Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

8 occurrences of འ་འུར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
 
 
 
 
  
  
 
  
  
  
  
  
  
  
  
  
  
ཡུལ་ལྷ་སྤྱི་ཡི་གསོལ་ཀ
  
  
  
  
  
  
  


8 occurrences of འ་འུར་
[Clear Hits]

 
previousཡུལ་ལྷ་སྤྱི་ཡི་གསོལ་ཀnext

ཡུལ་ལྷ་སྤྱི་ཡི་གསོལ་ཀ


CMR031_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྷ་སྤྱི་ཡི་གསོལ་ཀ་བཞུགས། །ཀྱི། འབྲས་ཀྱི་ལྷ་གཡག་ཤམ་པོ་འདི། །རྩི་ཐོག་སྙིང་པོ་མར་གྱིས་བརྒྱན། །རྨིག་བཞིས་བདུད་བཞི་ནོན་པ་ཡིན། །སྤུ་རྩིད་འཐུག་ལ་རྒྱས་པ་དེ། །མི་ནོར་འཐུག་ལ་རྒྱས་པ་ཡིན། །རུ་གཡུགས་དགྲ་ལ་བྱས་པ་ཡིན། །འཁྱམས་རྔམས་བགེགས་ལ་བྱས་པ་ཡིན། །འབྲས་ཀྱི་ལྷ་གཡག་དཀར་པོ་འདི། །ཆེ་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། འབྲས་ཀྱི་ལྷ་ལུག་དཀར་པོ་འདི། །རྩི་ཐོག་སྙིང་པོ་མར་གྱིས་བརྒྱན། །རྨིག་བཞིས་བདུད་བཞི་ནོན་པ་ཡིན། །བལ་སྤུ་འཐུག་ལ་རྒྱས་པ་དེ། །མི་ནོར་འཐུག་ལ་རྒྱས་པ་ཡིན། །དཀར་གསུམ་འོ་ཞོ་རྒྱས་པ་འདི། །ལྷ་མི་མང་པོ་འདུ་རྟེན་ཡིན། །འབྲས་ཀྱི་ལྷ་ལུག་བལ་ཆེན་འདི། །ཆེ་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། འབྲས་ཀྱི་གཡང་ར་ཚེ་རེ་འདི། །རྩི་ཐོག་སྙིང་པོ་མར་གྱིས་བརྒྱན། །རྨིག་བཞིས་བདུད་བཞི་ནོན་པ་ཡིན། །སྤུ་རྩིད་འཐུག་ལ་རྒྱས་པ་དེ། །མི་ནོར་འཐུག་ལ་རྒྱས་པ་ཡིན། །འདི་གཡང་མོ་ནོར་གྱི་རུ་མ་ཡིན། །འབྲས་ཀྱི་ཚེ་རེ་གཡང་


CMR031_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་འདི། །ཆེ་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། འབྲས་ཀྱི་གཉན་བྱ་དམར་པོ་འདི། །རིན་ཆེན་མཚལ་ལས་གྲུབ་པ་ཡིན། །ཨོག་ཞུམ་པདྨ་ཟླུམ་པ་འདྲ། །ཟེ་བ་ཟངས་ཀྱི་སོག་ལེ་འདྲ། །སྐུ་ལུས་ཟླུམ་ལ་བུམ་པ་འདྲ། །མཇུག་མ་རྒྱ་ཟོར་བཀུག་པ་འདྲ། །འདི་དགུང་སྔོན་དབུས་ནས་ནམ་འཕང་གཅོད། །མི་མགོ་དགུང་བས་མཐོ་བ་ཡིན། །འབྲས་ཀྱི་གཉན་བྱ་དམར་པོ་འདི། །ཆེ་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། །ཚེའབྲས་ཀྱི་འབྲང་རྒྱས་ཞལ་དཀར་འདི། །འབྲང་རྒྱས་མ་ཡིན་གཡང་རྒྱས་ཡིན། །ཞབས་བརྟན་ས་ལ་བརྟེན་པ་ཡིན། །རྩེ་ནི་རིན་ཆེན་མཁའ་དང་མཉམ། །མི་ནོར་དགུང་དང་མཉམ་པ་ཡིན། །ཁ་ཚར་ཟླུམ་པོར་བསྐོར་བ་འདི། །མི་ནོར་རང་ལ་འཁོར་བ་ཡིན། །ཞལ་ཁ་མར་གྱིས་བསྐུས་པ་འདི། །མི་ནོར་ལྷ་ངོ་གསལ་བ་ཡིན། །འདི་ལྷ་དཀོན་མཆོག་མཆོད་པའི་ཡོ་བྱད་ཡིན། །གཉན་ཡུལ་ལྷ་མཉེས་པའི་དམ་རྫ་ས་ཡིན། །ལྷ་མི་འདུ་བའི་གཡང་རྫས་ཡིན། །འབྲས་ཀྱི་གཡང་རྫ་ས་ཞལ་དཀར་འདི། །ཆེ་གེ་འཁོར་དང་


CMR031_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། འབྲས་དྲུག་ཆང་གི་གཡང་མཚོ་འདི། །མིག་གིས་མཐོང་བས་འཛུམ་གྱིས་འཆོར། །ཞལ་དུ་གསོལ་བས་དྲན་རིགས་གསལ། །ལྗགས་ལ་བཏུང་བས་དབང་པོ་ཚིམ། །འདི་སྔོན་མོ་ནས་ཀྱི་ཁུ་བ་ཡིན། །བདུད་རྩི་ངར་གྱི་བཅུད་དང་ལྡན། །ཆེ་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། ཞོ་དང་འོ་མའི་གཡང་མཚོ་འདི། །ཡེ་ཤེས་ལྔ་ཡི་བདུད་རྩི་ཡིན། །མིའུ་རིན་ཆེན་འདུ་རྟེན་ཡིན། །འོ་ཞོ་རྒྱ་མཚོ་འཁྱིལ་འདྲ་བ། །ཐུད་དཀར་གངས་རི་སྤུངས་འདྲ་འདི། །ཟི་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱི། འབྲུ་སྣ་རིན་ཆེན་སྣ་ལྔ་འདི། །སྤྲེའུ་བྱང་ཆུབ་སེམས་དཔའ་ཡིས། །འཇིག་རྟེན་དབང་ཕྱུག་སྤྱན་སྔར་ཞུས། །པོ་ཊ་ལ་ཡི་གནས་མཆོག་ནས། །འཕགས་པ་སྤྱན་རས་གཟིགས་དབང་གིས། །ཁ་བ་ཅན་གྱི་ཡུལ་དུ་གཏོར། །སེམས་ཅན་ཀུན་གྱི་གསོས་སུ་གྱུར། །སྣ་ཚོགས་འབྲུ་སྣ་རིན་ཆེན་འདི། །ཆེ་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་


CMR031_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཀྱཻ། ལྷ་ཡི་དར་ཟབ་པཉྩ་ལི། །དཀར་སེར་དམར་ལྗང་སྔོ་དང་སྨུག །ཡིད་འོང་སྲབ་ལ་འཇམ་པའི་གོས། །ཁུངས་བཙུན་རྒྱ་དང་ཧོར་ནས་བྱུང་། །འགྲོ་བ་མི་དང་། ལྷ་ཡིས་རྒྱན། །སྤྲིན་ཕུང་བཞིན་དུ་གཏིབས་པ་འདི། །ཆེ་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། ཡེ་ཤེས་བལ་ཚོན་སྣ་ལྔ་འདི། །རྒྱུ་ནི་བཀྲ་ཤིས་ལུག་ལས་བྱུང་། །ཁ་དོག་སྣ་ཚོགས་ཚོན་གྱིས་སྒྱུར། །བཟང་ཤིང་སྣ་ཚོགས་རྩེ་ལ་བཏགས། །འབྱུང་བ་རླུང་གིས་བསྐྱོད་པའི་ཚེ། །རིན་པོ་ཆེ་ཡི་སྤྲིན་ཕུང་ལ། །དགོས་འདོད་ཆར་ལྟར་འབབ་པ་འདི། །ཆེ་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། འདོད་པའི་ཡོན་ཏན་ལྔ་ལྡན་པའི། །དཀར་གཏོར་བདུད་རྩིའི་རྒྱ་མཚོ་འདི། །ཕྱེ་མར་གངས་རི་སྤུངས་བ་འདྲ། །བཟང་ཤིང་སྣ་ཚོགས་ཟས་ཕུད་རྣམས། །བསྲེགས་པའི་དུད་པ་སྤྲིན་ལྟར་གཏིབས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །ཆེ་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །རང་རང་ཅི་ལྟར་ནུས་པ་ཡིས། །ལས་ཀྱི་དངོས་གྲུབ་བདག་ལ་


CMR031_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །ཁ་འཛིན་རྒྱབ་རྟེན་སྡོང་གྲོགས་མཛོད། །སྙན་པ་སྒྲུབ་ལ་གྲགས་པ་སྒྲོག །སྐྱེལ་བསུ་མཐུ་རྐྱེན་རོགས་ལྡན་མཛོད། །ལེགས་དང་སྤྲོད་ལ་ཉེས་དང་བསྣོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ཅེས་པ་ཡུལ་ལྷ་སྤྱིའི་གསོལ་མཆོད་དེ། གང་ལ་སྦྱར་དུ་རུང་བ་སྟེ། ཆེ་གེ་ཞེས་པའི་ཚབ་ཏུ། སོ་སོའི་མིང་འཛུད་ཤེས་པར་བྱས་ལ། དཀར་གཏོར་གཡག་ལུག་ར་གསུམ་དང་། འབྲང་རྒྱས་རྣམས་བཅས་ལ། བསང་དང་འབྲེལ་བ་བམ། གསོལ་ཀའི་གཤམ་ལ། བཏགས་ཀྱང་རུང་བའོ། །ཞེསཔ་༧ རཱ་ག་ཨ་སྱས་སྦྱར་ལྟ་བའོ།། ། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཡུལ་ལྷ་སྤྱི་ཡི་གསོལ་ཀnext