Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

8 occurrences of འ་འུར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
 
 
 
 
  
  
 
  
  
  
  
  
  
ཡུལ་ལྷ་མཆོད་པའི་ཆོ་ག
  
  
  
  
  
  
  
  
  
  
  


8 occurrences of འ་འུར་
[Clear Hits]

 
previousཡུལ་ལྷ་མཆོད་པའི་ཆོ་གnext

ཡུལ་ལྷ་མཆོད་པའི་ཆོ་ག


CMR031_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྷ་མཆོད་པའི་ཆོ་ག་བཞུགས་པའི་དབུ་ཕྱོགས་ལགས་སོ། །ན་མོ་པདྨ་ཀ་ར་ཡེ། རྡོ་རྗེ་དྲག་པོ་རྩལ་ལ་གུས་བཏུད་ནས། །ཡུལ་ལྷ་མཆོད་པའི་ཆོ་ག་བྲི་བར་བྱ། །དེ་ཡང་གུ་རུ་དྲག་པོའི་དྲེགས་པའི་སྲོག་དབང་ལས། ཆོས་སྤྱོད་ཆོས་སྒོར་ཞུགས་ནས་ཀྱང་། །ཡུལ་འདིར་གནས་པའི་གཞི་བདག་དང་། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །གསོལ་ཀ་མཆོད་པ་བྱས་ན་ཤིས། །ཞེས་གསུངས་པ་དང་། དཀྱིལ་འཁོར་ལས་རིམ་ཐམས་ཅད་ཀྱི་ཐོག་མར་གནས་བདག་ལ་གཏོར་མ་འབུལ་གསུངས་པས། རྒྱུད་བརྟག་གཉིས་ལས། འབྱུང་པོ་ཐམས་ཅད་ལ་གཏོར་མ་འབུལ་ཚུལ་སྔགས་ཕན་ཡོན་དང་བཅས་པ་རྒྱས་པར་གསུངས་པ་དང་། དཔལ་གསང་བ་འདུས་པའི་རྒྱུད་རྩ་འགྲེལ་རྣམས་ལས། འཇིག་རྟེན་པའི་ལྷ་བྲན་མཐའ་དག་སྒྲུབ་པའི་སྔགས་ལ་མན་ངག་བཤད་པ་དང་། ཁྲོས་མ་ནག་མོ་ལྷ་ལྔའི་ལས་ཚོགས་ལས། འཇིག་རྟེན་པའི་ལྷ་རྒོད་བརྟེན་ཅིང་སྒྲུབ་པའི་ཐབས་གསུངས་པ་དང་། མ་གཅིག་གིས་གཅོད་སྒོ་འབྱེད་བདུན་མར་འཇིག་རྟེན་པའི་གཞི་བདག་གི་དངོས་གྲུབ་སྒྲུབ་པའི་ཐབས་གསུངས་པ་རྣམས་ཀྱི་རྗེས་སུ་འབྲངས་ནས། གཞི་དཀར་པོ་ལ་ནས་ཀྱིས་པདྨ་འདབ་བརྒྱད་བྱ། དེའི་སྟེང་ན་སྣོད་གཙང་མར་དཀར་གཏོར་རྩེ་བརྒྱད་མཐེབ་སྐྱུས་བསྐོར་བ། གཡག་ལུག་ར་བཅས་ཕྱེ་མར་ཕུད་རྒོད། མདའ་རྒོད་སྒྲོ་མ་གཅིག་ལ་དར་དཀར་པོ་བཏགས་པ་རྣམས་བཤམས། བསྡུ་ན་དཀར་གཏོར་གཅིག་ལ་བརྟེན་ནོ། །རང་ཡི་དམ་གང་རུང་ངམ།


CMR031_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གུ་རུ་ཞི་དྲག་མཆོག་ཏུ་ཤིས་པས། དེའི་ཏིང་འཛིན་ལྡན་པས། ཨོཾ་སྭ་བྷ་ཝས་སྦྱངས། མདུན་དུ་ཤེལ་བྲག་རིན་ཆེན་ཁང་བཟང་དབུས། །ལྷ་ཡི་དགེ་བསྙེན་ནོར་གྱི་བདག་པོ་ནི། །ཀུནྡའི་མདོག་ཅན་ཅང་ཤེས་དཀར་པོ་ཆིབས། །ཞལ་ནི་བརྗིད་མཛེས་དབུ་ལ་དུང་རྨོག་གསོལ། །ལྷ་ཡི་ན་བཟའ་སྟག་རལ་གཟིག་ཤུབས་བཀྲ། །གཡས་པས་བ་དན་གཡོན་པས་སྲབ་སྐྱོགས་བསྒྱུར། །སྨན་དང་བཙན་བདུད་ཡུལ་ལྷ་དུ་མས་བསྐོར། །ཐུགས་ཀའི་འོད་ཀྱིས་འཁོར་བཅས་སྤྱན་དྲངས་གྱུར། །ཧཱུྃ། རྒྱལ་བས་ལུང་བསྟན་གདོང་དམར་བོད་ཀྱི་ཡུལ་།ཐུགས་རྗེ་ཆེན་པོས་བྱིན་རླབས་གངས་ཅན་ལྗོངས། །གྲུབ་ཐོབ་ཀཱིརྟི་ཤྲཱིའི་གདན་གྱི་དྲུང་། །ཤེལ་གྱི་ལྷུན་པོ་དགུང་དུ་རྩེ་མཐོ་བ། །ཆུ་འཛིན་སྔོན་པོའི་བླ་བྲེ་སྟེང་དུ་འཁྲིགས། །དབྱར་སྐྱེས་མགྲིན་རྔ་སྒྲོག་ཅིང་གློག་འོད་འཁྱུགས། །དུས་མིན་གནམ་ལྕགས་ཀིང་ཀང་དྲག་པོ་འབེབས། །སྐད་སྙན་འདབ་ཆགས་སྣ་ཚོགས་ལྡིང་ཞིང་འཇུམ། །དཔལ་བརྗིད་གཅན་གཟན་སྣ་ཚོགས་འགྱིང་ཞིང་རྔམས། །མཛེས་སྡུག་རི་དྭགས་སྣ་ཚོགས་རྩེ་ཞིང་རྒྱུགས། །བླ་མཚོ་རྔམས་བརྗིད་གཡུ་ཡི་ན་བུན་འཐུལ། །དེ་ལྟར་ཡིད་འོང་


CMR031_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པའི་གནས་མཆོག་དབུས། །བཀོད་ལེགས་ཡིད་ལས་གྲུབ་པའི་ཕོ་བྲང་ནས། །གཉན་པོ་ནོར་གྱི་བདག་པོ་ཞེས་གྲགས་པའི། །ཡུལ་ལྷ་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །ཁྱོད་ཀྱི་བཀའ་ཉན་བཙན་བདུད་སྨན་གྱི་ཚོགས། །ཡིད་ཀྱི་གཟུགས་འཆང་མ་ལུས་ཐམས་ཅད་ཀྱང་། །བདག་གིས་མཆོད་པ་འབུལ་ཞིང་བཞེས་སུ་གསོལ། །བྱམས་པའི་སེམས་ཀྱིས་མ་ཐོགས་མྱུར་དུ་བྱོན། །ཨོ་བཱ་སུ་པཱ་ཏི་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ། ཏིང་འཛིན་དང་ལྡན་ཡིད་ལས་སྤྲུལ་པ་ཡི། །རིན་ཆེན་སྣ་ལྔ་ལས་གྲུབ་མུ་མེན་ཁྲི། །དབང་པོའི་གཞུ་ལྟར་རབ་བཀྲ་དར་ཟབ་གདན། །གཉན་པོ་ནོར་བདག་འཁོར་དང་བཅས་པ་རྣམས། །གཙོ་དང་འཁོར་དུ་འཚམས་པའི་གདན་ཁྲི་ལ། །ཇི་སྲིད་བདག་གིས་མཆོད་པ་བགྱིས་ཀྱི་བར། །དེ་སྲིད་དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །བདག་གིས་བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཨོཾ་བཱ་སུ་པཱ་ཏི་ས་པཱ་རི་ཝཱ་ར་ཏིཥྛ་ལྷན། ཧཱུྃ། སྔོན་ཚེ་འདས་དུས་བསྟན་པའི་ཐོག་མ་ལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །བོད་ཁམས་ས་གཞི་བྱིན་གྱིས་བརླབས་


CMR031_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། །སྐུ་ཡི་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །བོད་ཁམས་ས་གཞི་ཏིལ་ཙམ་མ་ལུས་པ། །ཞབས་ཀྱིས་བཅགས་ཤིང་ལྷ་སྲིན་དམ་ལ་བཏགས། །འབྱུང་པོ་རྣམས་ལ་དམ་ཆོས་འཁོར་ལོ་བསྐོར། །དེ་ཚེ་གཉན་པོ་ནོར་བདག་ཁྱེད་ཉིད་ཀྱིས། །ཇི་ལྟར་ཁས་བླངས་དམ་ལས་མ་འདའ་བར། །རྣལ་འབྱོར་བདག་གི་ཕྲིན་ལས་མྱུར་དུ་སྒྲུབས། །ཨོཾ་བཱ་སུ་པཱ་ཏི་ས་པཱ་རི་ཝཱ་ར་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། །སློབ་དཔོན་པདྨའི་བཀའ་ཉན་དྲག་ཤུལ་ཅན། །མཐུ་སྟོབས་རྫུ་འཕྲུལ་སྣ་ཚོགས་ཐོགས་པ་མེད། །འདོད་རྒུར་སྒྱུར་བས་ལུས་ཅན་ཅིར་ཡང་སྟོན། །ལྷ་ཡི་དགེ་བསྙེན་ཁྱོད་ལ་ཕྱག་འཚལ་བསྟོད། །མཆོད་ན་མགོན་བྱེད་རྦད་ན་དགྲ་བགེགས་སྒྲོལ། །སྣ་ཚོགས་ཡིད་ཀྱི་ལུས་ཅན་རྫུ་འཕྲུལ་ཅན། །ལྷ་ཀླུ་བདུད་རྩི་སྨན་སོགས་འཁོར་གྱི་ཚོགས། །ཡུལ་ལྷ་མགོན་བྱེད་རྣམས་ལ་ཕྱག་འཚལ་བསྟོད། །ཧཱུྃ་ལས་རིན་ཆེན་ལས་གྲུབ་སྣོད་མཆོག་ཏུ། །ཨོ་ཡིག་ལས་བྱུང་མཆོད་རྫ་ས་སྣ་ཚོགས་པ། །སྐྱ་མ་མཁན་གྱིས་སྒྱུ་མའི་ཆོ་འཕྲུལ་བཞིན། །དངོས་པོ་དམན་ཡང་ཡིད་ཀྱིས་དཔག་མེད་སྤྲུལ། །དྭངས་ཤིང་ཐོགས་མེད་ནམ་མཁའི་མཐའ་ཁྱབ་པ། །རྒྱུན་མི་


CMR031_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པ་འཛད་མེད་ནམ་མཁའི་མཛོད། །ཅི་འདོད་འབྱུང་བ་ཡིད་བཞིན་རིན་ཆེན་གཏེར། །དགེ་བསྙེན་འཁོར་བཅས་མཁོ་དགུའི་དཔལ་དུ་གྱུར། །ཨོཾ་བཛྲ་སྤུ་ར་ཎ་ཁཾ། ཧཱུྃ། སྲུང་མ་དགེ་བསྙེན་ནོར་བདག་འཁོར་བཅས་ལ། །ཉེར་སྤྱོད་ལྔ་དང་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫ་ས་རྟགས་བརྒྱད་དང་རིན་ཆེན་བདུན། །དར་ཟབ་འབྲུ་སྨན་རིན་ཆེན་སྣ་ཚོགས་དང་། །སྟག་རས་གཟིག་རས་གོ་མཚོན་དར་མདུང་འཕེན། །དཀར་གསུམ་མངར་གསུམ་ཀླུ་སྨན་ཇ་ཆང་ཕུད། །ཞིབ་མར་ཤ་ཐུད་ཁུ་བ་སྤྱོད་ཀྱི་ཚོགས་། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོ་འབུལ། །འཁོར་དང་བཅས་པ་མཉེས་ཤིང་ཚིམས་གྱུར་ནས། །བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་གྱུར་ཅིག ། ཨོཾ་བཱ་སུ་པཱ་ཏི་ས་པཱ་རི་ཝཱ་ར་ཨརྒྷཾ་པཱདྷཾ་སོགས། ཨོཾ་སྭ་བྷ་ཝས་སྦྱངས། ཧཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཡིག་ལས་བྱུང་བའི་གཏོར་མ་དཀར་གསུམ་མངར་གསུམ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨ་ཀཱ་རོ་སོགས། ཨོཾ་བཱ་སུ་པཱ་ཏི་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་གཉན་པོ་ནོར་བདག་འཁོར་


CMR031_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་རྣམས་ལ་འབུལ་ལོ། །ཡོངས་སུ་བཞེས་ལ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་བ་དང་། ཚེ་དང་བསོད་ནམས་དཔའ་འབྱོར་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་རྒྱས་པའི་ཕྲིན་ལས་མཛོད་ཅིག །ཧཱུྃ། བཅོམ་ལྡན་འདས་དཔལ་ཆེན་དྲག་པོ་ཐོད་ཕྲེང་གིས། །སྲོག་སྙིང་དབང་དུ་བསྡུས་ནས་དམ་ལ་བཏགས། །རྒྱལ་བའི་བསྟན་པ་སྲུང་བར་དམ་བཅས་པས། །དམ་ཅན་ནོར་གྱི་བདག་པོ་ཁྱོད་ལ་བསྟོད། །རང་གི་ལས་ཀྱི་རྫུ་འཕྲུལ་ཤུགས་ཀྱིས་ནི། །ཡུད་ཙམ་གཅིག་གིས་འཛམ་གླིང་ཀུན་ཉུལ་ཞིང་། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །ནོར་བདག་འཇིག་རྟེན་སྐྱོང་བ་ཁྱོད་ལ་བསྟོད། །རྒྱུན་གྱི་བཞུགས་གནས་ཤེལ་བྲག་ལྷུན་ཆགས་པ། །བཀོད་ལེགས་གཞལ་ཡས་ཁང་ལ་རྟེན་བཅས་ནས། །ཡུལ་ཕྱོགས་སྐྱོང་ཞིང་སྲུང་བར་མཛད་པ་ཡི། །ཡུལ་ལྷ་ནོར་བདག་ཁྱོད་ལ་བདག་བསྟོད་དོ། །བདག་གིས་ཡིད་ལ་མནག་པའི་དགྲ་བོ་ལ། །མི་བཟད་འཇིགས་པའི་ཆོ་འཕྲུལ་སྣ་ཚོགས་ཀྱིས། །ཕ་རོལ་གཞོམ་ཞིང་རང་ཕྱོགས་སྲུང་མཛད་པ། །དགྲ་བླ་ནོར་བདག་ཁྱོད་ལ་


CMR031_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསྟོད་དོ། །ཁྱོད་ནི་ཡིད་བཞིན་དགོས་འདོད་ཀུན་འབྱུང་ལྟར། །རྨ་གཡང་ནོར་གྱི་དངོས་གྲུབ་བདག་པོ་སྟེ། །དེ་ཕྱིར་ནོར་གྱི་བདག་པོ་ཞེས་སུ་གྲགས། །ནོར་ལྷ་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །།འཁོར་གྱི་སྨན་མོ་མཛེས་སྡུག་ཡིད་འཕྲོག་ཚོགས། །མ་རུངས་བདུད་བཙན་སྲོག་ལ་རྔམ་པའི་ཚོགས། །ཀླུ་གཉན་ས་བདག་ལ་སོགས་མི་གཟུགས་ཅན། །མ་ལུས་འཁོར་དང་བཅས་ལ་བདག་བསྟོད་དོ། །ཁྱེད་ཅག་འཁོར་བཅས་མཆོད་པ་འདི་བཞེས་ལ། །ནད་གདོན་དུས་མིན་འཆི་དང་མཚན་མ་ངན། །བཙའ་སད་མུ་གེ་ཡམས་ནད་ཐམས་ཅད་དང་། །དགྲ་རྐུན་སེར་བའི་གནོད་པ་ཞི་བར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དང་། །ལོ་ཐོག་རྐང་འགྲོའི་ཕྱུགས་རྣམས་འཕེལ་བར་མཛོད། །ནད་མེད་འཁྲུག་པ་ཞི་ཞིང་དམ་ཆོས་འཕེལ། །མཁོ་དགུའི་ལོངས་སྤྱོད་དབང་དུ་འདུ་བར་མཛོད། །ཧོར་སོགས་དགྲ་ཇག་ཆོམ་རྐུན་འཚེ་བ་སོགས། །མི་མཐུན་གནོད་པའི་ཕྱོགས་རྣམས་ཟློག་པར་མཛོད། །བདག་ལ་གནོད་པའི་སེམས་འཆང་དགྲ་དང་བགེགས། །གང་ཡིན་ཁྱོད་ཤེས་མྱུར་དུ་ཐལ་བར་རློགས། །


CMR031_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །།ཡུལ་ཕྱོགས་ཀུན་ནས་དགེ་ཞིང་སྐྱིད་པ་དང་། །བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་བསྟོད་དོ། །ཐུགས་ཀར་ཟླ་བའི་གདན་ལ་བི་ཡིག་མཐར། །ཨོཾ་ཨཱཿབཱ་སུ་པཱ་ཏི་ལོ་ཀ་སིདྡྷི་ཧཱུྃ་སྭཱ་ཧཱ། ཞེས་བསྟོད་པར་བསམ་ལ་ཅི་འགྲུབ་བཟླ། དེ་ནས་བསང་དང་སྦྲེལ་ན། ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །བསང་བྱུང་ཀུན་བཟང་ཀློང་ནས་བྱུང་། །ཀུན་བཟང་ཡུམ་ལྔའི་མཁའ་ཀློང་ནས། །འབྱུང་བ་ཆེན་པོ་ལྔ་རུ་བྱུང་། །དེ་ལ་སྟོང་གསུམ་འཇིག་རྟེན་བྱུང་། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །རྣམ་པར་སྣང་མཛད་ཐུགས་ཀ་ནས། །འོད་ཟེར་བྱེ་བ་ཕྲག་བརྒྱ་འཕྲོས། །སྟོང་གསུམ་འཇིག་རྟེན་རྣམས་སུ་ཐིམ། །དེ་ལ་བྱང་ཆུབ་ཤིང་རྣམས་བྱུང་། །འཆི་མེད་བདུད་རྩི་ཐིག་པ་ལས། །རྩི་བཅུད་སྨན་དང་ཤིང་རྣམས་བྱུང་། །ཤིང་རྩི་དགུ་ཡི་དུད་པ་དང་། །ཕྱེ་མར་ཇ་ཆང་ཕུད་རྒོད་ཀྱིས། །བླ་མེད་འཕགས་པ་དཀོན་མཆོག་གསུམ། །སེམས་ཅན་ཀུན་གྱི་མགོན་བྱེད་བསང་། །ཁྱད་པར་འཕགས་མཆོག་སྤྱན་རས་གཟིགས། །ཁ་བ་ཅན་གྱི་མགོན་བྱེད་བསང་། །པད་འབྱུང་རྡོ་རྗེ་གྲོ་ལོད་རྩལ། །ལྷ་འདྲེ་ཡོངས་


CMR031_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐྱབས་གནས་བསང་། །ཡུལ་གྱི་ཡུལ་ལྷ་གཉན་པོ་སོགས། །སྲིད་པ་ཆགས་པའི་ལྷ་རྒན་བསང་། །གཉན་པོ་ནོར་བདག་ཆེན་པོ་བསང་། །འཁོར་དུ་གཏོགས་པའི་སྨན་མོ་བསང་། །དཀར་པོ་ལྷ་ཡི་འཁོར་ཚོགས་བསང་། །དམར་པོ་བཙན་གྱི་འཁོར་ཚོགས་བསང་། །ནག་པོ་བདུད་ཀྱི་འཁོར་ཚོགས་བསང་། །སྔོན་པོ་ཀླུ་ཡི་འཁོར་ཚོགས་བསང་། །ཁྲ་བོ་གཉན་གྱི་འཁོར་ཚོགས་བསང་། །གཞན་ཡང་འཁོར་དང་ཡང་འཁོར་སོགས། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་བསང་། །འདི་ལྟར་བསང་བའི་ཡོན་ཏན་གྱིས། །འཁོན་པ་བསྡུམ་ལ་འགྲས་པ་སྦྱངས། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །དེ་ནས་གསོལ་ཁ་སྤྲོ་ན། ཧཱུྃ། ལྷ་ཡི་དགེ་བསྙེན་ཆེན་པོ་དྲག་རྩལ་ཅན། །གཉན་པོ་ནོར་བདག་འཁོར་དང་བཅས་པ་ཡི། །གཟི་བརྗིད་བསྐྱེད་ཕྱིར་གསོལ་ཁའི་མཆོད་པ་འབུལ། །དགྱེས་པར་བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ། །ལྷོ་སྤྲིན་གཏིབས་འདྲ་སྤུ་ཡི་གོས་གྱོན་ཞིང་། །འདམ་བུའི་ཚལ་བཞིན་སྤུ་ཞོལ་ས་ལ་


CMR031_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བཤལ། །གནམ་ལྕགས་རྡོ་རྗེའི་རྭ་དང་གློག་གི་ལྕེ། །འབྲུག་གི་སྒྲ་འབྱིན་ཉི་ཟླའི་སྡང་མིག་ཅན། །གཡག་དཀར་དར་གྱི་ཅོད་པན་གཡོ་བ་ཡི། །གཉན་པོ་ནོར་བདག་འཁོར་དང་བཅས་ལ་འབུལ། །གངས་རིའི་དུམ་བུ་མཚར་འདྲ་མངར་བའི་ལུས། །འཁྱིལ་བའི་རྭ་ལ་རྒྱ་མཚོ་ཆུ་རིས་བཀྲ། །དར་གྱི་ཅོད་པན་ལྟ་བུའི་སྙན་གཡོ་ཞིང་། །འཛམ་བུ་ཆུ་གསེར་མིག་ལྡན་འབའ་སྒྲ་ཅན། །ལུག་བཟང་མཚལ་ཐིག་དར་གྱིས་བརྒྱན་པ་འདི། །གཉན་པོ་ནོར་བདག་འཁོར་དང་བཅས་ལ་འབུལ། །གནམ་ལྕགས་ལྡན་པའི་རྭ་གཉིས་གཙུག་ན་མཛེས། །ཆུ་རྒྱུན་ལྟ་བུར་རིང་བའི་ཨོག་ཞོལ་འཕྱོ། །སེར་སྤྲིན་རྒོད་དུ་འཁྲུགས་འདྲའི་སྤུ་ཞོལ་བརྗིད། །ལྷང་ལྷང་སྙན་པའི་སྒྲ་འབྱིན་འགྱིང་བ་འཁྲབ། །ར་སྐྱེས་དར་དང་རྔ་མས་བརྒྱན་པ་འདི། །གཉན་པོ་ནོར་བདག་འཁོར་དང་བཅས་ལ་འབུལ། །དངོས་སུ་འབྱོར་དང་ཏིང་འཛིན་ཡིད་ལས་སྤྲུལ། །རྟེན་འབྲེལ་ཙམ་དུ་གཟུགས་བརྙན་འབུལ་ལ་བསྟོད། །མངོན་སུམ་ལས་ཀྱང་ཡོན་ཏན་ཆེ་བར་དམིགས། །བརྒྱ་སྟོང་ཁྲི་འབུམ་འཇིག་རྟེན་ཁྱབ་པར་སྤྲུལ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །


CMR031_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་པོ་ནོར་བདག་འཁོར་དང་བཅས་ལ་འབུལ། །སྔར་བྱས་གཏང་རག་ཕྱི་བྱེད་ཞུ་སྐྱེམས་འབུལ། །ད་ལྟ་ལས་ཀྱི་གཉེར་ཟས་འདི་འབུལ་ལ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་རྣམས། །གཞི་བྱེས་ལམ་གསུམ་གར་འགྲོ་གར་སྡོད་ཀྱང་། །ཁ་འཛིན་སྡོང་གྲོགས་མེལ་ཚེ་མ་གཡེལ་ཅིག །ཅེས་བཅོལ་གཏམ་གང་དགོས་བྱའོ། །དེ་ནས་ལས་ལ་སྦྱར་ན་གཏོར་མ་ཟུར་གསུམ་ཤ་ཁྲག་ལིངྒས་བརྒྱན་པའམ། དེ་ཙམ་དྲག་པོ་མི་དགོས་ན། དཀར་གཏོར་གཅིག་ལ་བཀུག་གཞུག་བྱས། ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ནས། ཧཱུྃ། ལྷ་བཙན་དྲག་པོ་གཉན་པོ་ནོར་གྱི་བདག །མ་རུངས་མི་སྲུན་སྡེ་བརྒྱད་འཁོར་དང་བཅས། །ཐོག་མེད་གློག་ལྟར་མྱུར་བའི་རྫུ་འཕྲུལ་གྱིས། །རིང་པར་འདིར་བྱོན་བཀའ་ཡི་གཏོར་མ་ལོངས། །སྔོན་ཚེ་ཆུ་བོ་ལོ་ཧི་ཏ་ཡི་འགྲམ། །སློབ་དཔོན་ཆེན་པོ་པདྨ་བཞུགས་པའི་དྲུང་། །བོད་ཡུལ་ལྷ་འདྲེ་གཅིག་ཀྱང་མ་ལུས་པ་། །ཐམས་ཅད་མ་ལུས་དེ་རུ་འདུས་ནས་ཀྱང་། །མ་འོངས་སློབ་དཔོན་ཁྱེད་ཀྱི་རྗེས་འཇུག་ལ། །གནོད་ཅིང་འཚེ་བའི་དགྲ་བོ་སུ་འདུག་པ། །ཐམས་ཅད་ངེད་ཅག་རྣམས་ཀྱིས་སྒྲོལ་ལོ་ཞེས། །ལྷ་འདྲེ་ཀུན་གྱིས་དམ་བཅའ་ཕུལ་བའི་


CMR031_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། །ནོར་བདག་ཁྱེད་ཀྱིས་དམ་བཅའ་དྲན་མཛོད་ལ། །བདག་ལ་སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། །བདག་ནི་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་རྣམས་དམ་ལ་བཏགས་པའི་ལྷ་འདྲེ་ཡིན། །འདི་ནི་དམ་རྫས་བརྒྱན་པའི་གཏོར་མ་ཡིན། །དེ་བས་དམ་ལ་མ་འདའ་ཕྲིན་ལས་མཛོད། །ཀརྨ་ཨ་རཱ་གས་སྔོན་ཟླ་བའི་ཚེས་གསུམ་ལ་རྫོགས་པར་སྦྱར་བའི་བླ་མ་གྲགས་པ་དབང་ལྡན་དང་། སྔགས་བཙུན་ཀརྨ་ཡང་དག་སོགས་ཀྱིས་ཡང་ཡང་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་རོ། །དགེ་བས་ཡུལ་ཕྱོགས་དགེ་ཞིང་ལོ་ལེགས་ཤོག ། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཡུལ་ལྷ་མཆོད་པའི་ཆོ་གnext