བཞག་པས་སྔོན་གྱི་དམ་ཚིག་དྲན་ནས་ཅི་བསྒོ་བའི་ལས་སྒྲུབ་བོ་ཟེར་བར་བསམ། ཧཱུྃ། ཡུལ་ལྷ་ངོམ་རྒྱལ་མཚོ་བཀྲ་ནི། །ཡབ་ནི་དཀར་པོ་ལྷ་


CMR031_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རྒྱལ་པོ་སྟེ། །དཀར་པོའི་ཕྱོགས་སྐྱོང་ཁྱེད་ལ་ཕྱག་འཚལ་བསྟོད། །ཡུམ་ནི་སྔོན་པོ་ཀླུ་ཡི་བཙུན་མོ་སྟེ། །ཀླུ་ཡི་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་བསྟོད། །ལྷ་ཀླུས་སྤྲུལ་སྲས་རིན་ཆེན་དབང་པོ་སྟེ། །ཡུལ་ལྷའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་ངག་གིས་ཕྱག་བྱ། དེ་ནས་མཆོད་པ་བྱིན་གྱིས་བརླབས་པ་ནི། བསྡུ་ན། ཨ་མྲྀ་ཏ་ལན་གསུམ་གྱིས་བསངས། སྭ་བྷཱ་ཝས་སྦྱངས། ཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། མཆོད་རྫས་སྣ་བདུན་འདོད་ཡོན་ལྔ་རྒྱལ་སྲིད་བདུན་བཀྲ་ཤིས་རྫས་རྟགས་བརྒྱད་རིན་༡། ཆེན་སྣ་ཚོགས་དར་སྣ་ཚོགས་འབྲུ་སྣ་ཚོགས་སྨན་སྣ་ཚོགས། གོ་མཚོན་མདའ་མདུང་དར་འཕན་ལ་སོགས་ས་དང་བར་སྣང་གང་བར་གྱུར། ཨོཾ་བཛྲ་སྤ་ར་ཎ་ཁཾ་ཨོཾ་ཨཱཙྪཱཧཱུྃ། མཆོད་གཡོན་མེ་ཏོག་སྤོས་དང་མར་མེ་དྲི། །ཞལ་ཟས་རོལ་མོའི་ནམ་མཁའ་བཀང་སྟེ་འབུལ། །དགེ་བསྙེན་འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །ཨརྒྷཾ་སོགས། གཟུགས་སྡུག་སྒྲ་སྙན་དྲི་ཞིམ་རོ་མངར་དང་། །སྲབ་འཇམ་ན་བཟའ་ཕྱོགས་ཀུན་བཀང་སྟེ་འབུལ། །དགེ་བསྙེན་འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །རཱུ་པ་སོགས། འཁོར་ལོ་ནོར་བུ་


CMR031_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མོ་བློན་པོ་མཆོག །གླང་པོ་རྟ་མཆོག་དམག་དཔོན་དམ་པ་འབུལ། །དགེ་བསྙེན་འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །ཙཀྲ་མ་ཎི་སྟི་པུ་རུ་ཥ་ཧ་ཏི་རུ་རཾ་ག་ཋད་པྲ་ཏིཙྪ་སྭཱ་ཧཱ༔ རིན་ཆེན་གདུགས་དང་གསེར་ཉ་པདྨ་དུང་། །བུམ་པ་དཔལ་བེ་རྒྱལ་མཚན་འཁོར་ལོ་འབུལ། །དགེ་བསྙེན་འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །མངྒ་ལཾ་སོགས། ཡུངས་ཀར་དཱར་བ་གི་ཝཾ་བིལ་བ་ཞོ། །མེ་ལོང་ལི་ཁྲི་དུང་རྣམས་ཁྱོད་ལ་འབུལ། །དགེ་བསྙེན་འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །མངྒ་ལཾ༔ རིན་ཆེན་དར་འབྲུ་སྨན་སྣ་གོ་མཚོན་དང་། །མདའ་དར་རུ་མཚོན་ཤེལ་ཚིགས་ཤ་སྣ་འབུལ། །དགེ་བསྙེན་འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །སརྦ་པུ་ཙ༔ གཡག་ལུག་བྱ་ར་རྟ་དང་གླང་པོ་དང་། །རི་དྭགས་གཅན་གཟན་ཆུ་གནས་གཟུགས་རྣམས་འབུལ། །དགེ་བསྙེན་འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །སརྦ་རཱུ་པ་༴ ཞེས་འབུལ། དེ་ནས་བསང་བྱེད་ན་རྒྱས་པར་དུ་བའི་ལྷ་མོ་བསྐྱེད། བསྡུ་ན་བསང་སྦྱངས། ཨོཾ་ཨཱཿཧཱུྃ་གིས་དུད་པའི་སྣ་ལ་སྤོས་ངད་ལྡན་པར་བསམ། ཀྱེ། བསང་གྱི་རྒྱུད་བྱུང་གང་ནས་བྱུང་། །བསང་གི་རྒྱུད་བྱུང་གནམ་ནས་བྱུང་། །ཕ་


CMR031_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ལ་འབྲུག་ཆེན་ལྡར་མ་ལྡིར། །མ་ས་ལ་གློག་ཆེན་གྱ་མ་གྱུ། །བུ་རྟ་རྒོད་གངས་ཀྱི་ཐིགས་པ་ཡིན། །མ་ཕམ་གཡུ་མཚོའི་ཁ་ཞག་ཡིན། །བཟང་དྲུག་སྨན་གྱི་ནུས་པ་ཡིན། །དྲི་ཞིམ་སྤོས་ཀྱི་ངད་པ་ཡིན། །ཕྱེ་མར་འོ་སྐོལ་གསུར་གྱིས་མཆོད། །གསེར་ལོ་འབར་བའི་སྟག་པ་དང་། །གཡུ་ལོ་འབར་བའི་ཤུག་པ་དང་། །དུང་ལོ་འབར་བའི་བ་ལུ་དང་། །མཁན་པ་སྤོས་དཀར་ཨ་ག་རུ། །ཤིང་བདུད་རྩི་ཅན་གྱི་དུད་པ་ཡིས། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་བསང་། །བཙུན་མོ་རྒྱལ་མོ་རི་ཕྱུག་བསང་། །ལྷ་བཙན་མཚལ་ཅོ་གཉེན་པོ་བསང་། །ཡོ་རྒྱལ་གོ་ཆོ་སྤུན་དགུ་བསང་། །ནང་བློན་གཡུ་རྒོད་སྔོན་པོ་བསང་། །ཨ་མྱེ་ཕོ་བ་རྟ་ཕྱི་བསང་། །མཛོད་འཛིན་སོ་རྒྱལ་དོན་གྲུབ་བསང་། །མོ་མ་ཕྱའུ་གཡང་དཀར་བསང་། །ཕྱི་བློན་གསེར་སྒོ་སེར་པོ་བསང་། །བཟང་བྱེད་གཉན་པོ་ཡ་རྒྱལ་བསང་། །སྒོ་སྲུང་ར་དཀར་གཉན་པོ་བསང་། །ལས་མཁན་ཀླུ་བདུད་མགར་ནག་བསང་། །སྤྲུལ་པ་ཡང་སྤྲུལ་བཅས་པ་བསང་། །འཁོར་དང་ཡང་འཁོར་ཐམས་ཅད་བསང་། །དེ་རྣམས་བསང་བའི་ཡོན་ཏན་གྱི། །འཁོར་


CMR031_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་རྐྱེན་བཟློག་བར་ཆད་སོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །དེ་ནས་གཏོར་མ་བྲན་ལ། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། བྷྱོ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་ཁཾ་ཞུ་བ་ལས་བྱུང་བའི་ལྷའི་བདུད་རྩི་ཁ་དོག་ཤེལ་བཅག་པ་ལྟ་བུ། རོ་སྦྲང་རྩི་ལྟ་བུ་ཟག་མེད་ཀྱི་བདེ་བ་སྐྱིད་པས་གང་བར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་དེ་ཝ་ཙིཏྟ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་བ་ལི་ཏ་སྭཱ་ཧཱ༔ བར་ལན་གསུམ། ཨོཾ་ཨ་རུ་ཧཱུྃ་སྭཱ་ཧཱ༔ སྐྱེས་བུ་ངོམ་རྒྱལ་མཚོ་བཀྲའི་ཞལ་དུ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི་ཧཱུྃ་སྭཱ་ཧཱ༔ ཨོཾ་ཨ་ཀཱ་རོ་སོགས་། འཁོར་ཐམས་ཅད་ཡང་འགྲེས་སོ། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་འཁོར་བཅས་ཀྱི། །མཆོད་སྦྱིན་གཏོར་མ་འདི་སོགས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། ཧཱུྃ། སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ནི། །མགྱོགས་པ་རླུང་གི་རྟ་ལ་ཞོན། །བཙན་པོ་ཤེལ་གྱི་གོ་ཁྲབ་གྱོན། །དབུ་ཡི་དུང་རྨོག་དཀར་པོ་ལ། །གོས་མན་དར་འཕྲུ་རླུང་ལྟར་འཚུབ། །སྟག་དོང་གཡས་ལ་གཟིག་ཤུབས་གཡོན། །ཡ་ཚ་དཀར་ཕྲན་གློག་ལྟར་འཁྱུགས། །ཕྱག་གཡས་མདུང་དར་དཀར་པོ་བསྣམས། །རང་གི་ཕྱོགས་རྣམས་


CMR031_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཛད་ཅིང་། །མི་མཐུན་ཕྱོགས་ཀུན་ཟློག་པར་མཛོད། །མང་དུ་འདུས་ན་མཁས་དབང་ཆེ། །ཉུང་དུ་འདུས་ན་ཁས་བཙན་པོ། །ངོམ་གྱི་ལུང་པ་དར་མཛད་པའི། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ནི། །ཡུལ་ནི་ཡུལ་པའི་རྒྱལ་པོ་ཡིན། །ཡུལ་པའི་མགོན་བྱེད་ཆེན་པོ་སྟེ། །སྲུང་ནི་སངས་རྒྱས་བསྟན་པ་སྲུངས། །ངོམ་ཆུ་རྒྱུད་ལ་གནས་པའི་མགོན་མཛད་པའི། །ངོམ་རྒྱལ་མཚོ་བཀྲ་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ། རེས་འགའ་སྤྲུལ་པ་མཛད་ཙ་ན། །མི་དཀར་རྟ་དཀར་བཅུ་གསུམ་གྱིས། །བ་དན་དཀར་པོ་རླུང་ལྟར་འཚུབ། །རང་འདྲ་སུམ་བརྒྱ་དྲུག་ཅུས་བསྐོར། །དཔའ་བོ་གོ་མཚོན་ཆས་དང་ལྡན། །གོ་ཆ་སྲ་ལ་མཚོན་ཆ་རྣོ། །སྐུ་བསྲོ་ཆོ་སྒྲ་དི་རི་རི། །རྡོ་རྗེའི་མཚན་ཅན་ཁྱོད་ལ་བསྟོད། །ཧཱུྃ། ཡང་གཅིག་སྤྲུལ་པ་མཛད་ཙ་ན། །སྐུ་ནི་གཤིན་རྗེའི་རྒྱལ་པོར་སྤྲུལ། །ན་བཟའ་སྟག་ཐུལ་ཁྲ་བོ་མནབས། །དབུ་ལ་དུང་གི་ལ་ཐོད་ལ། །འོད་ཟེར་ཟིལ་གནོན་ཉི་ཟླ་ཤར། །ནད་རྣམས་སེལ་བ་བདུད་རྩི་སྨན། །དྲི་ཞིམ་ངད་པ་སངས་སེ་སང་། །ཡུལ་གྱི་ནད་རྣམས་སེལ་བར་བྱེད། །ཕྱག་ན་རྔ་ཤང་སྒྲ་ཆེན་


CMR031_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་། །དགྲ་བགེགས་ཀླད་པ་འགེམ་པར་བྱེད། །།གཉན་གྱི་དེད་དཔོན་ཆེན་པོ་སྟེ། །སྐྱེས་བུ་ངོམ་རྒྱལ་ཁྱོད་ལ་བསྟོད། །ཚེ་དང་བསོད་ནམས་འཕེལ་བ་དང་། །ཆེ་བཙན་གྲགས་པའི་དངོས་གྲུབ་སྩོལ། །བྷྱོ༔ བཙུན་མོ་རྒྱལ་མོ་རི་ཕྱུག་ནི། །མཆོང་གི་བུད་མེད་སྨུག་པོ་ལ། །རིན་ཆེན་གཡུ་ཡི་རྒྱན་ཆ་ཅན། །མུ་མེན་ཤེལ་གྱི་ཅོད་པན་ཅན། །ན་བཟའ་ལེའུ་ཁྲ་བོ་ལ། །འོད་དཀར་གསལ་བའི་རི་མོ་ཅན། །གཡུ་འབྲུག་སྔོན་པོའི་སྐེ་རགས་ཅན། །འཇའ་ཚོན་སྣ་ལྔའི་ཆ་ག་ཅན། །ཕྱག་ན་བདུད་རྩིའི་འདོད་ཡོན་བསྣམས། །རྐང་འགྲོའི་བེའུ་ལུག་འབྲས་དྲུག་སྨིན། །རྒྱལ་མོ་རི་ཕྱུགས་ཁྱོད་ལ་བསྟོད། །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །གཡས་ཀྱི་ཕྱོགས་ཀྱི་མདའ་ར་བ། །ལྷ་བཙན་གཉན་པོ་མཚལ་རྩེ་ནི། །ཆིབས་སུ་བྲག་ནག་རྟིང་དཀར་ཆིབས། །སྐུ་ལ་བསྲེ་ཁྲབ་སྨུག་པོ་གསོལ། །རྒོད་འཕྲུ་དར་འཕྲུ་རླུང་ལྟར་འཚུབ། །བཙན་བྱ་འུག་པ་ཀླད་ལ་ལྡིང་། །དགྲ་ཡི་མིག་གི་འབྲས་བུ་ཕྱུང་། །བྲག་བཙན་དམག་ཚོགས་སྐར་ལྟར་འཁྲུགས། །མགོན་བྱེད་ལྷ་ཡི་དམག་ཚོགས་ཀྱིས། །


CMR031_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་བྱེད་ཐོག་གི་མདའ་གཞུ་བསྣམས། །བ་དན་མདུང་མོ་ཕྱག་ན་ཐོགས། །ལྷ་བཙན་འཁོར་བཅས་མཆོད་ཅིང་བསྟོད། །དགྲ་བགེགས་འདུལ་བའི་སྡོང་གྲོགས་མཛོད། །གཡོན་གྱི་ཕྱོགས་ཀྱི་མདུང་ར་བ། །ཡོ་རྒྱལ་གོ་ཆོ་སྤུན་དགུ་ནི། །སྐྱེས་བུ་དར་མ་ཆས་བཟང་ལ། །བསྲེ་ཁྲབ་འོད་འབར་སྐུ་ལ་གསོལ། །དབུ་ལ་བསྲེ་རྨོག་ཟུར་གསུམ་ལ། །དར་འཕྲུ་རྒོད་འཕྲུ་རླུང་ལྟར་འཚུབ། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཡ་ཚ་སྐར་ཕྲན་གློག་ལྟར་འཁྱུགས། །བཙན་ཞགས་དམར་པོ་སྒ་ར་ར། །བཙན་གྱི་མདའ་འཕེན་ཤ་ར་ར། །བཙན་མདུང་དམར་པོ་ལྡེམས་སེ་ལྡེམ། །བ་དན་དམར་པོ་རླུང་ལྟར་འཚུབ། །ཀླུ་བཙན་འཁོར་བཅས་མཆོད་ཅིང་བསྟོད། །བསམ་པ་ཡིད་བཞིན་བསྒྲུབ་ཏུ་གསོལ། །ནང་བློན་གཡུ་རྒོད་སྔོན་པོ་ནི། །གཡུ་ཡི་གོ་ཁྲབ་སྐུ་ལ་གསོལ། །ཕྱག་ན་རྣོ་བའི་མཚོན་ཆ་བསྣམས། །ཆིབས་སུ་རྟ་སྔོན་རྔོག་ནག་ཆིབས། །ནད་ཀྱི་རྣམས་འཇོམས་བྱེད་བདུད་རྩི་སྨན། །སྨན་གྱི་མངའ་བདག་ཆེན་པོ་མཛད། །གཡུ་རྒོད་ཁྱོད་ལ་མཆོད་ཅིང་བསྟོད། །ནད་རིགས་ཐམས་ཅད་བསལ་དུ་གསོལ། །ཧཱུྃ། བླ་


CMR031_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཕོ་བ་རྟ་བརྫུ་ནི། །ཐུགས་ནི་ཞི་བའི་སྡེ་འཁོར་སྐྱོང་། །སྐུ་ནི་ཁྲོ་གཏུམ་བརྗིད་པའི་སྐུ། །ན་བཟའ་གཟིག་ཐུལ་ཁྲ་བོ་ལ། །དབྱི་སྲམ་གཉིས་ཀྱི་གོང་ཤམ་ཅན། །དབུ་ལ་ཤེལ་གྱི་སྦ་ཞུ་ཀྱི་ལི་ལི། །ཐོག་འབྲུག་གློག་གི་འོད་ཟེར་འཕྲོ། །ཕྱག་ན་རྔ་ཤང་སྒྲ་ཆེན་བསྣམས། །གདུག་པ་དབལ་གྱི་ཚྭ་ཚྭ་འཕྲོ། །རྟ་བརྫུ་ཁྱོད་ལ་མཆོད་ཅིང་བསྟོད། །བདག་གི་དགོན་འཁོར་དར་བར་མཛོད། །མཛོད་འཛིན་སོ་རྒྱལ་དོན་གྲུབ་ནི། །མི་དཀར་རྟ་དཀར་ཆས་དང་ལྡན། །སྟག་དོང་གཡས་ལ་གཟིག་ཤུབས་གཡོན། །བ་དན་རྒྱུདཀར་པོ་རླུང་ལྟར་འཚུབ། །རྫུ་འཕྲུལ་ལྡེ་མིག་ཆག་ཤིང་བསྣམས། །ནང་ནོར་སྣ་དགུ་སྤེལ་བར་བྱེད། །སོ་རྒྱལ་འཁོར་བཅས་མཆོད་ཅིང་བསྟོད། །འདོད་དགུ་ཕུན་ཚོགས་དངོས་གྲུབ་སྩོལ། །ཧཱུྃ། མོ་མ་ཕྱའུ་གཡང་དཀར་ནི། །སྐུ་ལ་ལེབ་ཕྱིང་དཀར་པོ་གསོལ། །དབུ་ལ་རྒོད་ཞུ་དཀར་པོ་མནབས། །ཕྱག་གཡས་འཕྲུལ་གྱི་ཇུ་ཐིག་བསྣམས་།གཡོན་པས་མདའ་དར་མེ་ལོང་འཛིན། །ཁམས་གསུམ་གསལ་བའི་སྒྲོན་མེ་ཅན། །ཕྱའུ་ཁྱོད་ལ་མཆོད་ཅིང་བསྟོད། །སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ། །ཕྱི་


CMR031_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བློན་གསེར་རྒོད་སེར་པོ་ནི། །ཆིབས་སུ་ངང་པ་རྔོག་སྔོན་ཆིབས། །གསེར་གྱི་གོ་ཁྲབ་སྐུ་ལ་གསོལ། །ཕྱག་ན་རྣོ་བའི་མཚོན་ཆ་བསྣམས། །གསེར་རྒོད་་འཁོར་བཅས་མཆོད་ཅིང་བསྟོད། །གཏམ་རླུང་རྒྱལ་ཁའི་དངོས་གྲུབ་སྩོལ། །བཟང་བྱེད་གཉན་པོ་ཡ་རྒྱལ་ནི། །མོ་བཙུན་ཆས་བཟང་རྒྱས་པའི་གཟུགས། །སྐུ་ལ་དར་དཀར་ལའུ་གསོལ། །གསེར་གཡུ་རིན་ཆེན་མཛེས་པས་བརྒྱན། །ཕྱག་ན་མདའ་མདུང་མེ་ལོང་བསྣམས། །ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས། །ཡ་རྒྱལ་འཁོར་བཅས་མཆོད་ཅིང་བསྟོད། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །སྒོ་སྲུང་ར་དཀར་གཉན་པོ་ནི། །ཀླུ་བདུད་ནག་པོ་ཞི་བའི་སྐུ། །ཆིབས་སུ་སྔོན་པོ་གཡུ་རྔོག་ཆིབས། །ཕྱག་ན་རྣོ་བའི་མཚོན་ཆ་བསྣམས། །ནད་ཡམས་ཐོག་སེར་བཟློག་མཛད་ཅིང་། །མི་ནོར་ཞིང་འབྲུ་འཕེལ་བར་མཛོད། །ར་དཀར་འཁོར་བཅས་མཆོད་ཅིང་བསྟོད། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །ཧཱུྃ། ལས་མཁན་ཀླུ་བདུད་མགར་ནག་ནི། །མི་ནག་རྟ་ནག་སྦྲུལ་ཞགས་འཛིན། །ཕྱི་ཡི་དགྲ་བགེགས་བཅིངས་པར་མཛོད། །མགར་ནག་འཁོར་


CMR031_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་མཆོད་ཅིང་བསྟོད། །དགྲ་རྐུན་ཇག་གསུམ་བཅིངས་བར་མཛོད། །གཞན་ཡང་ལྷ་ཀླུ་བདུད་དང་བཙན། །འཁོར་དང་ཡང་འཁོར་ཐམས་ཅད་ལ། །མཆོད་ཅིང་བསྟོད་དོ་ཕྱག་ཀྱང་འཚལ། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །ཅེས་བསྟོད། དེ་ནས་གསོལ་ཁ་བྱེད་ན་གཏོར་མ་སྔར་ལྟར་བྱིན་བརླབས་བྱས་ལ། དམ་རྫས་བརྒྱན་དང་ལྡན་པའི་གཏོར་མ་རྒྱ་ཆེན་པོ་འདི་སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །བཙུན་མོ་རྒྱལ་མོ་རི་ཕྱུག་མ་ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ལྷ་བཙན་གཉན་པོ་མཚལ་རྩེ་ལ། །གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ཀླུ་བཙན་གོ་ཆོ་སྤུན་དགུ་ལ། །གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ནང་བློན་གཡུ་རྒོད་སྔོན་པོ་ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ཨ་མྱེ་ཕོ་བ་རྟ་ཕྱི་ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །མཛོད་འཛིན་སོ་རྒྱལ་དོན་གྲུབ་


CMR031_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །མོ་མ་ཕྱའུ་གཡང་དཀར་ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ཕྱི་བློན་གསེར་རྒོད་སེར་པོ་ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །བཟང་བྱེད་གཉེན་པོ་ཡ་རྒྱལ་ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །སྒོ་སྲུང་ར་དཀར་གཉན་པོ་ལ། །གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། ནོ། །ལས་མཁན་ཀླུ་བདུད་མགར་ནག་ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །སྤྲུལ་པ་ཡང་སྤྲུལ་ཐམས་ཅད་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །འཁོར་དང་ཡང་འཁོར་ཐམས་ཅད་ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །འོ་སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་འཁོར་དང་བཅས་པ་ཁྱེད་རྣམས་ལ་ཕྲིན་ལས་སུ་བཅོལ་བ་ནི། སྔོན་ཚེ་དམ་བཅས་པ་མ་བསྒྲུབས་ན་ངོམ་རྒྱལ་བསྟན་པ་ལ་དོན་མེད་ཅེས་པ་ནས། མཛོད་ཅིག །


CMR031_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གི་བར་བརྗོད། བསྐང་བ་བྱེད་ན་མཆོད་པ་བྱིན་བརླབས་བྱས་ལ། ཧཱུྃ། ངོམ་རྒྱལ་འཁོར་བཅས་ཚུར་གསོན་དང་། །ཁྱོད་ཀྱི་ཐུགས་དམ་གཉན་པོ་དང་། །དོ་ནུབ་རྣལ་འབྱོར་བདག་གིས་བསྐང་། །དོ་ནུབ་མཉེས་པའི་ཟས་ཤིག་འདྲེན། །དོ་ནུབ་སྔ་མའི་གཏོང་རག་བཏང་། །དོ་ནུབ་ཕྱི་མའི་ཞུ་དོན་འབུལ། །དོ་ནུབ་ད་ལྟའི་གཉེར་ཟས་འདྲེན། །དོ་ནུབ་གྲོགས་ཀྱི་མནའ་ཐོ་བྱེད། །མཚོ་བཀྲ་འཁོར་བཅས་ཁྱེད་རྣམས་ཀྱི། །ཟན་གཡང་ཤམ་པོའི་ཐུགས་དམ་བསྐང་། །འབྲས་ལུག་གེལ་པས་ཐུགས་དམ་བསྐང་། །ཟན་ར་བརྗིད་པའི་ཐུགས་དམ་བསྐང་། །ཕྱེ་མར་ཕུད་རྒོད་ཐུགས་དམ་བསྐང་། །ངོམ་རྒྱལ་མཚོ་བཀྲ་ཐུགས་དམ་བསྐང་། །བཙུན་མོ་རི་ཕྱུག་ཐུགས་དམ་བསྐང་། །ལྷ་བཙན་མཚལ་རྩེ་ཐུགས་དམ་བསྐང་། །གོ་ཆོ་མཆེད་དགུ་ཐུགས་དམ་བསྐང་། །གཡུ་རྒོད་སྔོན་པོ་ཐུགས་དམ་བསྐང་། །ཕོ་བ་རྟ་ཕྱིའི་ཐུགས་དམ་བསྐང་། །སོ་རྒྱལ་དོན་འགྲུབ་ཐུགས་དམ་བསྐང་། །ཕྱའུ་གཡང་དཀར་ཐུགས་དམ་བསྐང་། །གསེར་སྒོང་སེར་པོའི་ཐུགས་དམ་བསྐང་། །ཡ་རྒྱལ་གཉེན་པོའི་ཐུགས་དམ་བསྐང་། །སྒོ་སྲུང་ར་དཀར་ཐུགས་དམ་བསྐང་། །ཀླུ་


CMR031_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་མགར་ནག་ཐུགས་དམ་བསྐང་། །སྤྲུལ་པ་ཡང་སྤྲུལ་ཐུགས་དམ་བསྐང་། །འཁོར་དང་ཡང་འཁོར་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཐུགས་དང་འགལ་བ་བསྐང་གྱུར་ཅིག །ཆག་ཆེན་ཉམ་ང་བཟློག་ཏུ་གསོལ། །ཕྱི་ནང་བར་ཆད་ཞི་བར་མཛོད། །ཅེས་བདག་གཞན་གྱི་སྤྱི་བོར་རྡོ་རྗེ་སེམས་དཔའ་བསྒོམས་ལ་ཡིག་བརྒྱ་བཟླས་པས་ཁོང་རྣམས་ཀྱི་སྒྲིབ་པ་དང་ཉམས་གྲིབ་དག་པར་བསམ། ཨོཾ༔ དྲག་བསྐུལ་དགྲ་ཆོས་ལྟར་བྱེད་ན། གཏོར་མ་དཔེའུ་རིས་ལྟར་བཤམས། བཀུག་གཞུག་བྱས་ལ་ལྷ་དང་ཕྲལ་བའི་ཤ་ཁྲག་རུས་པ་དམིགས་ལ་མན་ངག་ལྟར་འབུལ། བྷྱོ༔ སངས་རྒྱས་ཆོས་ལ་དགྲ་བྱུང་ན། །ཆོས་སྐྱོང་སྲུང་མའི་དམག་ཚོགས་རེམ། །རྣལ་འབྱོར་བདག་ལ་དགྲ་བྱུང་ན། །ལྷ་དང་སྲུང་མའི་དམག་ཚོགས་རེམ། །ཡུལ་ཕྱོགས་འདི་རུ་དགྲ་བྱུང་ན། །ཡུལ་ལྷ་དགྲ་བླ་གཉེན་པོ་རེམ། །དམ་ཉམས་སྡང་བའི་དགྲ་བོ་འདིས། །དཀོན་མཆོག་གསུམ་གྱི་བསྟན་པ་བཤིགས། །ལྷ་དང་སྲུང་མ་ཁྱད་དུ་བསད། །ལྷ་འདྲེ་ཡོངས་ལ་དོ་རུ་བསྡོས། །རྣལ་འབྱོར་བདག་ལ་དགྲ་རུ་ལངས། །དེ་ཕྱིར་བསྒྲལ་བའི་ཞིང་དུ་གྱུར། །བྷྱོ༔ ངོམ་རྒྱལ་མཚོ་བཀྲ་དགྲ་ལ་


CMR031_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། །མགྱོགས་པའི་དུང་རྟ་མྱུར་དུ་བསྟོད། །དུང་ཁྲབ་དཀར་པོ་སྐུ་ལ་མནབས། །མདུང་དར་དཀར་པོ་ཕྱག་ན་བསྣམས། །སྡང་བའི་དགྲ་ལ་ཞེ་སྡང་བསྐྱེད། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །རྒྱལ་མོ་རི་ཕྱུག་དགྲ་ལ་ཆོས། །མགྱོགས་པའི་སྨན་ཤ་ཡུ་མོ་བསྟོད། །ཕྱག་ན་རྣོ་བའི་མཚོན་ཆ་ཐོགས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །མདའ་དར་ལྷ་བཙན་མཚལ་རྩེ་ཆོས། །མགྱོགས་པའི་བྲ་ནག་རྟིང་དཀར་སྟོད། །བསྲེ་ཡི་རྨོག་ཁྲབ་སྐུ་ཊྛེལ་མནབས། །ཐོག་གི་མདའ་གཞུ་ཕྱག་བསྐང་ཐོགས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །མདུང་ར་གོ་ཆོ་སྤུན་དགུ་ཆོས། །མགྱོགས་པའི་མཚལ་བུ་རྟིང་དཀར་བསྟོད། །བསྲེ་ཁྲབ་འོད་འབར་སྐུ་ལ་མནབས། །བཙན་མདུང་དམར་པོ་ཕྱག་ན་བསྣམས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །ནང་བློན་གཡུ་རྒོད་སྔོན་པོ་ཆོས། །སྔོན་པོ་གཡུ་རྔོག་ཆིབས་སུ་ཆིབས། །གཡུ་ཡི་གོ་ཁྲབ་སྐུ་ལ་མནབས། །རྣོ་བའི་མཚོན་ཆ་ཕྱག་ན་


CMR031_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །ཨ་མྱེ་ཕོ་བ་རྟ་ཕྱི་ཆོས། །སྤྲུལ་པའི་ཐོག་ཟོར་དམར་པོ་འཕོང་། །དགྲ་བོའི་ཡུལ་མཁར་མྱུར་དུ་རློགས། །མཛོད་འཛིན་སོ་རྒྱལ་དོན་གྲུབ་ཆོས། །མགྱོགས་པའི་དུང་རྟ་དཀར་པོ་བསྟོད། །སྟག་དོང་གཟིག་ཤུབས་སྐྱེད་ལ་བསྐོར། །རྣོ་བའི་མཚོན་ཆ་ཕྱག་ན་བསྣམས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མ་གཡེལ་སྲུང་མི་མཐུ་རྩལ་ཅན། །མོ་མ་སེའུ་གཡང་དཀར་ཆོས། །མགྱོགས་པའི་རག་པ་རྟིང་དཀར་སྟོད་། །ཕྱག་ན་འཕྲུལ་གྱི་ཇུ་ཐིག་བསྣམས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །ཕྱི་བློན་གསེར་གྱི་མི་ཕོ་ཆོས། །མགྱོགས་པའི་ངང་པ་རྔོག་སྔོན་བསྟོད། །གསེར་གྱི་གོ་ཁྲབ་སྐུ་ལ་གསོལ། །རྣོ་བའི་མཚོན་ཆ་ཕྱག་ན་བསྣམས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །སྒོ་སྲུང་ར་དཀར་གཉེན་པོ་ཆོས། །མགྱོགས་པའི་ཆུ་རྟ་སྔོན་པོ་བསྟོད། །རྣོ་བའི་མཚོན་ཆ་ཕྱག་ན་བསྣམས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མ་གཡེལ་སྲུང་མ་མཐུ་རྩལ་


CMR031_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་། །ལས་མཁན་མགར་ནག་དགྲ་ལ་ཆོས། །མགྱོགས་པའི་བདུད་རྟ་ནག་པོ་བསྟོད། །དར་ནག་བེར་ཆེན་སྐུ་ལ་གསོལ། །སྦྲུལ་ནག་ཞགས་པ་ལག་ན་ཐོགས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །བྷྱོ༔ བར་གྱི་ཡུལ་ལྷ་མཚོ་བཀྲ་ནི། །སྤྲུལ་པ་འཁོར་གྱི་དམག་ཚོགས་རྣམས། །གོ་ཆ་སྲ་ལ་མཚོན་ཆ་རྣོ། །སྐུ་བསྲོ་ཆ་སྒྲ་དི་རི་རི། །ལྷ་དམག་གངས་རི་ཉིལ་བ་འདྲ། །ཀླུ་དམག་རྒྱ་མཚོ་ལྷུད་པ་འདྲ། །གཉན་དམག་བུ་ཡུག་འཚུབ་པ་འདྲ། །བཙན་དམག་རླུང་དམར་འཚུབ་པ་འདྲ། །བདུད་དམག་མུན་པ་འཐིབས་པ་འདྲ། །ཀུན་ཀྱང་མཐུ་རྩལ་སྟོབས་དང་ལྡན། །དྲག་པོའི་བྷྱོ་སྒྲ་དི་རི་རི། །ཆ་ལ་དགའ་ཞིང་དར་ལ་འདུ། །ཀུ་ལ་དགའ་ཞིང་བློ་ལ་དགྱེས། །ཁྱུང་སེང་རྟ་གླང་བྱ་རིགས་དང་། །གཅན་སྤྱང་བྱ་རིགས་སྣ་ཚོགས་ཆིབས། །དར་སྟན་སྒ་སྲབ་གོང་སྨད་ལ། །སྦྲུལ་དང་གསེར་དངུལ་ཕྲ་ཡིས་མཛེས། །སྐུ་ལ་གསེར་དངུལ་བསེ་ལྕགས་ཁྲབ། །སྟག་གཟིག་དོམ་གྱི་ཡང་ཤམ་ཅན། །དབུ་ཡི་རྨོག་མོ་དཀར་པོ་ལ། །རིན་པོ་ཆེ་ཡི་གཙུག་ཕུད་ཅན། །གཡས་ཀྱི་སྟག་རལ་ཁྲ་བོ་ལ། །ལྷ་མདའ་ལེབ་མ་སྐར་ལྟར་འཁྲུགས། །


CMR031_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གྱི་གཟིག་ཤུབས་ཐིག་ལེ་ལ། །སྤྲུལ་པའི་ལྷ་གཞུ་གློག་ལྟར་འཁྱུགས། །གཡོན་གྱི་གཟིག་ཤུབས་ཟངས་བཀྲ་ལ། །ཤང་ལང་རལ་གྲི་མེ་ལྟར་འབར། །སྐུ་ཡི་བསྲེ་ཁྲབ་སྣ་ཚོགས་ལ། །སྤྲུལ་པའི་ཚྭ་ཚྭ་མེ་སྟག་འཕྲོ། །དབུ་ཡི་རྒོད་འཕྲུ་ལྡེམ་པ་ལ། །སྣ་ཚོགས་བ་དན་མེ་ལྟར་འཚུབ། །རེ་རེའི་འཁོར་ལ་གཉན་ཕྲན་འབུམ། མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །སངས་རྒྱས་བསྟན་པ་རིན་ཆེན་སྲུངས། །དགྲ་ཇག་ཆོམ་རྐུན་ཐམས་ཅད་ཟློག །སྡང་བའི་དགྲ་བོ་ལས་ངན་འདི། །དམག་དང་ཇག་རྒྱུག་ཤོར་བའི་ཚེ། །སྲུང་མ་རྣམས་ཀྱིས་ཤོལ་ཐོབ་ཅིག །དགྲ་ལ་རྨུ་གབ་སྣ་ཚོགས་ཕོབ། །གཏམ་སྙན་རྒྱལ་ཁ་བདག་ལ་བྱིན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྐུལ་ལོ། །བསྐུལ་འདི་ཤིན་ཏུ་གཉེན་པས་བསྟན་པ་དང་སེམས་ཅན་གྱི་དོན་དུ་མ་གཏོགས་རང་འདོད་ཆུང་ངུ་ལ་བསྐུལ་ན། ལྷ་སྲིན་འཁྲུགས་ནས་རང་ལ་བཀྲ་མི་ཤིས་པ་འབྱུང་བས་བཙའ་ཤེས་པར་བྱའོ། །དེ་ནས། ཨོཾ་མ་འབྱོར་པ་དང་སོགས་བཤགས་པ་བྱ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་སོགས་དང་། །རང་གི་གནས་སུ་གཤེགས་ནས་ཀྱང་། །སོགས་བྱ། འདི་ཡི་མན་ངག་རྣམས་ཐུགས་ལ་གབ་བོ། །འདི་བྲིས་ཉེས་བཤགས་དགེ་


CMR031_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱང་ཆུབ་བསྔོ། །ཞེས་པ་འདི་བདག་རཱ་གའི་མིང་ཅན་གྱིས་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ལ་བྲིས་པའོ།། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྐྱེས་བུ་ངོམ་རྒྱལ་མཚོ་བཀྲའི་གསོལ་མཆོད་ཕན་བདེའི་ཆུ་གཏེར།next