Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

3 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྨོན་སྐྱེས་མཆེད་གསུམ་བསྐང་གསོལ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


3 occurrences of འཚེར་རྩུབ་
[Clear Hits]

 
previousསྨོན་སྐྱེས་མཆེད་གསུམ་བསྐང་གསོལ།next

སྨོན་སྐྱེས་མཆེད་གསུམ་བསྐང་གསོལ།


CMR031_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲ་ཝ་ཀཱ་ར་ཡེ། ཨོ་རྒྱན་རྗེ་ལ་ཕྱག་འཚལ་ནས། །སྨོན་སྐྱེས་མཆེད་གསུམ་བསྐང་གསོལ་བྲི། །བཀའ་གསང་སྩོལ་ལ་བར་ཆད་སོལ། །གཞུང་ལྟར་མཆོད་གཏོར་བཤམས་བྱས་ལ། །ལས་གཞུང་མཚམས་སུ་འདི་སྐད་དོ། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷ༴ སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ། ཨོཾ་ལས་བྱུང་བའི་གཏོར་མ་དཀར་གསུམ་མངར་གསུམ་ཤ་སྣ་སྨན་སྣ་ཕྱེ་མར་དྲི་བཟང་གཡག་ལུག་ར་གསུམ་ལ་སོགས་མཆོད་རྫས་བསྐང་རྫས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ ཨོཾ་ཨ་ཀཱ་རོ་མུ་ཨོ་ཐོག་གཉན་ཐོག་ཧེ་ཐོག་ལུ་ཐོག་རྗེ་ཐོག་བཙན་ཐོག་དཀར་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་གྷི་སྙན་ས་མ་ཡ་རཀྵནྟ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཉྩ་སརྦ་ཀརྨ་ཨ་མོ་ག་སྭཱ་ཧཱ། ལན་གསུམ། ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱི། །བཀའ་ཉན་བསྟན་སྲུང་མཐུ་བོ་ཆེ། །སྨོན་སྐྱེས་རྡོ་རྗེ་དབང་གྲགས་ནི། །སྐུ་མདོག་གངས་ལ་ཉི་ཤར་འདྲ། །ལི་ཕྲན་སྨུག་པོའི་ལ་ཐོད་བཅིངས། །ཤེལ་དཀར་མེ་ཏོག་ཚོམ་བུས་བརྒྱན། །དར་དཀར་བེར་ཆེན་སྐུ་ལ་གསོལ། །ཕྱག་གཡས་ཉི་ཟླའི་


CMR031_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་མེ་ཐོགས། །གཡོན་པས་དངུལ་མདུང་དར་དཀར་གསོལ། །རིག་དཀར་གཡུ་རྔོག་ཆིབས་སུ་བཅིབས། །ཀླད་ན་དུང་གི་བྱ་རྒོད་ལྡིང་། །དུང་སེང་དཀར་པོ་གཡས་ན་འགྱིངས་། །གཡོན་ན་དུང་གི་བྱ་ཁྲ་འཇུམས། །ལྷ་དམག་འབུམ་གྱི་འཁོར་དང་བཅས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །སྨོན་སྐྱེས་རྡོ་རྗེ་དབང་ཕྱུག་ནི། །སྐུ་མདོག་དཀར་གསལ་མཛེས་པ་ལ། །དར་དཀར་ལ་ཐོད་དབུ་ལ་བཅིངས། །རིན་ཆེན་མུ་མེན་ཚོམ་བུས་བརྒྱན། །སྐུ་ལ་དུང་བེར་དཀར་པོ་གསོལ། །ཕྱག་གཡས་སྦ་ལྕག་དཀར་པོ་དང་། །གཡོན་པས་དངུལ་མདུང་དར་དཀར་ཕྱིར། །རྫུ་འཕྲུལ་གྲོ་སྨུག་གདོང་སེ་ཆིབས། །ཀླད་ན་དུང་གི་ཐང་དཀར་ལྡིང་། །གཡས་ན་གཡུ་འབྲུག་སྔོན་མོ་འགྱིངས་། །གཡོན་ན་དུང་ཁྲ་དཀར་པོ་འཇུམས། །གཉན་དམག་འབུམ་གྱི་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །སྨོན་སྐྱེས་རྡོ་རྗེ་དཔལ་འབར་ནི། སྐུ་མདོག་དཀར་སེར་འོད་ཟེར་འབར། །དར་དམར་ལ་ཐོད་དབུ་ལ་བཅིངས། །མཛེས་པ་གཡུ་ཡི་ཚོམ་བུས་བརྒྱན། །སྐུ་ལ་གསེར་ཁྲབ་སེར་པོ་གསོལ། །ཕྱག་གཡས་ཡ་ཚ་སྐར་


CMR031_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་དང་། །གཡོན་པས་དངུལ་མདུང་རུ་མཚོན་ཕྱིར། །རྐྱང་བུ་ཁ་དཀར་ཆིབས་སུ་བཅིབ། །ཀླད་ན་དུང་གི་ཁྲུང་ཁྲུང་ལྡིང་། །གཡས་ན་དུང་གི་སྟག་མོ་འགྱིངས། །གཡོན་ན་གཡུ་ཁྲ་སྔོན་མོ་འཛུམས། །ཀླུ་དམག་འབུམ་གྱི་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །སྲིང་གཅིག་ལྷ་ལྕམ་གློག་མ་འཕུལ། །སྐུ་མདོག་དཀར་གསལ་གློག་འོད་འཁྱུག །དབུ་ལ་ཤེལ་གཡུ་བྱི་རུས་བརྒྱན། །རིན་ཆེན་མུ་མེན་ཕྲེང་བ་འཕྱང་། །དར་ཚོན་སྣ་ལྔའི་ན་བཟའ་ལ། །རིན་ཆེན་སྣ་ལྔའི་ཚོམ་བུས་སྤྲས། །འཇའ་ཚོན་རི་མོ་ཁྱུགས་སེ་ཁྱུག །གསེར་དངུལ་ཕྱག་གདུབ་སྒ་ར་ར། །དུང་གླིང་དཀར་པོ་སྐྱུ་རུ་རུ། །ཕྱག་གཡས་མདའ་དར་དཀར་པོ་དང་། །གཡོན་ན་ཚེ་ཡི་ལ་བུམ་པ་བསྣམས། །གནམ་རྟ་གྱི་ལིང་ཆིབས་སུ་ཆིབས། །ཀླད་ན་བྱ་རྒྱལ་ཁུ་བྱུག་གྲགས། །དུང་གི་ཅོ་ག་གཡས་ན་འགྱུར། །གཡུ་ཡི་ནེ་ཚོ་གཡོན་ན་གྲགས། །ལྷ་སྨན་འབུམ་གྱིས་བསྐོར་བ་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །བཙུན་མོ་གཡུ་མཚོ་ཆེ་ཆུང་ནི། །སྐུ་མདོག་དཀར་མོ་འཛུམ་མདངས་ཅན། །དབུ་ལ་གསེར་གཡུ་ཤེལ་


CMR031_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརྒྱན། །སྐུ་ལ་དར་དཀར་ན་བཟའ་ལ། །འཇའ་ཚོན་སྣ་ལྔའི་རི་མོ་འཁྱུག །དངུལ་དཀར་མེ་ལོང་མཛེས་པས་བརྒྱན། །གསེར་དངུལ་ཕྱག་གདུབ་སྒ་ར་ར། །སྙན་པའི་ཀླུ་ལེན་ཀྱུ་རུ་རུ། །ཕྱག་གཡས་མདའ་དར་མེ་ལོང་དང་། །གཡོན་གྱི་ཕྱག་ན་བུམ་པ་བསྣམས། །ངང་པ་ངུར་པས་སྐད་སྙན་སྒྲོག །ཆུ་རྟ་སྔོན་པོ་ཆིབས་སུ་ཆིབས། །མཚོ་སྨན་འབུམ་གྱིས་བསྐོར་བ་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །གཡས་ཀྱི་བཀའ་ཉན་མདའ་ར་བ། །ཀླུ་རྒྱལ་དྲག་པོ་བདུད་འདུལ་ནི། །སྐུ་མདོག་ནག་པོ་འཇིགས་པའི་གཟུགས། །ཁྲོ་གཏུམ་རྔམས་བརྗིད་སྟོབས་དང་ལྡན། །དབུ་ལ་སྟག་ཐོད་ཁྲ་བོ་བཅིངས། །གནམ་ལྕགས་གོ་ཁྲབ་སྐུ་ལ་གསོལ། །སྟག་རལ་གཟིག་ཤུབས་སྐྱེད་ལ་བསྐོར། །ཕྱག་གཡས་རལ་གྲི་གློག་འོད་འཁྱུགས། །གཡོན་པས་ཐོག་མདའ་དམར་པོ་བསྣམས། །བ་དན་ལྕེ་བརྒྱད་མཆན་དུ་བསྒྲེངས། །ཁྲ་བོ་སྟག་ཆས་ཆིབས་སུ་ཆིབས། །ཁྲོ་གཏུམ་དྲག་པོའི་དམག་གིས་བསྐོར། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །གཡོན་གྱི་བཀའ་ཉན་མདུང་ར་བ། །སྐྱེན་གྱི་བཙན་རྒོད་དམར་པོ་ནི། །སྐུ་


CMR031_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དམར་པོ་ཁྲོས་པའི་གཟུགས། །དབུ་ལ་མཚལ་ཐོད་དམར་པོ་བཅིངས། །བསེ་ཁྲབ་སྨུག་པོ་སྐུ་ལ་གསོལ། །སྟག་རལ་གཟིག་ཤུབས་སྐྱེད་ལ་བསྐོར། །གཡས་པས་གནམ་ལྕགས་རལ་གྲི་དང་། །གཡོན་པས་ཤེལ་མདུང་ལྕེ་བརྒྱད་བསྣམས། །རག་པ་སྟག་ལ་ཆིབས་སུ་ཆིབས། །སྤྲུལ་པ་ལྕགས་ཀྱི་མཆིལ་པ་ལ། །ལྕགས་ཀྱི་མི་རྟ་དམག་གིས་བསྐོར། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ཕྱོགས་བཞིའི་བཀའ་བློན་བཞི་པོ་ནི། །ཤར་གྱི་དབྱི་རྒྱལ་རིན་ཆེན་དང་། །ལྷོ་ཡི་སྤེ་ནེ་རི་བཀྲ་དང་། །ནུབ་ཀྱི་སྐ་རྒྱལ་མོ་ནོམ་དང་། །བྱང་གི་ཇོ་བོ་སྐེད་རྒྱལ་བཞི། །བཙུན་མོ་སྲས་དང་བློན་པོ་འབངས། །གོ་ཁྲབ་བཙན་ཞིང་ན་བཟའ་མཛེས། །མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས་། །བ་དན་རུ་མཚོན་ལྷབས་སེ་ལྷབ། །ཆིབས་སུ་རྒྱན་ལྡན་སྣ་ཚོགས་ཆིབས། །སྟག་གཟིག་དོམ་དྲེད་ཕྱི་ནས་འགྲོ། །རྒོད་གླག་བྱ་ཁྲ་ཀླད་ན་འཇུམས། །རང་རང་དམག་ཚོགས་འབུམ་གྱིས་བསྐོར། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །གཞན་ཡང་བཀའ་ཉན་ཕོ་ཉའི་ཚོགས། །བཙན་རྒོད་ཧར་པོ་སྟག་མགོ་དང་། །སྣ་ཁྲིད་མཆིལ་


CMR031_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤུན་བདུན་དང་། །ཕོ་ཉ་དགུ་ཁྲི་ཕག་སྟག་དང་། །རི་རྒོད་བྲག་ནག་སོ་ཕྱར་དང་། །ཇོ་བོ་དང་འཛངས་མཚོ་མགོ་དང་། །ཕྱག་ཚང་མུན་པ་ནག་པོ་དང་། །ལས་མཁན་གཤིན་རྗེ་དམར་ཟེ་སོགས། །སྒོ་སྲུང་ཕོ་ཉ་བྲན་གཡོག་བཅས། །ལུས་ཀྱིས་སྤྲུལ་བསྒྱུར་བསམ་མི་ཁྱབ། །ཡང་སྤྲུལ་ཕོ་ཉ་བྱེ་བ་འབུམ། །རྫུ་འཕྲུལ་དཔའ་རྩལ་སྟོབས་དང་ལྡན། །ཀུ་བསྭོ་ཆ་སྒྲ་དི་རི་རི། །གོ་ཆ་སྲ་ལ་མཚོན་ཆ་རྣོ། །བ་དན་རུ་མཚོན་ལྷབས་སེ་ལྷབ། །དཀར་དམར་དར་དཔྱངས་པུ་རུ་རུ། །བཞོན་པ་སྣ་ཚོགས་ཆིབས་སུ་ཆིབས། །དཀར་ཕྱོགས་ལྷ་འདྲེ་འབུམ་གྱིས་བསྐོར། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་དམ་རྫས་ནི། །འབྲས་བཤོས་རྩེ་གསུམ་ཤ་མར་བརྒྱན། །དཀར་གསུམ་མངར་གསུམ་ཕྱེ་མར་དང་། །འབྲུ་སྨན་དྲི་བཟང་དུད་པ་དང་། །གཡག་ལུག་ར་གསུམ་གཟུགས་འགྲོས་དང་། །ལྷ་མདའ་ལེབ་མ་ཚིགས་བདུན་ལ། །རྒོད་སྒྲོ་སྲོག་སྔགས་མཐུན་རྫས་དང་། །རིན་ཆེན་དར་ཚོན་སྟག་གཟིག་རས། །བཀྲ་ཤིས་འགྲུབ་པའི་རྫས་རྟགས་བརྒྱད། །རྒྱལ་སྲིད་རིན་ཆེན་སྣ་བདུན་སོགས། །མཐུན་རྫས་མ་


CMR031_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་མེད་པ་དང་། །རང་རང་མཐུན་པའི་དམ་རྫས་རྣམས། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ས་དང་བར་སྣང་ཁྱོན་བཀང་བ། །སྨོན་སྐྱེས་གང་ཞུར་མཆེད་དང་ལྕམ། །ཡུམ་དང་བློན་པོ་འཁོར་དང་བཅས། །ཀུན་གྱི་ཐུགས་དམ་བསྐང་གྱུར་ཅིག །སེང་གེ་བྲག་གི་སྒྲུབ་གནས་སུ། །དྲག་པོ་པདྨའི་སྤྱན་སྔ་རུ། །རང་རྟག་སྲོག་སྙིང་ཕུལ་ནས་ནི། །ཇི་ལྟར་ཁས་བླངས་དམ་བཅས་པའི། །དམ་ཚིག་གཉན་ལ་མ་འདའ་བར། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། །སྐྱེ་འགྲོ་དབང་དུ་འདུ་བ་དང་། །དགྲ་བགེགས་གཞོམ་པའི་ཕྲིན་ལས་མཛོད། །རྨ་གཡང་ནོར་གྱི་དངོས་གྲུབ་སྩོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ། །མི་འཕེན་རྟ་ཧྲག་དངོས་གྲུབ་སྩོལ། །དགྲ་སྣ་ཇོག་སྣ་རྐུན་སྣ་ཟློག །བཙན་སྣ་གོད་སྣ་སྙིང་སྟོང་ཟློག །མི་ཁ་གླེང་བཞི་ངན་པ་ཟློག །ཆག་ཆེན་ཉམ་ང་ཐམས་ཅད་ཟློག །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་སོགས། །ཡིད་ལ་རེ་བའི་འབྲས་བུ་དེ། །ད་ལྟ་ཉིད་དུ་འགྲུབ་


CMR031_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །མཐུ་དང་ནུས་པ་ཅི་འདུག་ལྟ། །རྟགས་དང་མཚན་མ་དངོས་སུ་སྟོན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་བཀའ་སྲུང་བསྐང་གསོལ་འདི། །སློབ་བུ་པདྨ་མཐར་ཕྱིན་གྱིས། །ཡང་ཡང་ནན་གྱིས་བསྐུལ་བའི་ཕྱིར། །འགྲུབ་སྦྱོར་ལྡན་པའི་སྔ་དྲོ་ལ། །སྔགས་འཆང་རཱ་ག་ཨ་སྱ་ཡིས། །བྲིས་ལ་འགལ་འཁྲུལ་མཆིས་པ་ན། །སྲུང་མ་ཉིད་ལ་མཐོལ་བཤགས་ཤིང་། །དགེ་ལེགས་བྱང་ཆུབ་སྒྲུབ་པ་ཡི། །ས་ལམ་བར་ཆད་མེད་པ་དང་། །ཕྱི་རབས་རྗེས་འཇུག་བུ་སློབ་ལ། །ཕན་ཞིང་བཀྲ་ཤིས་དགེ་ལེགས་ཤོག །སརྦ་མངྒ་ལཾ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྨོན་སྐྱེས་མཆེད་གསུམ་བསྐང་གསོལ།next