Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

8 occurrences of འ་འུར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
སྐྱེས་བུ་ཆེན་པོ་གཏམ་རྒྱལ་མདོ་ཟོ་འཁོར་དང་བཅས་པའི་གསོལ་མཆོད།
  
  
  
 
 
 
 
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  


8 occurrences of འ་འུར་
[Clear Hits]

 
previousསྐྱེས་བུ་ཆེན་པོ་གཏམ་རྒྱལ་མདོ་ཟོ་འཁོར་དང་བཅས་པའི་གསོལ་མཆོད།next

སྐྱེས་བུ་ཆེན་པོ་གཏམ་རྒྱལ་མདོ་ཟོ་འཁོར་དང་བཅས་པའི་གསོལ་མཆོད།


CMR031_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་ཆེན་པོ་གཏམ་རྒྱལ་མདོ་ཟོ་འཁོར་དང་བཅས་པའི་གསོལ་མཆོད་བཞུགས་སོ། །


CMR031_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཀྲོ་དྷ་ཡེ། གུ་དྲག་དྲེགས་པའི་སྲོག་དབང་ལས། །ཆོས་སྤྱོད་ཆོས་སྒོར་ཞུགས་པས་ཀྱང་། །ཡུལ་དེ་གནས་པའི་ཡུལ་ལྷ་དང་། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །གསོལ་ཁ་མཆོད་པ་བྱས་ན་ཤིས། །གསུང་ཕྱིར་ཡུལ་ལྷ་མཆོད་པའི་ཐབས། །རྒྱས་པར་གཏོར་མ་རིན་ཆེན་དབྱིབས། །སྡེ་བརྒྱད་མཐུན་རྫས་བཤོས་བུས་བསྐོར། །གཡག་ལུག་ར་གསུམ་བྱ་རྟ་གླང་། །བསང་རྫས་མདའ་དར་བཅས་པ་བཤམས། །འབྲིང་དུ་དཀར་གཏོར་བཟང་བ་གཅིག །མཐའ་མ་མཐེབ་སྐྱུ་བརྒྱད་ཀྱིས་བསྐོར། །བསྡུ་ན་དཀར་གཏོར་གཅིག་གིས་ཆོག །རང་ཉིད་པད་འབྱུང་ཐུགས་ཀ་ནས། །འོད་ཟེར་འཕྲོས་པས་འཁོར་བཅས་ཀུན། །མདུན་དུ་སྤྱན་དྲངས་བཞུགས་པར་དམིགས། །ཧཱུྃ། རྒྱལ་བ་ཤཱཀྱ་ཐུབ་པ་


CMR031_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ལུང་བསྟན་བྱང་ཕྱོགས་གངས་རིའི་ལྗོངས། །ཐུགས་རྗེ་ཆེན་པོའི་ཞིང་ཁམས་མཆོག །མངོན་པར་དགའ་བའི་ཞིང་མཚུངས་པའི། །ཤར་ཕྱོགས་མདོ་ཁམས་གླིང་ཁྲིའི་བར། །ངོམ་དུ་རུང་བའི་ཡུལ་གྱི་སྟོད། །རི་རྒྱལ་དགུང་དུ་རྩེ་མཐོ་བ། །དགུན་གསུམ་དཀར་པོ་དུང་གི་མདོག །དཔྱིད་གསུམ་དམར་པོ་མཆོང་གི་མདོག །དབྱར་གསུམ་སྔོན་པོ་གཡུ་ཡི་མདོག །སྟོན་གསུམ་སེར་པོ་གསེར་གྱི་མདོག །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ། །ལྗོན་ཤིང་སྣ་ཚོགས་ལོ་འདབ་རྒྱས། །སྤང་ལྗོངས་ནེའུ་སིང་མེ་ཏོག་བཀྲ། །བདུད་རྩིའི་ཆུ་


CMR031_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

མིག་བརྒྱ་རྩས་བསྐོར། །སྤྲིན་དང་ན་བུན་བླ་བྲེ་བྲིས། །ཉི་ཟླ་དཀར་གསུམ་འོད་མདངས་ལས། །འབྲུག་སྒྲ་ལྡིར་ཞིང་གློག་འོད་འཁྱུག །ཤེལ་གྱི་ཆར་རྒྱུན་སི་ལི་ལི། །དུང་གི་ཁུ་འཕང་ཤ་ར་ར། །བྱ་རིགས་གཤོག་ལྡིང་ཁྲིགས་སེ་ཁྲིག །གཅན་གཟན་ངར་སྐད་འུ་རུ་རུ། །རི་དྭགས་རྩེ་སྒྱུ་སྤྲེངས་སེ་སྤྲེང་། །འཇའ་ཚོན་སྣ་ལྔ་ཀྱི་ལི་ལི། །འབྱོར་ལྡན་གྲོང་ཁྱེར་ཕྲེང་བས་བསྐོར། །མི་ནོར་སྣ་དགུ་ཀྱི་ལི་ལི། །རི་བྲན་ཀུན་གྱིས་མཐའ་ནས་བསྐོར། །རྒྱལ་ཆེན་བློན་པོས་བསྐོར་བ་འདྲ། །སྤང་རི་བཞི་ཡིས་ཕྱོགས་བཞི་བསྐོར། །བྱ་རྒོད་དཔུང་པའི་རི་བོ་འདྲ། །གཉན་གྱི་དམག་དཔོན་ཡིན་པའི་ཕྱིར། །ཞལ་ནི་རྨ་གཉན་སྤོམ་ར་བསྟེན། །ཕྱི་ནི་ས་འཛིན་ལྷུན་རེ་ཆགས། །ནང་ན་རིན་ཆེན་སྐུ་མཁར་ཏེ། །འདོད་ཡོན་ལོངས་སྤྱོད་བསམ་མི་ཁྱབ། །དེ་འདྲའི་ཕོ་བྲང་དམ་པ་ནས། །རང་རང་སོ་སོའི་བཞུགས་གནས་ནས། །སྐྱེས་བུ་གཏམ་རྒྱལ་མདོ་ཟོ་ནི། །མཆེད་འཁོར་སྲས་དང་བཙུན་མོ་དང་། །བློན་པོ་སྡེ་རིགས་འཁོར་ཚོགས་བཅས། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །གློག་ལྟར་མྱུར་བའི་རྫུ་འཕྲུལ་གྱིས། །སྐད་ཅིག་ཉིད་ལ་


CMR031_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བྱོན་ཅིག །ཡིད་སྤྲུལ་གཙོ་འཁོར་འཚམས་པ་ཡི། །དགྱེས་པའི་གདན་ལ་བཞུགས་ནས་ཀྱང་། །སྔོན་ཚེ་པདྨ་འབྱུང་གནས་དང་། །རང་བྱུང་ཞབས་དང་མཁའ་སྤྱོད་པའི། །སྤྱན་སྔར་ཁས་བླང་དམ་བཅས་པའི། །ཡུལ་ཕྱོགས་བདེ་ཞིང་སྐྱིད་པ་དང་། །རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས། །ཨོ་རྒྱལ་པ་གཏམ་ས་པཱ་རི་ཝཱ་ར་ཨེ་ཧྱ་ཧི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ས་མ་ཡ་ཧོ། ས་མ་ཡ་ཧཱུྃ། ཧཱུྃ། སྐྱེས་བུ་གཏམ་རྒྱལ་མདོ་ཟོ་ནི། །སྲས་དང་བཙུན་མོ་མཆེད་ཟླ་དང་། །བློན་པོ་འཁོར་གཡོག་དཔུང་དང་བཅས། །སྡེ་རིགས་རྒྱབ་རྟེན་བཅས་པ་ལ། །མཆོད་པའི་བྱེ་བྲག་འབུལ་བ་ནི། །དངོས་སུ་ཅི་འབྱོར་གཙང་མར་བཤམས། །ཡིད་ཀྱིས་ནམ་མཁའ་གང་བར་སྤྲུལ། །ཟག་མེད་མཆོད་པ་རྒྱ་མཚོས་མཆོད། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་མར་མེ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་སྣ་བདུན་འབུལ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་། །རོ་མངར་རེག་འཇམ་འདོད་ཡོན་མཆོད། །འཁོར་ལོ་ནོར་བུ་བཙུན་མོ་དང་། །བློན་པོ་གླང་པོ་རྟ་མཆོག་དང་། །དམག་དཔོན་རིན་ཆེན་


CMR031_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་བདུན་འབུལ། །གདུགས་བཟང་གསེར་ཉེ་པདྨ་དུང་། །གཏེར་བུམ་དཔལ་བེའུ་འཁོར་ལོ་སོགས། །རྒྱལ་མཚན་བཀྲ་ཤིས་རྟགས་བརྒྱད་འབུལ། །ཡུངས་ཀར་དཱར་བ་བིལ་བ་དང་། །གི་ཝང་ལི་ཁྲི་དུང་དཀར་དང་། །མེ་ལོང་ཞོ་སྟེ་རྫ་ས་བརྒྱད་འབུལ། །གསེར་དངུལ་མུ་མེན་མུ་ཏིག་གཡུ། །ཤེལ་དང་བྱི་རུ་སྤོས་ཤེལ་དུང་། །རིན་ཆེན་སྣ་ཚོགས་མཆོད་པ་འབུལ། །ནས་འབྲས་གྲོ་སྲན་སོ་བ་དང་། །ཏིལ་དང་ཁྲི་སོགས་འབྲུ་སྣ་འབུལ། །རྒྱ་མཚོ་སྦུ་བ་ཛཱ་ཏི་དང་། །ཞོ་ཤ་ལ་སོགས་སྨན་སྣ་འབུལ། །དཀར་གསུམ་མངར་གསུམ་ཤ་ཐུད་དང་། །ཁུར་བ་ལ་སོགས་ཟས་སྣ་འབུལ། །ཇ་ཕུད་ཆང་ཕུད་འོ་ཞོའི་ཕུད། །གསེར་སྐྱེམས་གཡུ་སྔོན་སྐྱེམས་ཕུད་མཆོད། །དར་ཚོན་བལ་ཚོན་ཤེལ་ཚིགས་སོགས། །རང་རང་ཡིད་མཐུན་ལོངས་སྤྱོད་མཆོད། །མདའ་དར་ཤིང་རིས་མདུང་དར་སོགས། །སྤྱན་གཟིགས་སྣ་ཚོགས་རྟེན་དུ་འབུལ། །ཁྲབ་རྨོག་ཕུབ་དང་འཁོར་གསུམ་སོགས། །དགྲ་བླའི་གོ་མཚོན་སྣ་དགུ་འབུལ། །གཡག་ལུག་བྱ་རིགས་རྟ་གླང་སོགས། །མཐུན་པའི་གཟུགས་འགྲོས་སྣ་ཚོགས་འབུལ། །རི་དྭགས་གཡུང་དྭགས་གཅན་


CMR031_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གཟན་སོགས། །མཐུན་པའི་དཀོར་ནོར་སྣ་ཚོགས་འབུལ། །ཧཱུྃ་ལས་རིན་ཆེན་སྣོད་ནང་དུ། །ཁཾ་ལས་གཏོར་མ་བདུད་རྩིའི་མཚོ། །ཁ་དོག་རོ་བཅུད་ཕུན་སུམ་ཚོགས། །ཧ་ཧོ་ཧཱིཝཡིས་བྱིན་གྱིས་བརླབས། །ཟག་མེད་བདེ་བ་བསྐྱེད་པའི་རྫསཾ། །གཏོར་མ་འདི་འབུལ་དགྱེས་པར་བཞེས། །ཐམས་ཅད་མཉེས་ཞིང་ཚིམ་གྱུར་ཅིག །ཉམས་རྒུད་རྨུགས་པ་སངས་གྱུར་ནས། །མཐུ་སྟོབས་གཟི་བརྗིད་ལྡན་གྱུར་ཅིག །འཁོན་འདྲེས་འགྲམ་འཁྲུག་ཕོག་ཐུག་ཞི། །བྱམས་པའི་སེམས་དང་ལྡན་གྱུར་ཅིག །དགའ་མགུ་ཡི་རང་ལྡན་གྱུར་ནས། །བདག་གི་བསམ་པ་འགྲུབ་པར་མཛོད། །ཧཱུྃ། སྐྱེས་བུ་གཏམ་རྒྱལ་མདོ་ཟོ་ནི། །སྐུ་མདོག་དཀར་ལ་སྨུག་པའི་མདངས། །ཞལ་ནི་ཁྲོ་རྒྱུའཛུམ་གཟི་བརྗིད་འབར། །དབུ་སྐྲ་རལ་པས་སོག་འདབ་ཁེབས། །གཞི་བདག་ཀུན་གྱི་རྒྱལ་པོ་སྟེ། །དབུ་ལ་ལ་ཐོད་དཀར་པོ་གསོལ། །ལྗང་སྔོན་དར་བེར་སྐུ་ལ་གསོལ། །གསེར་སྐད་རིན་ཆེན་སྐྱེད་ལ་བཅིངས། །ཞབས་ལ་སག་ཏིའི་ལྷམ་ཆེན་གསོལ། །ཕྱག་གཡས་གསེར་གྱི་རྡོ་རྗེ་དང་། །སྦ་ལྕག་རིན་ཆེན་ལྕགས་འབྲས་ཅན། །


CMR031_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དར་ཚོན་སྣ་ལྔས་བརྒྱན་པ་ཕྱར། །ཁམས་གསུམ་མ་ལུས་དབང་དུ་སྡུད། །གཡོན་པས་དངུལ་དཀར་དྲིལ་བུ་འཁྲོལ། །སྙན་དང་གྲགས་པ་ཕྱོགས་བཅུར་སྒྲོག །ཆིབས་སུ་རྟ་ནག་རི་ལོག་ཙམ། །སྟག་སྒྲ་གསེར་སྲབ་གཡུ་མཐུར་ཅན། །ཆིབས་ནས་སྲིད་གསུམ་ཟིལ་གྱིས་གནོན། །བརྒྱ་འཚོགས་སྟོང་འཚོགས་དབུས་ནས་འགྱིངས། །ཁྲི་འགྲོ་སྟོང་འགྲོའི་སྣ་ལ་རྒྱུགས། །མང་པོ་འདུས་ན་འདུས་དབང་ཆེ། །ཉུང་ངུ་འདུས་ན་ཁས་བཙན་པོ། །གཏམ་སྙན་རྒྱལ་ཁ་ཐོབ་པའི་ལྷ། །ངོམ་ཡུལ་སྟོད་ཀྱི་ཕོ་ལྷ་བ། །སྐྱེས་བུ་གཏམ་རྒྱལ་མདོ་ཟོ་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ནུབ་བོ་གཏམ་རྒྱལ་མདོ་ཆུང་ནི། །སྐུ་མདོག་དམར་སྨུག་རལ་པ་ཅན། །ན་བཟའ་དམར་སྨུག་རལ་གུ་ལ། །སྟག་གི་གོང་ལག་སྲམ་སྐོར་ཅན། །སྟག་རལ་གཟིག་ཤུབས་སྐེད་ལ་བསྐོར། །ཕྱག་གཡས་སྨྲ་མཁན་ཕ་ཝང་དང་། །གཡོན་པས་བྱིའུ་མིག་དམར་འཛིན། །རྟ་ལྗང་གསེར་སྲབ་གཡུ་མཐུར་ཅན། །ཆིབས་ནས་ཕྱོགས་བཅུ་ཀུན་ཏུ་རྒྱུགས། །སྤྲུལ་པ་སྦལ་པ་སྲེ་མོང་འགྱེད། །གཏམ་དང་ཤག་ཁ་རྒྱལ་


CMR031_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལྷ། །སྐྱེས་བུ་གཏམ་རྒྱལ་མདོ་ཆུང་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཧེ་ཧེ་གྲོ་གྲོ་མཛོད། པུ་ཙ་བ་ལཾ་ཏ་ཁཱ་ཧི། ཧཱུྃ། མཆེད་ཟླ་རྨིས་ཚོ་གཉེན་པོ་ནི། །སྐུ་མདོག་སྔོན་པོ་རལ་པ་ཅན། །རས་དཀར་བེར་ཆེན་སྐུ་ལ་གསོལ། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཕྱག་གཡས་རྔ་ཤང་ནམ་མཁར་འཁྲོལ། །གཡོན་པས་དཔལ་བེའུ་ཐུགས་ཀར་འཛིན། །ཆིབས་སུ་རྟ་སྔོན་རི་ལོག་ཙམ། །རྟ་རྔོག་སྦྲུལ་ལས་བྱས་པ་ཆིབས། །སྐྱེས་བུ་རྨིས་ཚོ་གཉེན་པོ་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ར་མ་ར་ལ་ཕཊ་པཱུ་ཙ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། ཤར་གྱི་ཕྱོགས་ཀྱི་བཀའ་སྡོད་ནི། །གླང་ཆེན་ཇག་ལ་འཇོང་འདྲའི་རི། །ནོར་ཕྱུགས་སྤེལ་བའི་གཡང་རི་སྟེ། །སྤ་སྒོ་གླང་ཆེན་འགྱིང་འདྲའི་རི། །སྐུ་མདོག་དཀར་སྨུག་ཁྲོ་འཛུམ་ཞལ། །སྦོམ་ཐུང་གསུས་འཕྱང་གནོད་སྦྱིན་གཟུགས། །མཐིང་མདོག་ཕྲུག་གི་ན་བཟའ་ལ། །སྟག་གཟིག་གོང་ལག་སྲམ་སྐོར་ཅན། །ཕྱག་གཡས་ས་ཡི་སྙིང་པོ་དང་། །གཡོན་པས་ཚར་ལྗང་ལྕག་ཚན་


CMR031_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཆིབས་སུ་གླང་ཆེན་འགྱིང་བ་ཆིབས། །གཉན་གཅིག་སྤར་སྒོ་གླང་ཆེན་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཨོ་བྷུ་མི་པ་ཏི་ཧས་ཏི་བ་ལིཾ་ཏ་པུ་ཙ་ཁཱ་ཧི། ཧཱུྃ། ལྷོ་ཡི་བཀའ་སྡོད་ཟངས་རྡོ་ནི། །སྐུ་མདོག་དཀར་ལ་སྨུག་པའི་མདངས། །དབུ་ལ་ཕྱིང་ཞྭ་ནག་པོ་གསོལ། །སྐུ་ལ་དར་སྔོན་བེར་ཆེན་གསོལ། །གསེར་གྱི་མེ་ཏོག་པདྨ་རིས། །དེ་སྟེང་དར་དཀར་བེར་ཆེན་དང་། །དེ་སྟེང་དར་ནག་བེར་ཆེན་གསོལ། །ཕྱག་གཡས་ལྕག་ཚན་དར་ཆེན་བཏགས། །གཡོན་པས་མེ་ལོང་ཐུགས་ཀར་འཛིན། །ཆིབས་སུ་རྟ་ནག་རྔམ་པ་ཆིབས། །སྔ་ཤར་སྨན་གྱི་སྒྲོ་བ་དང་། །ཕྱི་ཤར་གཡང་གི་གལ་སྟ་བཀལ། །ཡུལ་ལྷ་ཟངས་རྡོ་གཉན་པོ་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཨོ་སུག་ལྷོ་མར་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་པཱུ་ཙ་ཁཱ་ཧི། ཧཱུྃ། ནུབ་ཀྱི་བཀའ་སྡོད་དབྱི་བྲོ་ནི། །མི་ནག་སྟག་ལྤགས་ན་བཟའ་ཅན། །སྟག་རལ་གཟིག་ཤུབས་སྐེད་ལ་བསྐོར། །ཕྱག་ན་མདའ་དར་དྲིལ་བུ་འཛིན། །ཆིབས་སུ་རྟ་དཀར་གཡུ་རྔོག་ཆིབས། །གཉན་ཆེན་དབྱི་བྲོ་


CMR031_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཆུང་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ད་གདན་དམར་དམར་སྭཱ་ཧཱ། བ་ལིཾ་ཏ་པཱུ་ཙ་ཁཱ་ཧི། ཧཱུྃ། བྱང་གི་བཀའ་སྡོད་རྫ་ཁྲ་ཡུ། །མི་ནག་རྔམ་བརྗིད་བེར་ཆེན་ལྗང་། །གཡས་པས་ཐོག་མདའ་རྦབ་རྒོད་འཕེན། །གཡོན་པས་སྦྲུལ་གྱི་ཞགས་པ་འདེབས། །ཆིབས་སུ་རྟ་སྔོན་ཆུ་རིས་ཆིབས། །གཉན་ཆེན་རྫ་རི་ཁྲ་ཡུ་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཁྲ་ཡུ་ཡུ་ཙིར་ཙིར་ཚུག༔ བ་ལི་ཏ་པུ་ཙ་ཁཱ་ཧི༔ ཧཱུྃ། །སྨན་བཙུན་རྒྱལ་མོ་བུ་དཔང་ནི། །མོ་བཙུན་བགྲེས་གཞོན་བར་མ་གསུམ། །དར་ཟབ་གསེར་གཡུ་མུ་ཏིག་བརྒྱན། །མཛེས་སྡུག་ལང་ཚོ་ཕུན་སུམ་ཚོགས། །གསུམ་ཁས་དར་ཡུག་དཀར་པོ་འཐེན། །ཧ་ཧ་ཧི་ཧི་སྒྲ་སྒྲོག་ཅིང་། །སྨན་ཕྲན་མང་པོའི་འཁོར་དང་བཅས། །སྨན་གྱི་བྲོ་རྡུང་སྒ་ར་ར། །འཇའ་ཚོན་གུར་ཕུབ་ཀྱི་ལི་ལི། །དྲི་ཞིམ་སྤོས་ངད་ཕྱི་སངས་སེ་སང་། །སྦ་གླིང་སྨྱུག་གླིང་ཀྱུ་རུ་རུ། །རྒྱལ་མོ་བུ་དཔང་སྤུན་གསུམ་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཨ་སྙིང་


CMR031_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་སྭཱ་ཧཱ། ཨི་དཾ་བ་ལི་ཏ་པུ་ཙ་ཁཱ་ཧི། ཧཱུྃ། མཛོད་འཛིན་ཕྱག་གཙང་ལྟས་ཆེན་ནི། །མི་གཞོན་མཛེས་ཤིང་ཡིད་དུ་འོང་། །རལ་པ་ཁམས་སིག་སོག་འདབ་ཁེབས།། སྐུ་ལ་ཕྲུག་དཀར་རལ་གུ་གསོལ། །འཇའ་ཚོན་སྣ་ལྔའི་མུ་ཁྱུད་ཅན། །གཟིག་ལྤགས་ཁྲ་བོའི་གོང་ལག་ལ། །གཡི་སྲམ་ལྤགས་པས་མུ་རན་བྱས། །དཀར་པོའི་ཕྱོགས་ལ་ཤིན་ཏུ་དགའ། །ཆོས་བྱེད་རྣམས་ལ་ཁ་འཛིན་བྱེད། །རང་འདྲའི་མི་གཞོན་མང་པོས་བསྐོར། །ཕྱུག་ཅིང་ལོངས་སྤྱོད་བསམ་མི་ཁྱབ། །ལྟས་ཆེན་ལྟས་ཆུང་འཁོར་དང་བཅས། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཨོ་ལ་ཀེ་རི་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་པུ་ཙ་ཁཱ་ཧི། ཧཱུྃ། རྒྱལ་བསྟན་སྤྱི་འབྱམས་རྫ་དམར་ནི། །སྐུ་མདོག་དམར་མོ་དགེ་བསྙེན་གཟུགས། །དབུ་ལ་སག་ཞུ་དམར་པོ་གསོལ། །དར་དམར་ངུར་སྨྲིག་ན་བཟའ་གསོལ། །བཙན་བྱ་དམར་པོ་ཀླད་ལ་ལྡིང་། །ཕྱག་གཡས་ཟངས་གྲི་དམར་པོ་འཛིན། །གཡོན་པས་མདུང་དར་དམར་པོ་སྦྱར། །ཆིབས་སུ་མཚལ་བུ་རྟིང་དཀར་ཆིབས། །སྤྲུལ་པ་སྟག་མོ་གྲུས་མ་འགྱེད། །དགེ་བསྙེན་སྤྱི་འབྱམས་རྫ་


CMR031_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཧེ་རྗེ་ཧུན་རྗེ་ཐོག་དང་དབྱེར་མེད་ལ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་པཱུ་ཙ་ཁཱ་ཧི། ཧཱུྃ། ཞི་བ་ལྷོ་ཡི་ལས་མཁན་ནི། །སེང་གེ་སྤུན་གསུམ་དཀར་སྔོ་དམར། །གསུམ་ཀ་དར་དཀར་ན་བཟའ་ཅན། །གཡས་གསུམ་རྡོ་རྗེ་རལ་གྲི་མདུང་། གཡོན་གསུམ་བུམ་ཞགས་མདའ་གཞུ་འཛིན། །ཀུན་གྱི་རྟ་དཀར་གཡུ་རྔོག་ཆིབས། །སེང་གེ་སྟག་དང་དྲེད་མོང་སྤྲུལ། །བེ་ཏི་གློ་གར་དབུ་སྐྲ་དཀར། །དུག་པོ་དཀར་པོའི་ན་བཟའ་ཅན། །ཇོ་འཁོར་དུང་གི་ཕྲེང་བ་འཛིན། །སྤྲུལ་པ་ལུག་དཀར་མང་པོ་འགྱེད། །སེང་གེ་སྤུན་གསུམ་སེ་ཏི་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཨོཾ་མི་བྷུ་པ་ཧེ་གནམ་ཀ་ལི་ནི་ཀེ་ཡེ་ས་རི་ནི་ཐི་ཧེ། ཨི་དཾ་བ་ལི་ཏ་པཱུ་ཙ་ཁཱ་ཧི། ཧཱུྃ། དྲག་པོ་བཙན་གྱི་ལས་མཁན་ནི། །མི་དམར་ཁ་ཤོ་འཇིགས་པ་ལ། །མིག་སྔོ་རྒྱ་བོ་ཨོག་ཚོམ་ཅན། །རྒྱུ་ཆོས་གསོལ་ལ་སྲམ་སྐོར་ཅན། །སྟག་རལ་གཟིག་ཤུབས་སྐྱེད་ལ་བསྐོར། །ཕྱག་གཡས་བཙན་གྲི་དམར་པོ་ཕྱར། །གཡོན་པས་བཙན་གྱི་ཤོ་


CMR031_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

རྡེལ་ཐོགས། །སྐེ་ལ་མེ་ལོང་ཟུར་གསུམ་བཏགས། །ཆིབས་སུ་བྲ་ནག་རྟིང་དཀར་ཆིབས། །རེས་འགའ་རི་ཝང་འཕུར་ཤེས་ཆིབས། །བཙན་རྒོད་དཀྱིལ་རི་ཆེ་ཆུང་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཧ་ངེ་ཧ་ངེང་སྐུ་དང་མ་ཧོ༔ ཧུ་ཡ་ཧུ་ཡ་ཧེ་ཛི་ཧེ་ཛི་ཧ་ཧ་ཐོག༔ ཨི་དཾ་བ་ལིཾ་ཏ་པཱུ་ཙ་ཁཱ་ཧི༔ ཧཱུྃ། གཞན་ཡང་གཏམ་རྒྱལ་མདོ་ཟོ་ཡི། །འཁོར་ལྔ་སྡེ་རིགས་གཏོགས་པ་ཡི། །དབའ་སྟོད་བཙན་དང་དབའ་སྨད་བདུད། །སྤོར་མོ་མདོ་སོགས་སྔོན་པོ་ཀླུ། །ལུང་ཕུ་བྲག་དམར་རྫོང་དམར་སོགས། །དམར་པོ་བཙན་གྱི་སྡེ་ཚོགས་དང་། །གཏམ་གྱི་སྐག་ནག་གོང་སྔོན་ལ། །ཁྲ་བོ་གཉན་གྱི་སྡེ་ཚོགས་དང་། །བོན་པོ་ཐོ་ཁོར་རྔ་ཁུར་སོགས། །ཕྱུ་དང་དམུ་ཡི་སྡེ་ཚོགས་དང་། །གཞན་ཡང་ངོམ་ཡུལ་སྟོད་ཕྱོགས་འདིར། །གཉུག་མར་གནས་པ་ཐམས་ཅད་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །སརྦ་བྷཱུ་མི་པ་ཏི་བ་ལི་ཏ་པཱ་ཙ་ཁཱ་ཧི། ཧཱུྃ། གཏམ་རྒྱལ་མདོ་ཟོ་ཡུལ་ལྷའི་ཚོགས། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །ཆར་ཆུ་དུས་སུ་འབེབས་པ་དང་། །ལོ་


CMR031_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་འབྲུ་རྣམས་འཕེལ་བ་དང་། །ཕྱི་ནང་འཁྲུག་རྩོད་མེད་པར་མཛོད། །དགྲ་རྐུན་གཅན་གཟན་འཚེ་བ་སྲུངས། །རྟ་ཕྱུགས་གོད་ཁ་མེད་པར་མཛོད། །བཙའ་སད་སེར་གསུམ་མ་བཏང་ཞིག །ཕ་རོལ་དགྲ་ཡི་གནོད་པ་ཟློག །རང་ཡུལ་དར་ཞིང་རྒྱས་པར་མཛོད། །ཕོག་ཐུགས་འགྲམ་འཁྲུག་གང་ཤོར་བཤགས། །གསེར་མཁར་རི་ལ་བརྟན་པར་བཞུགས། །རྟག་ཏུ་ཕ་ཁུ་སྤུན་ཟླ་ལྟར། །ཁ་འཛིན་སྡོང་གྲོགས་མ་གཡེལ་ཅིག །རྨ་གཡང་ཁུ་ཡེ་གཡང་དུ་ལེན། །ཕྱུ་ཧཱུྃ། གཡང་ཧཱུྃ། བདེ་ལེགས་སྐྱིད་པ་ཧཱུྃ། ཆར་འབོད་དུས་རཱ་ག་ཨ་སྱས་སྨྲས་པ་འདིར་ཉེ་གནས་ཀུན་དགས་ཡི་གེར་བཀོད་པ་ལ། ཉེས་འགལ་བཤགས་ཤིང་དགེ་བས་ཡུལ་ཕྱོགས་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ། བཀྲ་ཤིས།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྐྱེས་བུ་ཆེན་པོ་གཏམ་རྒྱལ་མདོ་ཟོ་འཁོར་དང་བཅས་པའི་གསོལ་མཆོད།next