Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

8 occurrences of འ་འུར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
 
 
 
 
  
  
 
  
  
  
  
  
  
  
ཡུལ་ལྷ་མཆོད་པའི་ཆོ་ག་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་།
  
  
  
  
  
  
  
  
  
  


8 occurrences of འ་འུར་
[Clear Hits]

 
previousཡུལ་ལྷ་མཆོད་པའི་ཆོ་ག་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་།next

ཡུལ་ལྷ་མཆོད་པའི་ཆོ་ག་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་།


CMR031_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྷ་མཆོད་པའི་ཆོ་ག་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །ན་མོ་པདྨ་ཀ་ར་ཡེ། རྡོ་རྗེ་དྲག་པོ་རྩལ་ལ་གུས་བཏུད་ནས། །ཡུལ་ལྷ་མཆོད་པའི་ཆོ་ག་བྲི་བར་བྱ། །དེ་ཡང་གུ་རུ་དྲག་པོའི་དྲེགས་པའི་སྲོག་བདག་གི་ཆོས་སྤྱོད་ཀྱི་ཆོས་སྒོར་ཞུགས་པས་ཀྱང་། ཡུལ་འདིར་གནས་པའི་གཞི་བདག་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་ལ། གསོལ་ཀ་མཆོད་པ་བྱས་ན་ལེགས་ཞེས་གསུངས་པ་དང་། དཀྱིལ་འཁོར་ལས་རིམ་ཐམས་ཅད་ཀྱི་ཐོག་མར་གནས་བདག་ལ་གཏོར་མ་འབུལ་ཞེས་གསུངས་པས། རྒྱུད་བརྟག་གཉིས་ལས། འབྱུང་པོ་ཐམས་ཅད་ལ་གཏོར་མ་འབུལ། ཞེས་གསུངས་པ་དང་། ཚུལ་སྔགས་ཀྱི་ཕན་ཡོན་དང་བཅས་པ་རྒྱས་པར་གསུངས་པ་དང་། དཔལ་གསང་བ་འདུས་པའི་རྒྱུད་རྩ་འགྲེལ་རྣམས་ལས། འཇིག་རྟེན་པའི་ལྷ་བྲན་ཐམས་ཅད་བརྟེན་ཅིང་སྒྲུབ་པའི་ཐབས་གསུངས་པ་དང་། ཁྲོས་མ་ལྷ་ལྔའི་ལས་ཚོགས་ལས། འཇིག་རྟེན་པའི་ལྷ་རྒོད་བརྟེན་ཅིང་སྒྲུབ་པའི་ཐབས་གསུངས་པ་དང་། མ་གཅིག་གཅོད་སྒོ་འབྱེད་བདུན་མར་འཇིག་རྟེན་པའི་གཞི་བདག་གི་དངོས་གྲུབ་སྒྲུབ་པའི་ཐབས་གསུངས་པ་དེ་རྣམས་ཀྱི་རྗེས་སུ་འབྲངས་ནས། གཞི་དཀར་པོའི་སྟེང་དུ་ནས་ཀྱི་པདྨ་འདབ་བརྒྱད་བྱ། དེའི་སྟེང་དུ་སྣོད་གཙང་མར་དཀར་གཏོར་རྩེ་རྒྱལ་ཅན་བཤོས་བུ་ལྔ་དང་མཐེབ་སྒྱུ་དུ་མས་བསྐོར་བ། གཡག་ལུག་ར་བཅས་ཕྱེ་མར་ཕུད་རྒོད། མདའ་རྒོད་སྒྲོ་མ་གཅིག་ལ་དར་དཀར་པོ་བཏགས་པ་རྣམས་བཤམས། བསྡུ་ན་


CMR031_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གཏོར་གཅིག་ལ་བརྟེན་ནོ། །རང་ཡི་དམ་གང་རུང་ངམ། ཁྱད་པར་གུ་རུ་ཞི་དྲག་ནི་མཆོག་ཏུ་ཤིས་ལ། དེའི་ཏིང་འཛིན་ལྡན་པས་འདི་སྐད་དོ། །ཨོཾ་སྭ་བྷ་ཝས་སྦྱངས། མདུན་དུ་ཤེལ་བྲག་རིན་ཆེན་ཁང་བཟང་དབུས། །ལྷ་ཡི་དམག་དཔོན་མངར་རྒྱལ་རིག་ཕྲོམ་ནི། །སྐུ་མདོག་དཀར་པོ་ཀུནྡའི་མདངས་དང་ལྡན། །ཞལ་རས་མཛེས་འཛུམ་དབུ་ལ་དུང་རྨོག་གསོལ། །སྐུ་ལ་དུང་ཁྲབ་སྟག་རིལ་གཟིག་ཤུབས་བཀྲ། །ཕྱག་གཡས་སྦ་ལྕག་དཀར་པོ་མཁའ་ལ་འཕྱར། །གཡོན་པས་མདུང་དར་ཕྲག་ལ་བཀལ། །ཆིབས་སུ་ཤེལ་གྱི་རྐྱང་ཤེས་གཡུ་རྔོག་ཆིབས། །གཞན་ཡང་ཕྱོགས་ཀྱི་རི་བོ་ཐམས་ཅད་ལ། །གནས་པའི་མཆེད་ལྕམ་ལས་མཁན་བློན་པོ་སོགས། །ཡུལ་ལྷ་གཞི་བདག་དུ་མའི་འཁོར་གྱིས་བསྐོར། །ཐུགས་ཀའི་འོད་ཀྱིས་འཁོར་བཅས་སྤྱན་དྲངས་གྱུར། །ཧཱུྃ། རྒྱལ་བས་ལུང་བསྟན་གདོང་དམར་བོད་ཀྱི་ཡུལ། །ཐུགས་རྗེ་ཆེན་པོས་བྱིན་རླབས་གངས་ཅན་ལྗོངས། །སྒང་བཞིའི་མཆོག་གྱུར་མདོ་ཁམས་ཟལ་མོ་སྒང་། །ལྕི་ཆུ་སྔོན་མོ་དལ་དུ་འདབ་པའི་གཡས། །ཤེལ་གྱི་ལྷུན་པོ་རྩེ་གསུམ་འཕང་རེ་མཐོ། །ཆུ་འཛིན་སྔོན་པོའི་བླ་བྲེ་སྟེང་ན་འཁྲིགས། །དབྱར་སྐྱེས་


CMR031_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་སྒྲ་སྒྲོག་ཅིང་གློག་འོད་འཁྱུགས། །སྐད་སྙན་འདབ་ཆགས་སྣ་ཚོགས་ལྡིང་ཞིང་འཛུམ། །དཔལ་བརྗིད་གཅན་གཟན་སྣ་ཚོགས་རྔམས་ཤིང་འགྱིང་། །མཛེས་སྡུག་རི་དྭགས་སྣ་ཚོགས་རྩེ་ཞིང་རྒྱུགས། །རྩེ་ལྐོག་བླ་མཚོ་གཡུ་ཡི་ན་བུན་འཐུལ། །སྐེད་པར་ཆུ་མིག་མང་པོ་ཡོན་ཆབ་འདྲ། །རྩ་བར་རྩི་ཤིང་མཆོད་པའི་ལྷ་མོ་ལྟར། །ལོགས་ལ་ཤིང་སྤང་གསེར་གྱི་མཎྜལ་འདྲ། །དེ་ལྟར་ཡིད་འོང་མཛེས་པའི་གནས་མཆོག་དབུས། །བཀོད་ལེགས་ཡིད་ལས་གྲུབ་པའི་ཕོ་བྲང་ནས། །ལྷ་ཆེན་མངར་རྒྱལ་རག་ཕྲོམ་ཞེས་གྲགས་པའི། །ཡུལ་ལྷ་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །བཀའ་ཉན་མཆེད་ལྕམ་ལས་མཁན་བློན་པོ་སོགས། །ཡིད་ཀྱི་གཟུགས་ཅན་མ་ལུས་ཐམས་ཅད་ཀྱང་། །བདག་གིས་མཆོད་པ་འབུལ་ཞིང་བཞེས་སླད་དུ། །བྱམས་པའི་སེམས་ཀྱིས་མ་གཡེལ་མྱུར་དུ་བྱོན། །ཧཱུྃ། ཏིང་འཛིན་དང་ལྡན་ཡིད་ལས་སྤྲུལ་པ་ཡི། །རིན་ཆེན་སྣ་ལྔ་ལས་གྲུབ་མུ་མེན་ཁྲི། །དབང་པོའི་གཞུ་ལྟར་རབོ་བཀྲ་དར་ཟབ་གདན། །མངར་རྒྱལ་རིག་ཕྲོམ་འཁོར་དང་བཅས་པ་རྣམས། །གཙོ་དང་འཁོར་དུ་འཚམས་པའི་གདན་ཁྲི་


CMR031_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཇི་སྲིད་བདག་གིས་མཆོད་པ་བགྱིས་ཀྱི་བར། །།དེ་སྲིད་དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །བདག་གིས་བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཧཱུྃ། སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །བོད་ཁམས་ས་གཞི་བྱིན་གྱིས་བརླབས་པའི་ཚེ། །སྐུ་ཡི་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །ས་ཁུལ་ཏིལ་འབྲུ་ཙམ་ཡང་མ་ལུས་པ། །ཞབས་ཀྱིས་བཅགས་ཤིང་ལྷ་འདྲེ་དམ་ལ་བཏགས། །འབྱུང་པོ་རྣམས་ལ་དམ་ཆོས་འཁོར་ལོ་བསྐོར། །དེ་ཚེ་ལྷ་རྒྱལ་འཁོར་བཅས་ཁྱེད་རྣམས་ཀྱིས། །ཇི་ལྟར་ཁས་བླངས་དམ་ལས་མ་འདའ་བར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབས།། །ཧཱུྃ། སློབ་དཔོན་ཆེན་པོ་པདྨའི་བཀའ་ཉན་ཁྱོད། །མཆེད་ལྕམ་ལས་མཁན་བློན་པོ་འཁོར་བཅས་རྣམས། །མཐུ་སྟོབས་རྫུ་འཕྲུལ་དྲག་ཤུལ་ཐོགས་པ་མེད། །འདོད་རྒུར་སྒྱུར་བས་ལུས་ཅན་ཅིར་ཡང་སྟོན། །མཆོད་ན་མགོན་བྱེད་རྦད་ན་དགྲ་བགེགས་སྒྲོལ། །སྣ་ཚོགས་ཡིད་ཀྱི་ལུས་ཅན་རྫུ་འཕྲུལ་ཅན། །ཡུལ་ལྷ་མགོན་བྱེད་རྣམས་ལ་ཕྱག་འཚལ་བསྟོད། །ཧཱུྃ་ལས་རིན་ཆེན་ལས་གྲུབ་སྣོད་མཆོག་ཏུ། །ཨོཾ་ཡིག་


CMR031_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་མཆོད་རྫས་སྣ་ཚོགས་པ། །སྒྱུ་མ་མཁན་གྱིས་སྒྱུ་མའི་ཆོ་འཕྲུལ་བཞིན། །དངོས་པོ་དམན་ཡང་ཡིད་ཀྱིས་དཔག་མེད་སྤྲུལ། །དྭངས་ཤིང་ཐོགས་མེད་ནམ་མཁའི་མཐར་ཁྱབ་པ། །རྒྱུན་མི་འཆད་པ་འཛད་མེད་ནམ་མཁའི་མཛོད། །ལྷ་རྒྱལ་འཁོར་བཅས་མཁོ་དགུའི་དཔལ་དུ་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། སྲུང་མ་ལྷ་ཆེན་མངར་རྒྱལ་འཁོར་བཅས་ལ། །ཉེར་སྤྱོད་ལྔ་དང་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །དར་ཟབ་འབྲུ་སྨན་རིན་ཆེན་སྣ་ཚོགས་དང་། །སྟག་རས་གཟིག་རས་གོ་མཚོན་དར་མདུང་འཕེན། །དཀར་གསུམ་མངར་གསུམ་ཀླུ་སྨན་ཇ་ཆང་ཕུད། །ཕྱེ་མར་ཤ་ཐུད་ཁུར་བ་སྤྱོད་ཀྱི་ཚོགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོ་འབུལ། །འཁོར་བཅས་ཐམས་ཅད་མཉེས་ཤིང་ཚིམས་གྱུར་ནས། །བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་གྱུར་ཅིག །ཨནྡྷཾ་སོགས་ཀྱིས་མཆོད། ཨོཾ་སྭ་བྷ་ཝས་སྦྱངས། །སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨ་ཡིག་ལས་བྱུང་བའི་གཏོར་མ་དཀར་གསུམ་མངར་གསུམ་ཁ་དོག་དྲི་རོ་རེག་བྱ་


CMR031_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨ་ཀཱ་རོ་སོགས། ཨོཾ་ཨཱཿཧཱུྃ། ལྷ་ཆེན་མངར་རྒྱལ་རབ་ཕྲོམ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ལྷ་ཡི་དམག་དཔོན་ཆེན་པོ་མངར་རྒྱལ་རག་ཕྲོམ། མཆེད་ཡ་གུག་ཇོ་རྫ་བཀྲ། སྲིང་མོ་རག་ལྕམ་འཕར་མ། ལས་མཁན་དགེ་བསྙེན་མགར་ནག །བློན་པོ་སྟག་ཤྭ་རྔམས་པ་ལ་སོགས་བཀའ་དང་འཁོར་དུ་གཏོགས་པའི་ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །ཡོངས་སུ་བཞེས་ལ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་ཚེ་དང་བསོད་ནམས་དཔའ་འབྱོར་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་རྒྱས་པའི་ཕྲིན་ལས་དམ་པ་མཛོད་ཅིག །ཧཱུྃ། བཅོམ་ལྡན་འདས་དཔལ་ཆེན་དྲག་པོ་ཐོད་ཕྲེང་གིས། །སྲོག་སྙིང་དབང་དུ་བསྡུས་ནས་དམ་ལ་བཏགས། །རྒྱལ་བའི་བསྟན་པ་སྲུང་བར་དམ་བཅས་པས། །དམ་ཅན་མངར་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། །རང་གི་ལས་ཀྱི་རྫུ་འཕྲུལ་ཤུགས་ཀྱིས་ནི། །ཡུད་ཙམ་གྱིས་ནི་འཛམ་གླིང་ཀུན་ཉུལ་ཞིང་། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །ལྷ་རྒྱལ་འཇིག་རྟེན་སྐྱོང་བ་ཁྱོད་ལ་


CMR031_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །རྒྱུན་གྱི་བཞུགས་གནས་ཤེལ་བྲག་ལྷུན་ཆགས་པ། །བཀོད་ལེགས་གཞལ་ཡས་ཁང་ལ་རྟེན་བཅས་ནས། །ཡུལ་ཕྱོགས་སྐྱོང་ཞིང་སྲུང་བར་མཛད་པ་ཡི། །ཡུལ་ལྷ་མངར་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། །ལྷ་རྒྱལ་འཁོར་བཅས་མཐུ་སྟོབས་རྫུ་འཕྲུལ་ཅན། །བདག་གིས་ཡིད་ལ་མནག་པའི་དགྲ་བོ་ལ། །མི་བཟད་འཇིགས་པའི་ཆོ་འཕྲུལ་སྣ་ཚོགས་ཀྱིས། །ཕ་རོལ་གཞོམ་ཞིང་རང་ཕྱོགས་སྲུང་བྱེད་པ། །དགྲ་བླ་འཁོར་བཅས་ཁྱོད་ལ་ཕྱག་འཚལ་བསྟོད། །འཁོར་གྱི་མཆེད་ལྕམ་ལས་མཁན་བློན་པོ་རྣམས་། །མ་རུངས་བདུད་བཙན་ཁྲོ་ལ་རྔམས་པའི་ཚོགས། །ཀླུ་གཉན་ས་བདག་ལ་སོགས་ཡིད་གཟུགས་ཅན། །མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ལྷ་རྒྱལ་འཁོར་བཅས་མཆོད་པ་འདི་བཞེས་ལ། །ནད་གདོན་དུས་མིན་འཆི་དང་མཚན་མ་ངན། །བཙའ་སད་མུ་གེ་ཡམས་ནད་ཐམས་ཅད་དང་། །དགྲ་རྐུན་སེར་བའི་གནོད་པ་ཞི་བར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དང་། །ལོ་ཐོག་རྐང་འགྲོའི་ཕྱུགས་རྣམས་འཕེལ་བར་མཛོད། །ནད་མེད་འཁྲུག་པ་ཞི་ཞིང་དམ་ཆོས་འཕེལ། །མཁོ་


CMR031_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

དགུའི་ལོངས་སྤྱོད་དབང་དུ་འདུ་བར་མཛོད། །ཧོར་སོགས་དགྲ་ཇག་ཆོམ་རྐུན་འཚེ་བ་སོགས། །མི་མཐུན་གནོད་པའི་ཕྱོགས་རྣམས་ཟློག་པར་མཛོད། །བདག་ལ་གནོད་པའི་ཝཱསེམས་འཚང་དགྲ་དང་བགེགས། །གང་ཡིན་ཁྱོད་ཤེས་མྱུར་དུ་ཐལ་བར་རློགས། །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །ཡུལ་ཕྱོགས་འདི་རྣམས་སྲུང་ཞིང་སྐྱོང་བ་དང་། །བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །བསང་བྱུང་ཀུན་བཟང་ཀློང་ནས་བྱུང་། །ཀུན་བཟང་ཡུམ་ལྔའི་མཁའ་ཀློང་ནས། །འབྱུང་བ་ཆེན་པོ་ལྔ་རུ་བྱུང་། །དེ་ལ་སྟོང་གསུམ་འཇིག་རྟེན་ཆགས། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །རྣམ་པར་སྣང་མཛད་ཐུགས་ཀ་ནས། །འོད་ཟེར་བྱེ་བ་ཕྲག་བརྒྱ་འཕྲོས། །སྟོང་གསུམ་འཇིག་རྟེན་རྣམས་སུ་ཐིམ། །དེ་ལ་བྱང་ཆུབ་ཤིང་རྣམས་བྱུང་། །འཆི་མེད་བདུད་རྩི་ཐིག་པ་ལས། །རྩི་བཅུད་སྨན་དང་ཤིང་རྣམས་བྱུང་། །ཤིང་རྩི་དགུ་ཡི་དུད་པ་དང་། །ཕྱེ་མར་ཇ་ཆང་ཕུད་རྒོད་ཀྱིས། །བླ་མེད་འཕགས་པ་དཀོན་མཆོག་གསུམ། །སེམས་ཅན་ཀུན་གྱི་མགོན་བྱེད་བསང་། །ཁྱད་པར་མགོན་པོ་སྤྱན་


CMR031_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

རིས་གཟིགས། །ཁ་བ་ཅན་གྱི་མགོན་བྱེད་བསང་། །པད་འབྱུང་རྡོ་རྗེ་གྲོ་ལོད་རྩལ། །ལྷ་འདྲེ་ཡོངས་ཀྱི་སྐྱབས་གནས་བསང་། །ཡུལ་གྱི་ཡུལ་ལྷ་གཉན་པོ་སོགས། །སྲིད་པ་ཆགས་པའི་ལྷ་རྒན་བསང་། །ལྷ་ཆེན་མངར་རྒྱལ་རབ་ཕྲོམ་བསང་། །མཆེད་ཡ་གུག་ཇོ་རྫ་བཀྲ་བསང་། །སྲིང་མོ་རག་ལྕམ་འཕར་མ་བསང་། །ལས་མཁན་དགེ་བསྙེན་མགར་ནག་བསང་། །བློན་པོ་སྟག་ཤྭ་རྔམས་པ་བསང་། །གཞན་ཡང་འཁོར་དང་ཡང་འཁོར་དང་། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་བསང་། །འདི་ལྟར་བསང་བའི་ཡོན་ཏན་གྱིས། །འཁོན་པ་བསྡུམས་ལ་འགྲས་པ་སྦྱངས། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག་བསམ་པ་སྒྲུབ་ལ་རེ་བ་སྐོངས། །བར་དུ་གཅོད་པའི་དགྲ་བགེགས་ཐུལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་གསོལ་ཁ་སྤྲོ་ན། ཧཱུྃ། ལྷ་རྒྱལ་ཆེན་པོ་འཁོར་བཅས་མཐུ་རྩལ་ཅན། །མངར་རྒྱལ་རག་ཕྲོམ་འཁོར་བཅས་ཐམས་ཅད་ལ། །གཟི་བརྗིད་བསྐྱེད་ཕྱིར་གསོལ་ཁའི་མཆོད་པ་འབུལ། །དགྱེས་པར་བཞེས་ལ་དངོས་གྲུབ་བསྩལ་


CMR031_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། །ལྷོ་སྤྲིན་གཏིབས་འདྲ་སྤུ་ཡི་གོས་གྱོན་ཞིང་། །འདམ་བུའི་ཚལ་བཞིན་སྤྱི་ཞོལ་ས་ལ་བཤལ། །གནམ་ལྕགས་རྡོ་རྗེའི་རྭ་དང་གློག་གི་ལྕེ། །འབྲུག་གི་སྒྲ་འབྱིན་ཉི་ཟླའི་སྡང་མིག་ཅན། །གཡག་དཀར་དར་གྱི་ཅོད་པན་གཡོ་བ་འདི། །ལྷ་ཆེན་མངར་རྒྱལ་འཁོར་དང་བཅས་ལ་འབུལ། །གངས་རིའི་དུམ་བུ་མཚར་འདྲ་མངར་བའི་ལུས། །འཁྱིལ་བའི་རྭ་ལ་རྒྱ་མཚོ་ཆུ་རིས་བཀྲ། །དར་གྱི་ཅོད་པན་ལྟ་བུའི་སྙན་གཡོ་ཞིང་། །འཛམ་བུ་ཆུ་གསེར་མིག་ལྡན་འབའ་སྒྲ་ཅན། །ལུག་བཟང་མཚལ་ཐིག་དར་གྱིས་བརྒྱན་པ་འདི༔་།ལྷ་ཆེན་མངར་རྒྱལ་འཁོར་དང་བཅས་ལ་འབུལ། །གནམ་ལྕགས་ལྡན་པའི་རྭ་གཉིས་གཙུག་ན་མཛེས། །ཆུ་རྒྱུན་ལྟ་བུར་རིང་བའི་ཨོག་ཞོལ་འཕྱོ། །སེར་སྤྲིན་སྒང་འཁྲུགས་འདྲ་བའི་སྤུ་ཞོལ་བརྗིད། །ལྷང་ལྷང་སྙན་པའི་སྒྲ་འབྱིན་འགྱིང་ཞིང་ཁྲབ། །ར་སྐྱེས་དར་དང་རྔ་མས་བརྒྱན་པ་འདི། །ལྷ་ཆེན་མངར་རྒྱལ་འཁོར་དང་བཅས་ལ་འབུལ། །དངོས་སུ་འབྱོར་དང་ཏིང་འཛིན་ཡིད་ལས་སྤྲུལ། །མངོན་སུམ་ལས་ཀྱང་ཡོན་ཏན་ཆེ་བར་དམིགས། །བརྒྱ་སྟོང་ཁྲི་འབུམ་འཇིག་རྟེན་ཁྱབ་པར་འབུལ། །འགྱིང་


CMR031_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཡག་མང་པོ་ངུར་སྒྲ་སྟོངས་སེ་སྟོང་། །གཡང་མོ་ལུག་གི་འབའ་སྒྲ་དི་རི་རི། །ར་སྐྱེས་མང་པོའི་སྲིད་སྒྲ་ཤ་ར་ར། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །སྔར་བྱས་གཏང་རག་ཕྱི་བྱེད་ཞུ་སྐྱེམས་འབུལ། །ད་ལྟ་ལས་ཀྱི་གཉེར་ཟས་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་རྣམས་ལ། །གཞི་བྱེས་ལམ་གསུམ་གར་འགྲོ་གར་སྡོད་ཀྱང་། །ཁ་འཛིན་སྡོང་གྲོགས་མེལ་ཚེ་མ་གཡེལ་ཅིག །ལྷ་རྒྱལ་འཁོར་བཅས་མཆོད་པ་འདི་བཞེས་ལ། །ནད་གདོན་དུས་མིན་འཆི་དང་མཚན་མ་ངན། །།ཞེས་སོགས་གོང་ལྟར་ཤེས་སོ། །དེ་ནས་ལས་ལ་བསྐུལ་ན་གཏོར་མ་ཟུར་གསུམ་ཤ་ཁྲག་ལིངྒས་བརྒྱུན་པའམ། དེ་ཙམ་དྲག་པོ་མི་དགོས་ན། དཀར་གཏོར་གཅིག་ལ་བཀུག་གཞུག་བྱ། ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ནས་འདི་སྐད་དོ།། ཀྱཻ། ལྷ་ཡི་དམག་དཔོན་མངར་རྒྱལ་རག་ཕྲོམ་ཁྱོད། །མཆེད་ལྕམ་ལས་མཁན་བློན་པོ་འཁོར་དང་བཅས། །ཐོག་མེད་གློག་ལྟར་མྱུར་བའི་རྫུ་འཕྲུལ་ཅན། །རིང་པར་འདིར་བྱོན་བཀའ་ཡི་གཏོར་མ་ལོངས། །སྔོན་ཚེ་ཆུ་བོ་ལོ་ཧི་ཏ་ཡི་འགྲམ། །སློབ་དཔོན་པདྨ་འབྱུང་གནས་བཞུགས་པའི་དྲུང་། །བོད་ཡུལ་ལྷ་འདྲེ་གཅིག་ཀྱང་མ་ལུས་


CMR031_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཐམས་ཅད་གནས་མཆོག་དེ་རུ་འདུས་ནས་ཀྱང་། །མ་འོངས་སློབ་དཔོན་ཁྱེད་ཀྱི་རྗེས་འཇུག་ལ། །གནོད་ཅིང་འཚེ་བའི་དགྲ་བོ་གང་འདུག་པ། །ཐམས་ཅད་ངེད་ཅག་རྣམས་ཀྱིས་སྒྲོལ་ལོ་ཞེས། །ལྷ་འདྲེ་ཀུན་གྱིས་དམ་བཅའ་ཕུལ་བའི་ཚེ། །ལྷ་རྒྱལ་འཁོར་བཅས་དམ་བཅའ་དྲན་མཛོད་ལ། །བདག་ལ་སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། །བདག་ཅག་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་རྣམས་དམ་ལ་བཏགས་པའི་ལྷ་འདྲེ་ཡིན། །དེ་བས་དམ་ལ་མ་འདའ་ཕྲིན་ལས་མཛོད། །ཅེས་བསྐུལ་ལ་གཏོར་མ་དམིགས་བྱའི་ཕྱོགས་སུ་བསྐྱལ་ལོ། །དེ་ནས་བཟོད་གསོལ་བྱེད་པ་ནི་འདི་སྐད་དོ། །ཀྱཻ། ད་ནི་བཟོད་པར་གསོལ་བ་ནི། །རྣལ་འབྱོར་བདག་ཅག་འཁོར་བཅས་དང་། །བུ་ཚ་ཕྱིར་རབས་ཡན་ཆད་ཀྱིས། །ལྷ་ཀླུ་གཞི་བདག་ཁྱེད་རྣམས་ལ། །ཐུགས་དང་འགལ་བར་གྱུར་པ་ལས། །ས་གཉན་བརྐོས་དང་ཆུ་གཉན་རྙོག །རྡོ་གཉན་རློག་དང་ཤིང་གཉན་བཅད། །གང་ཡང་བྱས་པ་མ་མཆིས་སོ། །གལ་ཏེ་མཆིས་ན་བཟོད་པར་གསོལ། །དེ་དག་གནོད་པ་མེད་པར་མཛོད། །ཁང་ལས་བྱས་དང་ཞིང་གཉན་རྨོས། །རོ་གཉན་ཁུར་དང་མནའ་གཉན་


CMR031_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱལ། །གང་ཡང་བྱས་པ་མ་མཆིས་སོ། །གལ་ཏེ་མཆིས་ན་བཟོད་པར་གསོལ། །དེ་དག་གནོད་པ་མེད་པར་མཛོད། །རྨེ་དང་ནལ་དང་རྨུགས་དང་ནི། ཐབ་གཞོབ་མཁོན་དང་ཟས་ངན་ཟོས།། །གཟའ་སྐར་ངན་དང་ཕྱོགས་ངན་སོགས། །གང་ཡང་བྱས་པ་མ་མཆིས་སོ། །གལ་ཏེ་མཆིས་ན་བཟོད་པར་གསོལ། །དེ་དག་གནོད་པ་མེད་པར་མཛོད། །གཏོ་གཉན་ཕུལ་དང་ས་གཉན་ཕབ། །ལྷ་གཉན་བསྒོམས་ཤིང་ཟོར་གཉན་འཕང་། །སྔགས་གཉན་བཟླས་ཤིང་ཐུན་གཉན་འཐོར། །གང་ཡང་བྱས་པ་མ་མཆིས་སོ། །གལ་ཏེ་མཆིས་ན་བཟོད་པར་གསོལ། །དེ་དག་གནོད་པ་མེད་པར་མཛོད། །ཐུགས་ཞི་བྱང་ཆུབ་སེམས་དང་ལྡན་པར་མཛོད། །བཀྲ་ཤིས་བདེ་ལེགས་འཕེལ་བའི་ཕྲིན་ལས་མཛོད། །ཅེས་ཡིག་བརྒྱ་བཟླས་རྗེས་ཆོག་བྱ། བཀྲ་ཤིས་བརྗོད། ཀརྨ་ཨ་རཱ་གས་མཛད་པ་འདི། ཡི་གེ་འདི་ནི་ཏ་ཡི་མིང་ཅན་ནོ། ། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཡུལ་ལྷ་མཆོད་པའི་ཆོ་ག་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་།next