Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

3 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རྟ་རྣའི་ཞིང་སྐྱོང་རྨེ་རྒྱལ་ལྷ་བཙན་རྒྱལ་པོའི་མཆོད་བསྟོད།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


3 occurrences of འཚེར་རྩུབ་
[Clear Hits]

 
previousརྟ་རྣའི་ཞིང་སྐྱོང་རྨེ་རྒྱལ་ལྷ་བཙན་རྒྱལ་པོའི་མཆོད་བསྟོད།next

རྟ་རྣའི་ཞིང་སྐྱོང་རྨེ་རྒྱལ་ལྷ་བཙན་རྒྱལ་པོའི་མཆོད་བསྟོད།


CMR031_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་རྣའི་ཞིང་སྐྱོང་རྨེ་རྒྱལ་ལྷ་བཙན་རྒྱལ་པོའི་མཆོད་བསྟོད་ཅེས་བྱ་བ་བཞུགས་སོ། །ན་མོ་པྲ་ཝ་ཀཱ་ར་ཡེ། རྨེ་རྒྱལ་རྟ་རྣ་མཆོད་པ་ནི། །དཀར་གཏོར་བཤམས་ལ་ཕུད་ཀྱིས་བྲན། །རང་ཉིད་ཡི་དམ་ཏིང་འཛིན་གྱིས། །གྱེར་སྒོམ་སྦྲགས་ལ་འདི་སྐད་དོ། །ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་དུ་སྤང་ལྗོངས་དང་། །ཤེལ་བྲག་རིན་ཆེན་གཞལ་ཡས་ཁང་གི་དབུས། །དགེ་བསྙེན་ལྷ་བཙན་རྒྱལ་པོ་ཆེན་པོ་ནི། །སྐུ་མདོག་དཀར་དམར་མདངས་ལྡན་འོད་ཟེར་འཕྲོ། །ཞལ་ནི་མཛེས་འཛུམ་ལྟ་བས་ཆོག་མི་ཤིས། །དབུ་ལ་ཤེལ་རྨོག་དར་གྱི་ལྡེམ་འཕྲུ་བཙུགས། །སྐུ་ལ་བེར་དཀར་གོང་གར་རྡོ་རྗེ་རིས། །ཐོང་ཀ་རྨ་བྱ་ཕྲག་པར་གཡུང་དྲུང་རིས། །ཆ་ག་གཡུང་དྲུང་མེ་ཏོག་ཆོ་ལོ་རིས། །དེ་རྒྱབ་གི་ཐུལ་པ་སྐུ་ལ་གསོལ། །ཕྲག་གོང་གསེར་དང་ཉི་མ་ཟླ་བས་བརྒྱན། །མགྲིན་པར་ནོར་བུ་འབར་བས་མགུལ་རྒྱན་འཕྱངས། །ཕྱག་གཡས་མདུང་དར་དཀར་པོ་དར་ཚོན་རྒྱན། །གཡོན་པས་འཆི་མེད་བདུད་རྩིའི་བུམ་པ་འཛིན། །སྟག་རལ་གཟིག་ཤུབས་དཔའ་བོའི་ཆས་དང་ལྡན། །ཆིབས་སུ་རྟ་དཀར་འཕུར་ཤེས་གཡུ་རྔོག་ཆིབས། །དར་སྟན་


CMR031_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་སྒ་གསེར་སྲབ་གཡུ་མཐུར་བརྒྱན། །ལྷ་དམག་འབུམ་གྱི་འཁོར་དང་བཅས་པ་གསལ། །གཙོ་བོའི་གནས་གསུམ་ཡིག་འབྲུ་གསུམ་པོ་དང་། །ཐུགས་དབུས་ཨཱཡིག་དཀར་དམར་མདངས་ལྡན་ལས། །འོད་འཕྲོས་འཁོར་བཅས་མདུན་དུ་སྤྱན་དྲངས་གྱུར། །ཞེས་རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ། །ཧཱུྃ། འཁོར་ལོ་སྡོམ་པའི་གསུང་གི་གནས་ཆེན་པོ་། །ས་སྤྱོད་ཀཉྩི་ཞེས་བྱའི་གནས་ལག་སྟེ། །རྨེ་རྒྱལ་རྟ་རྣ་ཞེས་བྱའི་ཤེལ་བྲག་ན། །གཉུག་མར་གནས་པའི་ལྷ་བཙན་རྒྱལ་པོ་ནི། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཡིད་སྤྲུལ་གཙོ་འཁོར་འཚམས་པའི་གདན་ལ་བཞུགས། །སྔོན་ཚེ་ཧེ་རུ་ཀ་དང་པདྨ་འབྱུང་། །ཡེ་ཤེས་བརྩེགས་སོགས་བཀའ་བརྒྱུད་བླ་མ་ཡི། །སྤྱན་སྔར་ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བསྟན་པའི་གཙུག་ལག་ཆོས་འཁོར་སྐྱོང་བ་དང་། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོ་དེ་ཝ་ཤུ་ལ་རཱ་ཙ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ས་མ་ཡ་སྟེ། ས་མ་ཡ་ཧོ༔ བྷཾ་ལས་རིན་ཆེན་སྣོད་མཆོག་རྒྱ་ཆེ་བ། །ཕྱི་ནང་གསང་བའི་མཆོད་སྤྲིན་དཔག་མེད་པ། །


CMR031_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་པ་ཡིས། །འོ་ཞོའི་མཆོད་ཡོན་སྤོས་བཟང་སྦྱར་བའི་ཆུ། །རྣམ་བཀྲའི་མེ་ཏོག་བཟང་ཤིང་སྣ་ཚོགས་སྤོས། །རིན་ཆེན་འོད་འབར་རྒྱ་ཇའི་དྲི་ཆབ་དང་། །དཀར་གསུམ་མངར་གསུམ་ཟས་ཕུད་སྣ་ཚོགས་བཤོས། །སྙན་པའི་བསྟོད་དབྱངས་དྲིལ་བུ་ཏིང་ཏིང་ཤག །གཡག་ལུག་ར་དང་རི་དྭགས་གཟུགས་རྒྱུའགྲོས་དང་། །དར་ཟབ་སྨན་སྣ་འབྲུ་སྣ་རིན་པོ་ཆེ། །དར་མདུང་དཀར་པོ་མདའ་དར་བེར་ཆེན་དཀར། །གྲོ་སྐྱ་གཡུ་རྔོག་ལ་སོགས་མཐུན་པའི་རྫས། །གཏོར་མ་ཁ་དོག་དྲི་རོ་ཕུན་སུམ་ཚོགས། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །རྟ་རྣའི་གནས་བདག་ལྷ་བཙན་འཁོར་བཅས་ལ། །འབུལ་ལོ་དགྱེས་པ་ཆེན་པོར་བཞེས་ནས་ཀྱང་། །འཁོར་དང་བཅས་པ་མཉེས་ཤིང་ཚིམ་གྱུར་ཅིག །ཨོཾ་ཨ་ཀཱ་རོ༴ ཨོཾ་དེ་ཝ་ཤུ་ལ་ར་ཙ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨབྷཾ་སོགས། དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ། ས་སྤྱོད་གསུང་གི་འཁོར་ལོའི་གནས། །ཀིཉྩ་ཞེས་བྱའི་གནས་ལག་སྟེ། །རྟ་རྣ་བདེ་མཆོག་ཕོ་བྲང་གི །སྐྱོང་བྱེད་ཞིང་སྐྱོང་ཁྱོད་ལ་བསྟོད། །ས་འཛིན་ཅང་ཤེས་དབྱིབས་འཆང་


CMR031_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །སྒྲ་འཛིན་ལ་ནི་གནས་བཅས་ཤིང་། །ལེགས་ཉེས་ཀུན་གྱིས་སྟངས་འཛིན་པའི། །ལྷ་བཙན་རྒྱལ་པོ་ཁྱོད་ལ་བསྟོད། །རིག་འཛིན་གོང་མ་ཐམས་ཅད་ཀྱིས། །དམ་ལ་བཏགས་ཤིང་བཀའ་ལ་གནས། །གཙུག་ལག་དགེ་འདུན་སྲུང་མ་མཛད། །བསྟན་སྲུང་ཆེན་པོ་ཁྱོད་ལ་བསྟོད། །འཁོར་ནི་ལྷ་སྲིན་སྡེ་བརྒྱད་ཚོགས། །ལྷ་དམག་འབུམ་གྱི་འཁོར་དང་བཅས། །ཀུན་ཀྱང་རྫུ་འཕྲུལ་བསམ་མི་ཁྱབ། །འཁོར་དང་ཡང་འཁོར་བཅས་ལ་བསྟོད། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བསྟན་དང་བསྟན་འཛིན་དགེ་འདུན་སྡེ། །གཙུག་ལག་ཆོས་འཁོར་བཅས་པ་འདི། །དར་ཞིང་རྒྱས་པའི་ཕྲིན་ལས་མཛོད། །ཁྱད་པར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །སྣང་སྲིད་དབང་དུ་འདུ་བ་དང་། །གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས། །དུས་མི་འཆི་བའི་རྐྱེན་ངན་དང་། །མི་ནད་ཕྱུགས་ནད་ཐམས་ཅད་ཟློག །འཁོར་སྲུང་རྐྱེན་ཟློག་བར་ཆད་སོལ། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །མཐུ་རྩལ་ཅི་འདུག་ད་ལྟའོ། །བཅོལ་བའི་ཕྲིན་ལས་འགྲུབ་པར་


CMR031_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །ཅེས་བརྗོད་གཏོར་མ་འབུལ་བ་ནི། །རྒྱུན་དུ་དཀར་གཏོར་གསོས་ནས་འདོན། །བསང་དང་སྦྲེལ་ན་བསང་ནང་འབུལ། །མཆོད་པ་བྱས་ནས་འདི་སྐད་དོ།། ཧཱུྃ། བསྟན་པ་གསལ་བར་བྱེད་པའི་ཡུལ། །ཀི་གནས་ལག་རྟ་རྣ་ཡི། །ཞིང་སྐྱོང་རྨེ་རྒྱལ་ལྷ་བཙན་རྗེ། །བེར་དཀར་དུང་ཐུལ་ཤེལ་རྨོག་གསོལ། །དར་མདུང་ཕྱར་ཞིང་འཁོར་གསུམ་བསྐོར། །རྟ་དཀར་འཕུར་ཤེས་གཡུ་རྔོག་ཆིབས། །ལྷ་དམག་འབུམ་གྱི་འཁོར་གྱིས་བསྐོར། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས། །ཚེ་སྲིངས་དཔལ་སྐྱེད་བསམ་པ་སྒྲུབས། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཐམས་ཅད་ཐལ་བ་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་རྣལ་འབྱོར་པ་རཱ་ག་ཨ་སྱས་དགོན་དམར་དགེ་བཤེས་དང་། དགེ་འདུན་སྤྱི་ལ་ཕན་ཕྱིར་ཞུན་མར་ངོགས་སུ་བྲིས་པ་སརྦ་མངྒ་ལཾ། ། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྟ་རྣའི་ཞིང་སྐྱོང་རྨེ་རྒྱལ་ལྷ་བཙན་རྒྱལ་པོའི་མཆོད་བསྟོད།next