Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

3 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
མགོན་པོ་ཡེ་བརྫུའི་བསྐང་མདོས་བཀྲ་ཤིས་རབ་འབར་ཞེས་བྱ་བ་ཚིག་ཉུང་དོན་འདུས་ལག་བླང་བདེ་བ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


3 occurrences of འཚེར་རྩུབ་
[Clear Hits]

 
previousམགོན་པོ་ཡེ་བརྫུའི་བསྐང་མདོས་བཀྲ་ཤིས་རབ་འབར་ཞེས་བྱ་བ་ཚིག་ཉུང་དོན་འདུས་ལག་བླང་བདེ་བ།next

མགོན་པོ་ཡེ་བརྫུའི་བསྐང་མདོས་བཀྲ་ཤིས་རབ་འབར་ཞེས་བྱ་བ་ཚིག་ཉུང་དོན་འདུས་ལག་བླང་བདེ་བ།


CMR031_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཡེ་བརྫུའི་བསྐང་མདོས་བཀྲ་ཤིས་རབ་འབར་ཞེས་བྱ་བ་ཚིག་ཉུང་དོན་འདུས་ལག་བླང་བདེ་བ་བཞུགས་སོ། །


CMR031_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པཉྩ་ཨུ་པ་སི་ཀ་བོ་བྷེ་ཀ་ན་མཿ བོད་སྐད་དུ། དགེ་བསྙེན་ལྔའི་མདོས་ཀྱི་མན་ངག་ཅེས་བྱ་བ། རྡོ་རྗེ་ཕུར་པའི་ལྷ་ལ་ཕྱག་འཚལ་ལོ། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །ཚེས་གྲངས་གཟའ་སྐར་བཟང་པོའི་དུས་ཀྱི་ཚེ། །སྒོ་ཁྲི་སྟེགས་བུ་ཟངས་ལྕགས་རྡོ་ལེབ་སོགས། །ཆེ་ཆུང་གང་འདོད་སྟེང་དུ་འཇིམ་པ་ཡིས། །རི་རབ་བང་རིམ་བཞི་པའི་ཕྱོགས་བཞི་རུ། །འཇིམ་པ་སྲབ་བུས་གླིང་བཞི་གཟུགས་སུ་བྱས། །ཤིན་ཏུ་བསྡུ་ན་འཇིམ་ཞལ་བྱས་པའི་སྟེང་། །དེ་དག་རི་མོ་བྲིས་ཀྱང་ཆོག་པ་ཡིན། །དེ་མཐར་འཇིམ་པའི་ལྕགས་རི་གྲུ་བཞི་ལམ། །ཟླུམ་པོ་གང་འདོད་མདོས་སྣོད་དབྱིབས་དང་བསྟུན། །རི་རབ་བརྩེགས་ན་འབྲུ་ཡིས་ནང་


CMR031_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་བྱ། །རིན་ཆེན་ཕྱེ་མ་བཏབ་བམ་གསེར་མཆོད་བརྡར། །རི་རབ་གླིང་བཞི་ཤར་དཀར་ལྷོ་སྔོ་སྟེ། །ནུབ་དམར་བྱང་སེར་ལྕགས་རི་ནག་པོ་ཡིན། །རི་རབ་སྟེང་དུ་གཙོ་བོའི་གཏོར་མ་བཞག །དེ་འོག་བང་རིམ་མཆེད་བཞིའི་གཏོར་མ་བཞག །དེ་འོག་གདོང་མོ་དགུ་ལ་སྨན་ཏིང་དགུ། །དེ་འོག་བང་རིམ་བཞི་པའི་ཤར་ངོས་སུ། །ལྷ་ཡི་དགེ་བསྙེན་རྣམས་ལ་དཀར་གཏོར་དང་། །ལྷོ་རུ་ནག་པོ་ཟུར་གསུམ་གཡས་གཏུས་བདུན། །ནུབ་ཏུ་དམར་གཏོར་གཡོན་གཅུས་བཙན་གྱིའོ། །བྱང་དུ་ཀླུ་ལ་དཀར་གཏོར་སྤྲུལ་དཀྲིས་པ། །གཉན་ལ་ལུག་མགོ་ཡུ་བ་ཅན་རྣམས་ནི། །རེ་རེའམ་བཅུ་གསུམ་བརྒྱད་དམ་བཞི་རྒྱས་བསྡུས། །མཛོ་དང་མཛོ་མོ་མིན་པའི་ཤ་གཙང་བརྒྱན། །མར་རྒྱན་བྱས་སྟེང་བསྐང་འབྲས་བཙུགས་པ་ནི། །གཙོ་བོའི་རྩེ་ལ་


CMR031_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་བདུན། །བང་རིམ་སྟེང་མར་བྱ་རིགས་སྣ་ཚོགས་ཏེ། །ཁྱུང་དང་ཤང་ཤང་གཉིས་ནི་མི་རུང་ངོ་། །དེ་འོག་རི་དྭགས་དེ་འོག་གཅན་གཟན་དང་། །དེ་འོག་གཡུང་དྭགས་སྣ་ཚོགས་བཙུགས་པ་སྟེ། །ཕག་དང་རྔ་མོང་བོང་བུ་མི་རུང་ངོ་། །རི་རབ་རྩ་བར་ལྕགས་རིའི་ནང་དེ་རུ། །པིར་དང་ཆུ་སྲིན་མ་གཏོགས་ཆུ་གནས་བཀོད། །དེ་རྣམས་སྤྱི་ཡིན་ཁྱད་པར་མཐུན་རྫས་བཀོད། །གཡག་ལུག་ར་གསུམ་བྱ་རྟ་གླང་གསུམ་རྣམས། །བཅུ་གསུམ་བརྒྱད་དམ་བཞི་རེ་རྒྱས་བསྡུས་ཁྱད། །གཙོ་བོ་ལྔ་དང་གདོང་མོ་སྤུན་དགུ་དང་། །བཀའ་སྡོད་བཞི་ལ་སོ་སོའི་ཙཀ་ལི་བཙུགས། །འབྲིང་དུ་གདོང་མོ་དགུ་ནི་གཅིག་གིས་ཆོག །ཤིན་ཏུ་བསྡུ་ན་གཙོ་བོ་ལྔ་ཡིས་འཐུས། །ནམ་མཁའ་རང་མདོག་བྱ་སྤུས་བརྒྱན་པ་ཡང་། །རྒྱས་བསྡུས་མང་ཉུང་ཙཀ་ཀ་ལི་དང་འདྲ། །དེ་སྟེང་རྩིབས་བརྒྱད་གུར་གྱི་ནམ་མཁའི་སྟེང་། །ཉི་ཟླ་ནོར་བུ་ཏོག་གི་ནམ་མཁའ་བཙུགས། །གུར་ནི་མེད་ན་མདའ་དར་བཙུགས་པས་འཐུས། །དེ་དག་རི་རབ་ལ་བཙུགས་རི་སྲོག་ཟེར། །མཐའ་ཡི་ལྕགས་རི་ལ་བཙུགས་ཐང་སྲོག་ནི། །ཤིང་རིས་མདའ་བཀྲ་འཕང་བཀྲ་རལ་གྲི་དང་། །རྒྱང་བུ་རྣམས་ནི་རྒྱས་པར་བཅུ་གསུམ་རེ། །འབྲིང་དུ་བརྒྱད་རེ་ཐ་མ་བཞི་རེ་ཡིན། །དེ་དག་རིང་ཐུང་ཚད་ནི་གང་རུང་ཆོག །བཅུ་གསུམ་སོགས་དང་བརྒྱད་སོགས་བཞི་སོགས་ཟེར། །རྒྱས་བསྡུས་ཁྱད་ཡིན་འདོན་ཆ་རྒྱུས་བསྡུས་མེད། །སྟག་པའི་ཕོ་ཏང་གླང་མའི་མོ་ཏང་དང་། །ཚར་བུའི་བུ་ཏང་ཤིང་ནག་ཁྲམ་ཤིང་དང་། །བཅའ་ཚོགས་


CMR031_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བསྡུས་གསུམ་ཀར་དགོས་པ་ཡིན། །དེ་རྒྱབ་རྩང་ཐུང་ཉེར་བརྒྱད་སྲིན་མོ་འགྲོས། །ཟུར་བཞིར་བྱ་ནག་བཞི་བཙུགས་སྙབ་པའི་ལག །ཕྱོགས་བཞིར་མེ་ལོང་བཞི་ནི་བཏགས་པའམ། །རི་རབ་རྩ་བའི་ཟུར་བཞིར་མར་མེ་བཞི། །དེ་ནི་མདོས་ཀྱི་ལྟ་བུ་མིག་ཏུ་བཤད། །ཟུར་བཞིར་རྒྱལ་མཚན་བཞི་ནི་ཡོད་ན་རབ། །མེད་ན་ཟན་ལ་པར་བཏབ་བཙུགས་པས་འཐུས། །ནམ་གདུགས་ཟུར་བརྒྱད་པན་ཆུང་བརྒྱད་བཏགས་ཏེ། །མེད་ན་བལ་ཚོན་པགས་རས་ཚོན་བྱས་བཏགས། །མདོས་གདན་ཟུར་བཞི་རྡོ་ཆུང་བཞི་ཡིས་བཏེག །དེ་ནི་མདོས་ཀྱི་འགྲོ་བའི་རྐང་ཡིན་ནོ། །མདོས་གདན་པགས་པ་ཆེ་ཆུང་གང་རུང་སྟེང་། །དེ་ནི་སྦྱིན་བདག་ཚང་ལ་བཞག་མི་རུང་། །གཏོར་སྒབ་གྲོ་བའི་གནད་ཟབ་ཡིན་པར་བཤད། །ལྕགས་སྣོད་མིན་པའི་སྣོད་དུ་ངར་མི་དང་། །ཆངས་བུ་སྦང་རམ་བཏབ་པ་གཅིག་ཀྱང་བཤམས། །གོང་དུ་རང་གི་ལྷ་གཞུང་ཕུགས་གཏོར་དང་། །མདོས་ཀྱི་མདུན་དུ་མཆོད་པ་སྣ་བདུན་བཤམས། །ཤ་བ་ཡུམོའི་ཐོད་སྟེང་ཡོད་ན་རབ། །མེད་ན་རི་གན་མེད་པའི་ཐེབ་ཙེའི་ནང་། །གཏོར་ཆུང་ཟུར་གསུམ་བཤམས་པ་ཐུན་བཞིར་འབུལ། །ཞག་ནི་དགུ་བདུན་ལྔ་གསུམ་ཉིན་རྫོགས་རུང་། །སྤོས་དཀར་ཨག་པ་ནཱ་གི་ལ་སོགས་བདུག །གུ་གུལ་གླ་རྩི་ཟི་ར་འདྲེས་མི་རུང་། །འབྲུ་སྣ་ཟན་སྣ་རིན་ཆེན་དར་ཚོན་བཏབ། །དང་པོ་ཆུ་གཙང་དེ་ནས་ཕུད་རྒོད་བྲན། །ཡེ་བརྫུའི་མངོན་རྟོགས་སྤྱན་འདྲེན་མཆོད་བསྟོད་དང་། །བསྐང་བ་ཚར་བའི་མཚམས་ནས་མདོས་གཞུང་འདོན། །


CMR031_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་དང་བསྐང་བ་དོན་གཅིག་པཀཱིས་གསུངས། །རྙིང་མའི་ལུགས་ནི་གྱེར་སྒོམ་གཙོ་ཆེ་བས། །ངག་གིས་གང་བརྗོད་ཡིད་ཀྱིས་དེ་ལྟར་བསྒོམ། །ཡས་བསགས་མ་ཤེས་ལྷ་འདྲེ་མི་འདུ་བས། །བཅའ་ཆོག་ལས་བསགས་ལེའུ་དང་པོའོ།། །།ལྷ་འདྲེ་མདོས་ལ་ཕེབས་ཕྱིར་སྤྱན་འདྲེན་ནི། །ཧཱུྃ། །རྣམ་དག་དབྱིངས་ཀྱི་རྔ་ཤིང་ལ། །ཡེ་ཤེས་དག་པའི་གཡོགས་ཀྱིས་གཡོགས། །རྔ་ནི་ཤེས་རབ་རང་བཞིན་ལ། །རྔ་ལྕགས་ཐབས་ཀྱི་ངོ་བོས་བརྡུང་། །ཁྲོ་བོའི་རྔ་བརྡུང་སྲུང་མ་སྐུལ། །མ་མོའི་རྔ་བརྡུང་དགྲ་བགེགས་འདུལ། །བསྲིང་ཞིང་བརྡུང་བས་མཁའ་འགྲོ་འབོད། །འདུར་ཞིང་བརྡུང་བས་སྲུང་མ་བསྐུལ། །འཆམས་ཤིང་བརྡུང་བས་དམ་ཅན་འདུ། །དམ་ཅན་ཡེ་བརྫུ་མཆེད་ལྔ་དང་། །ཡེ་བརྫུ་སུམ་བརྒྱ་དྲུག་ཅུའི་ཚོགས། །སྲིད་པའི་མདོས་ལ་སྤྱན་འདྲེན་ནོ། །གདོང་མོ་སྤྱན་དགུ་བཀའ་སྡོད་བཞི། །འཁོར་དང་བཅས་པ་མདོས་ལ་བྱོན། །གངས་ཀྱི་སེང་ལྕམ་དཀར་མོ་བཞིན་། །མཆོངས་ཤིང་མཆོངས་ཤིང་མདོས་ལ་བྱོན། །ཙནྡན་ནགས་ཀྱི་རྒྱ་སྟག་བཞིན། །ངར་ཞིང་ངར་ཞིང་མདོས་ལ་བྱོན། །བྱང་གི་འབྲོང་བུ་དར་མ་བཞིན། །རྒྱུགས་ཤིང་རྒྱུགས་ཤིང་མདོས་ལ་བྱོན། །ནམ་མཁའི་གཡུ་འབྲུག་སྔོན་མོ་


CMR031_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །ལྡིར་ཞིང་ལྡིར་ཞིང་མདོས་ལ་བྱོན། །བར་སྣང་གློག་ལྕམ་འཕར་མ་བཞིན། །འཁྱུགས་ཤིང་འཁྱུགས་ཤིང་མདོས་ལ་བྱོན། །བྱ་རྒྱལ་ཐང་དཀར་རྒོད་པོ་བཞིན། །ལྡིང་ཞིང་ལྡིང་ཞིང་མདོས་ལ་བྱོན། །ནགས་གསེབ་དོམ་བུ་ངར་མ་བཞིན། །རྒྱུགས་ཤིང་འདྲལ་ཞིང་མདོས་ལ་བྱོན། །བྱམས་པའི་ཐུགས་དང་བཅས་ཏེ་བྱོན་། །བརྩེ་ཞིང་གདུང་བའི་སེམས་ཀྱིས་བྱོན། །གསེར་སྐྱེམས་སེར་པོའི་ཆས་ཇ་འདྲེན། །གཡུ་སྐྱེམས་སྔོན་མོའི་ཞལ་སྐྱེམས་འབུལ། །ཡུ་དམར་ཇ་ཡི་མཆོད་ཡོན་བཞེས། །ཙནྡན་དཀར་དམར་ཨ་ག་རུ། །སྤོས་དཀར་ནཱ་གིའི་སྤྲོས་སུན་བཏང་། །ཧཱུྃ། རང་ཉིད་ལྷ་ཡི་ཐུགས་ཀ་ནས། །རཾ་ཡཾ་ཁཾ་གསུམ་མེ་རླུང་ཆུས། །མདོས་ཀྱི་མི་གཙང་བསྲེགས་གཏོར་བཀྲུས། །ཨེ་ཡཾ་རཾ་བཾ་ལཾ་སུཾ་ལས། །མདོས་གཞི་འབྱུང་བ་རིམ་བརྩེགས་སྟེང་། །གླིང་བཞི་རི་རབ་ལྕགས་རིས་བསྐོར། །ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས། །སྐྱེ་འགྲོ་སྲོག་ཆགས་ཀུན་གྱིས་བརྒྱན། །ཨོཾ་གྱིས་དགོས་འདོད་ཕུན་སུམ་ཚོགས། །བྷཾ་གྱིས་རིན་ཆེན་གཞལ་ཡས་ཁང་། །ཏྭཾ་གྱིས་རིན་ཆེན་ཆར་པ་འབེབས། །


CMR031_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿཡིས་གསུང་དབྱངས་དྲུག་ཅུར་ལྡན། །ཨཱཡིས་རྒྱལ་ཕམ་མེད་པར་ཐོབ། །ཀུན་ཀྱང་གཟུགས་སྒྲ་དྲི་རོ་དང་། །རེག་བྱ་འདོད་ཡོན་ཕུན་སུམ་ཚོགས། །ཨོ་བྷཾ་ཏཱཾ་ཧཱིཝཨཱཡིས་བྱིན་གྱིས་བརླབས། །སྲིད་པ་མདོས་ཀྱི་དཀྱིལ་འཁོར་དུ། །མགོན་པོ་ཡེ་བརྫུ་འཁོར་དང་བཅས། །ཇི་སྲིད་མཆོད་པ་བདག་བགྱིད་བར། །དེ་སྲིད་དགྱེས་ཤིང་བརྟན་པར་བཞུགས། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཡི་དམ་ལྷ་ཡི་ཏིང་འཛིན་དང་། །ཁྱེད་ཅག་སྔོན་གྱི་དམ་ཚིག་གིས། །ཁྱེད་ཅག་ང་ཡི་བཀའ་ལ་ཉོན། །ཅེས་བརྗོད་ནས་གསལ་བཏབ། འཕར་ནོན་ཡིན། ཧཱུྃ། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀས། །མདོས་རིགས་སུམ་བརྒྱ་དྲུག་བཅུ་གསུངས། །འབྱུང་བ་ལྔ་པོ་མདོས་ཀྱི་རྒྱུ།། །གླིང་བཞི་རི་རབ་མདོས་ཀྱི་དཔེ། །དེ་ནས་མདོས་བྱུང་ཇི་ལྟར་བྱུང་། །ལྷ་བུ་ནོར་བུ་དྲི་མེད་བསྙུང་། །ལྷ་སྲས་གཙུག་ཕུད་ཆེན་པོ་བཀུག །མཐུན་རྫ་ས་མདོས་ཀྱི་བསྐངས་པས་སོས། །རྒྱལ་པོ་འཁོར་ལོ་དྲུག་པ་བསྙུང་། །དགའ་རབ་རྡོ་རྗེས་མདོས་མཛད་ཕན། །རྒྱལ་པོ་དྲག་པ་མཐའ་ཡས་བསྙུང་། །སློབ་དཔོན་ཀླུ་སྒྲུབ་མདོས་མཛད་ཕན། །རྒྱལ་པོ་ཁྲི་སྲོང་ལྡེའུ་


CMR031_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་བསྙུང་། །སློབ་དཔོན་པདྨས་མདོས་མཛད་ཕན། །དེ་བཞིན་བདག་དང་ཡོན་བདག་གི །ནད་གདོན་བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་རྒྱས་པ་དང་། །དགྲ་བགེགས་གནོད་པ་བཟློག་པའི་ཕྱིར། །སྲིད་པའི་མདོས་ཆེན་འདི་བཤམས་པས། །མགོན་པོ་ཡེ་བརྫུ་འཁོར་དང་བཅས། །སྤྱན་གྱིས་གཟིགས་ལ་ཐུགས་ཀྱིས་དགོངས། །ཧཱུྃ། མདོས་གཞི་དབང་ཆེན་གསེར་གྱི་གཞི། །རིན་ཆེན་རི་རབ་ལྷུན་ཆགས་པ། །ཟུར་བཞི་ལོགས་བཞི་བང་རིམ་བཞི། །གླིང་བཞི་གླིང་ཕྲན་ལྕགས་རིས་བསྐོར། །རིན་ཆེན་བྲག་རི་འབུམ་གྱིས་སྤྲས། །མཐུ་ཆེན་མགོན་པོ་ཡེ་བརྫུ་ནི། །འཁོར་དང་བཅས་ལ་འབུལ་གྱིས་བཞེས། །ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །ཆོས་སྲིད་རི་རབ་ལྟར་བརྟན་ཅིང་། །ཚེ་སྲོག་བྲག་བས་སྲ་བར་ཤོག །རི་རབ་དེ་ཡི་རྩེ་མོ་ན། །སྣ་ཚོགས་འབྲུ་ཡི་ཕྱེ་མ་ལ། །བདུད་རྩི་ཆབ་ཀྱི་ཆུས་སྦྲུས་ནས། །དཔེ་ནི་འགྲོ་བའི་མཁར་ལ་བྱས། །ཞབས་བརྟན་འདི་ནི་ས་ལ་བརྟེན། །ལོགས་བཞི་ཚད་མེད་ཕྲིན་ལས་བཞི། །འཕང་ནི་སྲིད་པ་གསུམ་དང་མཉམ། །རྩེ་མོ་ཟུར་གསུམ་སྐུ་གསུང་


CMR031_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས། །མཐུན་རྫས་ར་སྐྱེས་མདུན་ན་བཞག །དཀར་དམར་ཕུད་ཀྱིས་བརྒྱན་པ་འདི། །རོག་སྣལ་ཆེན་པོ་ཁྱོད་ལ་འབུལ། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །བང་རིམ་གཉིས་པའི་ཕྱོགས་བཞི་ན། །མཆེད་བཞིའི་མཐུན་རྫས་གཏོར་མ་བཞི། །ཞབས་བརྟན་འདི་ནི་ས་ལ་བརྟེན། །སྐེད་པ་ཚད་མེད་གྲུ་བཞིར་བཞག །ཟུར་བཞི་རྒྱན་ལྡན་ནམ་མཁའ་མཛོད། །རྩི་བཅུད་དེ་ནི་མར་གྱིས་བྱུགས། །རྩེ་མོ་ཟུར་གསུམ་དབྱིབས་ལེགས་པ། །དཀར་དམར་ཕུད་ཀྱིས་བརྒྱན་པ་བཞི། །།ཡེ་བརྫུ་མཆེད་ཟླ་བཞི་ལ་འབུལ། །དབུ་རུ་རྩེ་གསུམ་ཐུགས་དམ་བསྐང་། །ཝེར་ཕྲོམ་ཆེན་པོའི་ཐུགས་དམ་བསྐང་། །ཝར་སྟོང་ཆེན་པོའི་ཐུགས་དམ་བསྐང་། །ཝེར་གཤེགས་ཆེན་པོའི་ཐུགས་དམ་བསྐང་། །དེ་འོག་བང་རིམ་གསུམ་པ་ལ། །སྨན་མོའི་མཐུན་རྫ་ས་བཤོས་བུ་དགུ། །ཟླུམ་པོ་ཆོས་ཉིད་སྤྲོས་དང་བྲལ། །བརྩེགས་པ་ཐབས་ཤེས་གཉིས་སུ་མེད། །དབུས་མ་འཕང་མཐོ་ཡོན་ཏན་རྒྱས། །རྩེ་མོ་ཟུར་གསུམ་སྐུ་གསུང་ཐུགས། །འདི་འདྲའི་སྨན་ལེབ་ཡ་མཚན་ཅན། །གདོང་མོ་སྤུན་དགུ་རྣམས་ལ་འབུལ། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཅི་


CMR031_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ལྷུན་གྱིས་འགྲུབ་པར་མཛོད། །དེ་འོག་བང་རིམ་བཞི་པ་ལ། །ལྷ་བཙན་བདུད་ཀྱི་དགེ་བསྙེན་དང་། །ཀླུ་གཉན་མཐུན་རྫས་བཤོས་བུ་བཀོད། །ཡེ་བརྫུ་སུམ་བརྒྱ་དྲུག་ཅུ་སོགས། །འཁོར་དང་བཅས་པ་རྣམས་ལ་འབུལ། །སེང་ཞོན་བརྒྱ་དང་ཉི་ཤུ་ཡི། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །སྟག་ཞོན་བརྒྱ་དང་ཉི་ཤུ་ཡི། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ར་ཞོན་བརྒྱ་དང་ཉི་ཤུ་ཡི། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །འཁོར་དུ་གནས་པའི་ཀླུ་གཉན་དང་། །ས་བདག་ཀུན་གྱི་ཐུགས་དམ་བསྐང་། །འགལ་རྐྱེན་བར་ཆད་ཐམས་ཅད་སོལ། །མཐུན་རྐྱེན་བསམ་པ་ལྷུན་གྲུབ་མཛོད། །ཕྱོགས་བཞི་གླིང་ཆེན་བཞི་པོ་ལ། །མཐུན་པའི་དམ་རྫས་བཤོས་པའི་བུ་བཞི། །དཀར་དམར་ཟས་སྣའི་ཕུད་ཀྱིས་བརྒྱན། །བཀའ་སྡོད་ཆེན་པོ་བཞི་ལ་འབུལ། །རྨ་རྒྱལ་སྤོམ་རའི་ཐུགས་དམ་བསྐང་། །སྨོན་སྐྱེས་གང་བཞུད་ཐུགས་དམ་བསྐང་། །སྒྱོགས་ཆེན་གདོང་རའི་ཐུགས་དམ་བསྐང་། །ཡར་ལྷ་ཤམ་པོའི་ཐུགས་དམ་བསྐང་། །འཁོར་བཅས་ཐུགས་དམ་བསྐངས་གྱུར་ནས། །ཕྱོགས་བཞིའི་དགྲ་དང་


CMR031_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

གས་རྣམས་ཟློག །ཆོས་སྲིད་དབང་ཐང་རྒྱས་པར་མཛོད། །ཧཱུྃ། རི་རབ་ཁ་ཁྱེར་དང་པོ་ལ། །ལྷ་བྱ་མང་པོ་འཛུམ་ཞིང་ལྡིང་། །ཁ་ནས་སྙན་པའི་གསུང་སྒྲ་སྒྲོག་རི་རབ་བང་རིམ་གཉིས་པ་ལ། །རི་དྭགས་མང་པོ་རྒྱུག་སྤྲིངས་གླིང་། །སྙན་པའི་རང་སྒྲ་ཏི་རི་རི། །རི་རབ་བང་རིམ་གསུམ་པ་ལ། །གཅན་གཟན་མང་པོ་རྩལ་མཆོང་བྱེད། །ཁ་ནས་རྔམ་པའི་ངར་སྐད་སྒྲོག །རི་རབ་བང་རིམ་བཞི་པ་ལ། །གཡུང་དྭགས་མང་པོ་ཀྱི་ལི་ལི། །རི་རབ་ཞོལ་གྱི་རྒྱ་མཚོ་ལ། །ཆུ་གནས་སྣ་ཚོགས་རྒྱལ་དང་འཕྱོ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །གཅིག་ལས་བྱེ་བ་ས་ཡ་འཕྲོ། །སྣ་ཚོགས་གཟུགས་ཀྱི་མཆོད་པ་འདི། །ཡེ་བརྫུ་འཁོར་དང་བཅས་ལ་འབུལ། །སྐུ་ཡི་ཐུགས་དམ་བསྐང་གྱུར་ཅིག །ལུས་ལ་གནོད་པའི་རྐྱེན་རྣམས་ཟློག །ཧཱུྃ། ནམ་མཁའ་འཇའ་ཚོན་འོད་དུ་འབར། །ཁོག་པ་སྟོང་པ་ཆོས་ཀྱི་སྐུ། །ཁ་དོག་རང་རང་ལྷ་ཡི་མདོག་མཐར་སྐོར་འཇའ་རིས་ཁ་དོག་ལྔ། །འབྱུང་ལྔ་རྣམ་དག་ཡེ་ཤེས་ལྔ། །བཞུགས་པའི་ཚེ་ན་གནས་དང་གདུགས། །གཤེགས་པའི་ཚེ་ན་འཇའ་འོད་ལམ། །ནོར་བུ་ཏོག་གི་ནམ་


CMR031_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ། །དགོས་འདོད་ཆར་པ་སི་ལི་ལི། །ཉི་ཟླ་འོད་ཀྱི་ནམ་མཁའ་ནི། །འགྲོ་དྲུག་མ་རིག་མུན་པ་སེལ། །རྩིབས་བརྒྱད་གུར་གྱི་ནམ་མཁའ་ནི། །སྟེང་དུ་འཁོར་ཞིང་ཀྱི་ལི་ལི། །ནམ་ནི་ཕྱི་ཡི་ཡུལ་ཡིན་ཏེ། །མཁའ་ནི་ནང་གི་སེམས་ཡིན་པས། །གཉིས་མེད་དོན་གྱི་ནམ་མཁའ་འདི། །ཡེ་བརྫུ་འཁོར་དང་བཅས་ལ་འབུལ། །ཐུགས་ཀྱི་ཉམས་ཆག་བསྐང་གྱུར་ཅིག །སེམས་ཀྱི་གནོད་པའི་རྐྱེན་ངན་ཟློག །ཧཱུྃ། སྨྱུག་སྡོང་རྩེ་ལ་བྱ་ཕོད་བཙུགས། །སྟོད་སྨད་བར་གསུམ་སོ་སོ་ལ། །དར་ཚོན་སྣ་ལྔའི་ཕོད་ཀྱིས་བརྒྱན། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དཔག་བསམ་དགོས་འདོད་འབྱུང་བའི་ཤིང་། །ལོ་མ་ལྷ་དར་སྲབ་ལ་འཇམ། །འབྲས་བུ་རིན་ཆེན་སྣ་ཚོགས་འཁྲུངས། །མགོན་པོ་ཡེ་བརྫུ་འཁོར་བཅས་ལ། །འབུལ་ལོ་ཐུགས་དམ་བསྐང་གྱུར་ཅིག །དགོས་འདོད་ལྷུན་གྱིས་གྲུབ་པར་མཛོད། །ཧཱུྃ། ཁྱད་པར་འཕགས་པའི་ཤིང་དག་ལ། །ཡ་མཚན་མཛེས་པའི་རི་མོ་བྲིས། །ནོར་བུ་ཉི་ཟླ་སྐར་མ་དང་། །དར་པན་སོ་སོའི་མཚན་མ་བཀོད། །རྒྱན་ནི་སྣ་ལྔ་འཇའ་ཚོན་རིས། །སྔགས་


CMR031_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྱག་རྒྱས་བྱིན་རླབས་ཏེ། །གྲུ་ཆད་རེ་ཡི་ནང་དུ་ཡང་། །ལྷ་ཡི་ཞིང་ཁམས་དག་པ་རེ། །མགོན་པོ་ཡེ་བརྫུ་འཁོར་བཅས་ལ། །འབུལ་ལོ་ཐུགས་དམ་བསྐང་གྱུར་ཅིག ། ལྟཡུལ་ཕྱོགས་བདེ་ཞིང་སྐྱིད་པར་མཛོད། །ཧཱུྃ། སྟག་པ་ལ་སོགས་ཕོ་ཤིང་ལ། །སྐྱེས་པ་ཕོ་ཡི་གཟུགས་བྲིས་ཏེ། །ཕོ་ཏང་ཞེས་བྱའི་མིང་དུ་བཏགས། །གླང་མ་ལ་སོགས་མོ་ཤིང་ལ། །བུད་མེད་གཟུགས་བྲིས་མོ་ཏང་སྟེ། །ཚར་བུ་ལ་སོགས་བུ་ཤིང་ལ། །བྱིས་པའི་གཟུགས་བྲིས་བུ་ཏང་ཡིན། །མིག་གཉིས་བལྟ་དང་ཧྲཱིགས་སེ་ཧྲཱིག །ཁ་ནས་སྨྲ་དང་ཏ་ལ་ལ། །ལག་པས་གར་བྱེད་ཁྱུགས་སེ་ཁྱུག །རྐང་པས་བྲོ་བརྡུང་ཁྲིགས་སེ་ཁྲིག །ཐབས་ཀྱི་རང་བཞིན་ཕོ་ཏང་འདི། །མཐུ་ཆེན་ཡེ་བརྫུ་གཙོར་བྱས་པའི། །སྲིད་པ་ཕོ་རྒྱུད་རྣམས་ལ་འབུལ། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །སྐྱེས་པ་ཕོ་ཡི་ཀག་ཟློག་ཅིག །ཤེས་རབ་རང་བཞིན་མོ་ཏང་འདི། །བདུད་མོ་སྤུན་དགུའི་གཙོར་བྱས་པའི། །སྲིད་པའི་མོ་རྒྱུད་རྣམས་ལ་འབུལ། །ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །ཟ་མ་མོ་ཡི་ཀག་ཟློག་ཅིག །ཕོ་ཏང་གཡས་ལ་མོ་ཏང་གཡོན། །མདུན་དུ་ཟུང་


CMR031_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་བུ་ཏང་བཙུགས། །སུམ་བརྒྱ་དྲུག་ཅུའི་གཙོར་བྱས་པའི། །འཁོར་གྱི་ལྷ་འདྲེ་རྣམས་ལ་འབུལ། །འཁོར་བཅས་མཉེས་ཤིང་ཚིམས་གྱུར་ནས། །བྱིས་པ་ཆུང་གི་ཀག་ཟློག་ཅིག །ཧཱུྃ། མདའ་བཀྲ་དེ་ནི་འཕྲུལ་གྱི་རྫས། །སྨྱུག་སྡེམ་བྱ་རྒོད་སྒྲོ་ཡིས་སྒྲོན། །གནམ་ལྕགས་ངར་མའི་མདེལ་གྱིས་མཐུད། །མཚལ་བྱུག་མཛེས་པའི་རི་མོ་བྲིས། །དར་དང་ཟ་འོག་མགུལ་དུ་བཏགས། །ཡ་མཚན་སྐྱེས་པ་ཕོ་ཡི་དཀོར། །སྔགས་དང་ཕྱག་རྒྱས་བྱིན་རླབས་ཏེ། །སྐྱེས་ཕྲན་དེར་མ་ཕོ་ཆས་ཅན། །གཅིག་ཁྲི་འབུམ་བྱེ་བ་འཕྲོ། །ཡེ་བརྫུ་མཆེད་ལྔས་གཙོར་བྱས་པའི། །སྲིད་པ་ཕོ་རྒྱུད་ཐམས་ཅད་ལ། །ཕྱག་ཏུ་མཐུན་པའི་མདའ་བཀྲ་འབུལ། །སྐུ་ཡི་རྟེན་དང་གསུང་གི་མདངས། །ཐུགས་ཀྱི་རྟེན་དུ་བཞེས་སུ་གསོལ། །ཐུགས་དམ་གཉན་པོ་བསྐང་གྱུར་ནས། །སྐྱེས་པ་ཕོ་ཡི་ འཚེརརྩུབ next hit་ཟློག །འཕང་བཀྲ་དེ་ནི་འཕྲུལ་གྱི་རྫ་ས། །ཁྱད་པར་འཕགས་པའི་ཤིང་དག་ལ། །མཛེས་པའི་འཕང་བཞོགས་མོ་ལོ་ཙམ། །སྣ་ཚོགས་ཚོན་གྱིས་རི་མོ་བྲིས། །དར་ཟབ་མཛེས་པའི་སྣལ་མ་བཏགས། །ངོ་མཚར་ཟ་མ་མོ་ཡི་དཀོར། །སྔགས་


CMR031_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྱག་རྒྱས་བྱིན་གྱིས་བརླབས། །མོ་བཙུན་དར་ཟབ་ན་བཟའ་ཅན། །རིན་ཆེན་རྒྱན་ཆ་སི་ལི་ལི། །མཛེས་སྡུག་འཛུམ་མཛེས་ཡ་ལ་ལ། །གཅིག་ལས་ཁྲི་འབུམ་བྱེ་བ་འཕྲོས། །བདུད་མོ་སྤུན་དགུས་གཙོར་བྱས་པའི། །སྲིད་པ་མོ་རྒྱུད་ཐམས་ཅད་ལ། །ཡིད་དང་མཐུན་པའི་དཀོར་དུ་འབུལ། །ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །ཟ་མ་མོ་ཡི་previous hit འཚེརརྩུབ next hit་ཟློག །ཁྱད་པར་འཕགས་པའི་བུ་ཤིང་ལ། །ཡ་མཚན་མཛེས་པའི་རྩེ་ཐུར་བྱས། །བྱིས་པའི་རྩེ་ཐུར་གཟུགས་བྱས་ཏེ། །རྩེ་ཀྱུ་བྲོ་གར་ཡིད་དུ་འོང་། །མགོན་པོ་ཡེ་བརྫུའི་འཁོར་གྱུར་པའི། །ཐེའུ་རང་སྟོང་སྡེའི་ཚོགས་ལ་འབུལ། །མགུ་ཚིམས་ཐུགས་དམ་བསྐངས་གྱུར་ནས། །བྱིས་པ་ཆུང་གི་previous hit འཚེརརྩུབ ་ཟློག །གདུག་པ་ཅན་གྱི་ཤིང་དག་ལ། །ཡ་མཚན་མཛེས་པའི་རྒྱང་བུ་བཞོགས། །རྒྱུང་ཞེས་བྱ་བ་འདོད་དགུ་འབྱུང་། །བུ་ནི་ཡིད་དུ་འོང་བ་སྟེ། །སྙན་པའི་སྒྲ་སྐད་སི་ལི་ལི། །ལྷ་ཚོགས་གསུང་དང་གཉིས་སུ་མེད། །རིན་ཆེན་མཛེས་པའི་རྒྱང་བུ་འདི། །ཡེ་བརྫུ་འཁོར་དང་བཅས་པ་ལ། །འབུལ་ལོ་ཐུགས་དམ་བསྐངས་གྱུར་ནས། །རྒྱུ་སྦྱོར་ནད་གདོན་རྐྱེན་རྣམས་


CMR031_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །མཛེས་པའི་ཤིང་ལ་ཁྲམ་བྱང་བྱས། །འཆི་བདག་ཁྲམ་གྱི་རི་མོ་བྲིས། །མཐུ་ཆེན་མགོན་པོ་ཡེ་བརྫུ་དང་། །སྣང་སྲིད་ལྷ་འདྲེའི་ཕྱག་ཏུ་འབུལ། །སྲོག་དབུགས་བསྡུས་པའི་སྐྱེ་འགྲོ་རྣམས། །དོ་གཅིག་སང་ཡོད་སུ་འཆི་བ། །ད་ལོ་ཁྲམ་ལ་འདེབས་པར་བྱེད། །མི་ཡི་བདུད་གཅོད་དུས་བཞི་ལ། །དཔྱིད་ཀྱི་རོལ་པོ་ཁ་ནག་དང་། །དབྱར་གྱི་ཤིང་ལོ་ལྷབ་ལྷུབ་དང་། །སྟོན་གྱི་སྤང་པོ་ཁ་སེར་དང་། །དགུན་གྱི་འཁྱགས་པ་ཆལ་ཆོལ་བཞི། །ཁྲམ་ལ་འདེབས་པའི་དུས་བཞི་ཡིན། །སང་ཕོད་སུ་དང་སུ་འཆི་བ། །ད་ལོ་གཤིན་རྗེས་ཁྲམ་ལ་འདེབས། །སང་ཕོད་སུ་དང་སུ་ན་བ། །ད་ལོ་མ་མོས་ཁྲམ་ལ་འདེབས། །སང་ཕོད་སུ་དང་སུ་རྩོད་པ། །ད་ལོ་བདུད་ཀྱིས་ཁྲམ་ལ་འདེབས། །སང་ཕོད་སུ་དང་སུ་སྨྱོ་བ། །ད་ལོ་རྒྱལ་པོས་ཁྲམ་ལ་འདེབས། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །ཁྲམ་ལ་བཏབ་པ་མི་སྲིད་ཀྱི། །གལ་ཏེ་ཁྲམ་ལ་བཏབ་པ་ན། །མདོས་དང་ཁྲམ་ཤིང་འདི་བཞེས་ལ། །ཁྲམ་ལ་བཏབ་ན་ཁྲིམ་ཁ་ཕྱེས། །བྱད་དུ་བཅུག་ན་བྱད་ཁ་སྒྱུར། །གཏད་དུ་སོང་ན་གཏད་མཚོ་སྐེམ། །སངས་རྒྱས་


CMR031_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་སྤྱི་དགྲ་རྣམས། །འཆི་བདག་གཤིན་རྗེས་ཁྲམ་ལ་ཐོབ། །དུས་ལ་བབ་བོ་ས་མ་ཡ། །འབྲུ་མཆོག་སྤང་དཀར་སྒོང་བཟང་དང་། །ལྷ་ནས་སྔོན་མོ་འབྲུ་བདུན་དང་། །འབྲས་སོགས་འབྲུ་སྣ་ཐམས་ཅད་དང་། །གུ་ལང་གསེར་དང་མཚོ་རོ་གཡུ། །དངུལ་དང་བྱི་རུ་མུ་ཏིག་དང་། །དུང་དང་མགྲོན་བུ་ཟངས་དང་ལྕགས། །འབྲུ་སྣ་སྨན་སྣ་རིན་ཆེན་ཚོགས། །ཡོན་ཏན་ལྔ་ལྡན་ཟད་མེད་གཏེར། །ཡེ་བརྫུ་འཁོར་དང་བཅས་ལ་འབུལ། །མཐུན་པའི་དཀོར་དུ་བཞེས་ནས་ཀྱང་། །རྐྱེན་དང་བར་ཆད་བཟློག་ཏུ་གསོལ། །ཧཱུྃ༔ ཤར་གྱི་རྨ་རྒྱལ་སྤོམ་ར་དང་། །ནུབ་ཀྱི་ཡར་ལྷ་ཤམ་པོ་ཕྱིན། །དབུས་དང་ཁམས་ཀྱི་ས་ཕྱོགས་འདིའི། །སྣང་ཞིང་སྲིད་པའི་ལྷ་འདྲེ་ཀུན། །ཡེ་བརྫུ་ཁྱོད་ཀྱི་དཔུང་དང་སྡེ། །ལ་ལ་ཁྱོད་ཀྱི་ཕ་དང་མ། །ལ་ལ་ཁྱོད་ཀྱི་སྤྱན་ཟླ་མཆེད། །ལ་ལ་ཁྱོད་ཀྱི་སྲིང་དང་མཛའ། །ལ་ལ་ཁྱོད་ཀྱི་སྡོང་བའི་གྲོགས། །ལ་ལ་ཁྱོད་ཀྱི་ཁབ་དང་དབྱར། །ལ་ལ་ཁྱོད་ཀྱི་རྟེན་དང་གྲོགས། །ལ་ལ་ཁྱོད་ཀྱི་བྲན་དང་ཁོལ། །ལ་ལ་ཁྱོད་ཀྱི་མངའ་འབངས་ཏེ། །གང་ཡང་བཀའ་ལ་མ་འདུས་མེད། །ཀུན་ཀྱང་སྲིད་པའི་མདོས་འདི་


CMR031_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །འགལ་རྐྱེན་བར་ཆད་ཐམས་ཅད་སོལ། །མཐུན་རྐྱེན་བསམ་པ་ལྷུན་གྲུབ་མཛོད། །མཛེས་པའི་བལ་ཚོན་སྣ་ལྔ་སྟེ། །དཀར་མོ་ལུག་གི་པགས་རིས་དང་། །ལྷ་རྫས་དར་ཚོན་སྣ་ཚོགས་འདི། །དཀར་པོ་རྣམས་ནི་གངས་རི་འདྲ། །དམར་པོ་བཏགས་པ་མེ་རི་འདྲ། །སེར་པོ་བཏགས་པ་གསེར་འོད་འབར། །སྔོན་པོ་བཏགས་པ་ཆབ་མ་མིག །ལྗང་ཁུ་བཏགས་པ་གཡུ་འོད་གསལ། །བཀྲག་དགུ་སྟག་དང་གཟིག་གི་རས། །བཙུན་དགུ་གཡི་དང་སྤྱང་ཀིའི་རས། །འཇམ་དགུ་སྦེ་དང་ཝ་ཡི་རས། །མཛེས་དགུ་རྨད་དུ་ཆེ་བའི་དཀོར། །སྲིད་པ་མདོས་ཀྱི་རྒྱན་དུ་བཏགས། །མཐུ་ཆེན་ཡེ་བརྫུའི་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་ཚིམས་གྱུར་ཅིག །རྐྱེན་དང་བར་ཆད་བཟློག་ཏུ་གསོལ། །རྨ་བྱ་རྒྱ་བྱ་ནེ་ཙོ་དང་། །རྒོད་གླག་ཁྲུང་ཁྲུང་ཀ་ལན། །མཐིང་རིལ་ངང་པ་ངུར་པ་དང་། །ཚངས་པ་ལྷ་ཡི་བྱ་སྤུ་རྣམས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །བཀྲ་ཤིས་ལྷ་བྱ་བསམ་མི་ཁྱབ། །མཛེས་པའི་འོད་འཕྲོ་གསུང་དབྱངས་སྒྲོག །མཐུ་རྩལ་ཐོག་མེད་མཁའ་ལ་


CMR031_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ། །སྲིད་པ་མདོས་ཀྱི་རྒྱན་དུ་ཆེ། །འབྱུང་བ་ལྔ་ཡི་རྟེན་འབྲེལ་ལས། །མཛེས་པའི་ཚོན་རྩི་སྣ་ལྔ་བྱུགས། །མདངས་ཀྱིས་ཁ་དོག་སོ་སོར་བསྒྱུར། །བཀྲག་མདངས་དེ་ནི་ཝ་ལ་ལ། །དབྱིབས་ལེགས་གཟུགས་མཛེས་བལྟ་ན་སྡུག །སྲིད་པ་མདོས་ཀྱི་རྒྱན་དུ་འབུལ། །བྱ་རྒྱལ་རྒོད་པོ་མན་ཆད་ནས། །བྱེ་མ་ལེབ་ཆུང་ཡན་ཆད་ཀྱི། །འདབ་ཆགས་སྣ་ཚོགས་གཟུགས་རྣམས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །རྩལ་ཆེན་སེང་གེ་མན་ཆད་ནས། །འོལ་ལྕམ་སྲེ་མོ་ཡན་ཆད་ཀྱི། །གཅན་གཟན་སྣ་ཚོགས་གཟུགས་རྣམས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །ཤ་བ་རུ་བཅུ་མན་ཆད་ནས། །བྲ་བ་བྱི་བ་ཡན་ཆད་ཀྱི། །རི་དྭགས་སྣ་ཚོགས་གཟུགས་རྣམས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །ཅང་ཤེས་རྟ་ཕོ་མན་ཆད་ནས། །རྟེའུ་དྲེལ་ཕྲུག་ཡན་ཆད་ཀྱི། །རྨིག་ཟླུམ་སྣ་ཚོགས་གཟུགས་རྣམས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་


CMR031_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །སྟོབས་ལྡན་གླང་པོ་མན་ཆད་ནས། །རྟོལ་བུ་རྨིག་དམར་ཡན་ཆད་ཀྱི། །རྨིག་པ་ཁ་བྲག་གཟུགས་རྣམས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །ནོར་བུ་གསེར་དངུལ་མན་ཆད་ནས། །ཟངས་ལྕགས་འཁར་བ་ཡན་ཆད་ཀྱི། །རིན་ཆེན་རྣམ་པ་སྣ་ཚོགས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །ཟ་འོག་ཁ་བཏགས་མན་ཆད་ནས། །སྣམ་རས་ཁ་ཚར་ཡན་ཆད་ཀྱི། །དར་ཟབ་རྣམ་པ་སྣ་ཚོགས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །བཟང་དྲུག་ག་པུར་ཙན་དན་དང་། །ཀླུ་སྨན་རྣམ་པ་སྣ་ཚོགས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །བུ་རམ་སྦྲང་རྩི་ཀ་ར་སོགས། །ཞིམ་མངར་རོ་མཆོག་སྣ་ཚོགས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །སྤོས་དཀར་རྒྱ་སྤོས་ནཱ་གི་སོགས། །དྲི་བཟང་རྣམ་པ་སྣ་ཚོགས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་


CMR031_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ལྷ་འདྲེ་མཉེས་གྱུར་ཅིག །ཨུཏྤལ་ཧ་ལོ་མན་ཆད་ནས། །སྤང་རྒྱན་ཁུག་ཆོས་ཡན་ཆད་ཀྱི། །མདངས་ལྡན་མེ་ཏོག་སྣ་ཚོགས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །ཞོ་དང་འོ་མ་ཐུད་དང་མར། །སྤྱོད་དང་ཁུར་བ་ཤ་ཁྲག་ཆང་། །བཟའ་བཏུང་ཟས་ཕུད་སྣ་ཚོགས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །རྐྱེན་ངན་བར་ཆད་ཐམས་ཅད་ཟློག །ཧཱུྃ། ཉིན་དང་སྲིབ་ཀྱི་ས་མཚམས་ན། །སྐྱེར་ཚེར་དྲག་པོའི་ཤིང་བཏུས་ནས། །གདུག་པ་དབལ་གྱི་རྩང་ཕུར་བྱས། །རྩེ་མོ་ཟུར་གསུམ་ལྡན་པ་ནི། །མཐུ་ཆེན་ཡེ་བརྫུའི་སྐུ་གསུང་ཐུགས། །ཁ་དོག་དམར་པོར་གྱུར་པ་ནི། །བཙན་དམག་ལས་ལ་ཤ་ར་ར། །སྐེད་པ་རྒྱ་མདུད་སེར་པོ་ནི། །ལས་མཁན་བཞུགས་པའི་གཞལ་ཡས་ཁང་། །ཆུང་སྨད་ཟུར་གསུམ་བྱས་པ་ནི། །དགྲ་བོའི་ལུས་ངག་ཡིད་གསུམ་འཇོམས་། །སྲིན་མོ་འགྲོས་སུ་བཙུགས་པ་ནི། །ཕྲ་མེན་མ་ཚོགས་མཉེས་པའི་རྫས། །དྲ་བ་རིས་སུ་དོད་པ་ནི། །ལས་མཁན་ཕོ་ཉ་རྒྱུག་པའི་སྲང་། །ཤ་དང་ལིང་གས་


CMR031_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ་ནི། །དབང་ཕྱུག་མ་ཚོགས་མཉེས་པའི་རྫས། །སྔོ་དམར་ཐག་པས་དཀྲིས་པ་ནི། །ནད་སྤྲིན་སྔོ་དམར་དེ་ལ་ཐིམ། །ཁྲག་ནད་དལ་ཡམས་ཟློག་པར་བྱེད། །སྲིད་པ་མདོས་ཀྱི་རྒྱན་དུ་བཙུགས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །བསྙབས་པའི་ལག་པ་བྱ་ནག་བཞི། །སྲིད་པ་མདོས་ཀྱི་རྒྱན་དུ་བཙུགས། །བདུད་ལས་རྒྱལ་བའི་རྒྱལ་མཚན་བཞི། །དེ་ཡང་མདོས་ཀྱི་རྒྱན་དུ་བཙུགས། །འགྲོ་བའི་རྨིག་པ་རྡོ་ཆུང་བཞི། །དེ་ཡང་མདོས་ཀྱི་འོག་ཏུ་བཞག །ལྟ་བའི་མིག་འབྲས་མེ་ལོང་བཞི། །དེ་ཡང་མདོས་ཀྱི་རྒྱན་དུ་བཏགས། །གསལ་བའི་སྒྲོན་མེ་མར་མེ་བཞི། །དེ་ཡང་མདོས་ཀྱི་རྒྱན་དུ་བཀོད། །ད་ནི་མདོས་ལ་རྒྱན་ཚང་ངོ་། །ད་ནི་མདོས་ལ་གྲ་རྒྱས་སོ། །ཡེ་བརྫུ་འཁོར་དང་བཅས་ལ་འབུལ། །ཧཱུྃ། མཐུ་ཆེན་མགོན་པོ་ཡེ་བརྫུ་ཡི། །ཡང་འཁོར་བྲན་དང་ཡང་གཡོག་ཚོགས། །མདོས་དང་ཕུད་ལ་མི་དབང་ཞིང་། །གླུད་དང་ཡས་ལ་རེ་བ་ཡི། །བགེགས་དང་ལན་ཆགས་འབྱུང་པོའི་ཚོགས། །གནས་ལ་ངེས་མེད་ཀུན་དུ་རྒྱུ། །རིག་འཛིན་རྒྱལ་བའི་ཞལ་


CMR031_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཐོང་། །དམ་པ་ཆོས་ཀྱི་སྒྲ་མ་ཐོས། །དམ་ལ་མ་ཐོགས་ནག་པོའི་རིགས། །མཁའ་ལ་རྒྱུ་བའི་ཡི་དྭགས་ཏེ། །བཀྲེས་སྐོམ་གནོད་སེམས་མེ་ལྟར་འབར། །འགྲོ་བའི་ཤ་ཁྲག་སྲོག་ལ་རྔམས། །ཟ་རེ་འཐུང་སྐོམ་བྱེད་རྣམས་ལ། །ཁྱོད་ལ་འདོད་པའི་ཡས་དང་གླུད། །འབྲུ་མཆོག་ངར་མི་མཛེས་པ་ལ། །ལུང་ཐང་མིག་ལ་མགྲོན་བུའི་སོ། །མུ་ཏིག་ཀླད་ལ་ཞོ་ཤའི་སྙིང་། །ལག་གཡས་གསེར་ལ་གཡོན་པ་དངུལ། །རྐང་གཡས་ཟངས་ལ་གཡོན་པ་ལྕགས། །དུང་གི་རུས་ལ་མཚལ་གྱི་ཁྲག །བསྲེ་ཡི་ཤ་ལ་དར་ཟབ་གོས། །ཏིང་འཛིན་སྔགས་ཀྱིས་བྱིན་གྱིས་བརླབས། །སྐྱེས་པ་ཆས་བཟང་སྟག་ཆས་ཅན། །མོ་བཙུན་བཟང་མོ་གསེར་གཡུས་སྤྱས། །གཅིག་ལས་བྱེ་བ་བརྒྱ་སྟོང་འཕྲོ། །མི་བས་གླུད་བཟང་ལྷ་བུ་འདྲ། །སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། །ཚེ་དང་སྲོག་གི་གླུད་དུ་འབུལ། །སྔོན་ཡང་སྟོན་པ་ཤཱཀ་ཐུབ་ཀྱིས། །འཕྲོག་མ་མ་བུ་ལྔ་བརྒྱ་ལ། །ཟན་གྱི་ཆངས་བུ་གནང་བས་ཚིམ། །དེ་བཞིན་བདག་དང་ཡོན་བདག་གིས། །ལག་པ་གཡོན་པས་བཅངས་པའི་ཟན། །ཆང་གཞུག་མཐེ་བོང་གཡས་ཀྱིས་བཅག །སྒང་ལྔ་འདོད་པའི་


CMR031_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ལྔ། །གཤོང་དྲུག་རིགས་དྲུག་འདོད་པས་ཚིམ། །འབུར་ཆུང་བཅུ་གཉིས་ལྡན་པ་འདིས། །ལོ་གྲངས་བཅུ་གཉིས་བར་གྱི་གླུད། །ལན་ཆགས་ག་པོ་རྣམས་ལ་སྦྱིན། །སྦྲང་རམ་ཤ་ཤུན་ཚྭ་སྒོག་གཡེར། །ཟོ་ཤེ་རྐྱལ་ཤེ་ཡོས་བཀྲ་སོགས། །གླུད་དང་ཡས་སྟགས་འདི་བསྔོས་པས། །ཐམས་ཅད་ངོམ་ཞིང་ཚིམས་གྱུར། །བུ་ལོན་ལན་ཆགས་བྱུང་བར་ཤོག །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཉི་མ་དེ་རི་ང་ཕྱིན་ཆད་ནས། །མ་ཉེ་མ་འཁོར་མ་གནོད་པར། །དཔག་ཚད་བརྒྱ་ཡི་ཕ་རོལ་སོང་། །གལ་ཏེ་བཀའ་ལ་མི་ཉན་ན། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། །ལུས་ངག་ཐལ་བར་བརླག་པར་འགྱུར། །དེ་བས་མྱུར་དུ་ཕྱིར་དེངས་ཤིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷ་ནཱན་བི་ཧཱུྃ་ཕཊ། གནོད་བྱེད་ཨུཙྪ་ཏ་ཡ་ཕཊ། ཧཱུྃ། མགོན་པོ་ཡེ་བརྫུ་མཆེད་ལྔ་དང་། །ཡེ་བརྫུ་སུམ་བརྒྱ་དྲུག་ཅུ་དང་། །གདོང་མོ་སྤུན་དགུ་བཀའ་སྡོད་བཞི། །ལྷ་དང་སྲུང་མ་ཐམས་ཅད་ཀྱི། །ཐུགས་དམ་གཉན་པོ་མདོས་ཀྱིས་བསྐང་། །བསྐང་ཡང་བསྐང་ལ་བཟློག་ཀྱང་ཟློག། །ཐུགས་དམ་བསྐང་ལ་རྐྱེན་དབང་ཟློག །


CMR031_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་བཟློག་ཕྲིན་ལས་དུས་ལ་བབ། །ཡས་ཀྱི་བདུད་དུ་གཡོས་པ་ཟློག །མས་ཀྱི་སྲི་རུ་ལང་བ་ཟློག །ལྟག་པར་བདུད་དུ་བབས་པ་ཟློག །དཔྲལ་བར་གཤེད་དུ་འཁོར་བ་ཟློག །ཡམས་ནད་རིམས་ནད་གོད་ཁ་ཟློག །ཆེ་སྲི་ཆུང་སྲི་དར་སྲི་ཟློག །བན་བྱད་བོན་བྱད་དམོད་བྱད་ཟློག །གཏོར་ཁ་མཐུ་ཁ་ཟོར་ཁ་ཟློག །གཏད་དང་ངག་མནན་སེལ་ནག་ཟློག །སྦྱིན་སྲེག་རླུང་འཁོར་ཕྲ་མེན་ཟློག །མདའ་ཟོར་ཁྲག་ཟོར་ཐུན་ཟོར་ཟློག །ནད་སྣ་ཡམས་སྣ་རིམས་སྣ་ཟློག །མི་ནད་ཕྱུགས་ནད་ཡམས་ནད་ཟློག །ཤི་སྲི་གོད་སྲི་ནད་སྲི་ཟློག །ཕྱི་ཡི་དམག་སྣ་ཇག་སྣ་ཟློག །ནང་གི་འཐབ་རྩོད་བྱེ་ཞིག་ཟློག །མི་ཡི་ན་ཚ་ཐམས་ཅད་ཟློག །ནོར་གྱི་གོད་ཁ་ཐམས་ཅད་ཟློག །ལོ་དགྲ་བཙའ་སད་སེར་གསུམ་ཟློག །བསྐལ་ངན་མུ་གེ་ཐམས་ཅད་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །དུས་མིན་འཆི་བ་བཅོ་བརྒྱད་ཟློག ། ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག །གློ་བུར་དགུ་བཅུ་རྩ་གཅིག་ཟློག །སྐག་རིགས་སུམ་བརྒྱ་དྲུག་ཅུ་ཟློག །མོ་ངན་རྩིས་ངན་རྨིས་ངན་།


CMR031_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །པྲ་ལྟས་མཚན་མ་ངན་པ་ཟློག །སྡང་བ་དགྲ་ཡི་སྟེང་དུ་ཟློག །གནོད་པ་བགེགས་ཀྱི་སྟེང་དུ་ཟློག །ཟ་བ་འདྲེ་ཡི་སྟེང་དུ་ཟློག །ཕུང་བ་སྲི་ཡི་སྟེང་དུ་ཟློག །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར། །བཟློག་བསྒྱུར་ཆེན་པོའི་དུས་ལ་བབ། །དུས་ལ་བབ་བོ་ས་མ་ཡ། །ཨོཾ་བཛྲ་ཝར་ཀ་ཏི་ཀྱི་ཡ་ཀྱི་ཡ་མ་མ་ད་ད་ཧ་ཧ་དེ་དེ། ཀྱུ་ཙུ་ཀྱུ་ཙུ། མུ་མུ་ཀ་ཏ་སང་ལྷོང་ངོ་། དགྲ་བགེགས་ཀྱི་སྙིང་ཁྲག་ལ་རྡུབ་རྔུབ། ཨ་ཨཱ་རི་རི་ཊ་ཊ་ཡ་ཡ་ནམ་ནམ། བྷ་བྷ། སད་སད། གི་ནི། ནོམ་ནོམ། ཀྲྀ་ཏྲི་མཱ་ར་ཡ་ཟློག་ཟློག །གསུམ་བདུན་ཉེར་གཅིག་ཅི་འགྲུབ་བརྗོད་པའི་རྗེས། །རང་ཉིད་ཡི་དམ་ཐུགས་ལས་འོད་ཟེར་འཕྲོས། །མདུན་བསྐྱེད་གཙོ་བོའི་ཐུགས་ཀར་ཟླ་བའི་སྟེང་། །ཏྲི་མཐར་སྔགས་ཕྲེང་གཡས་སུ་འཁོར་བ་ལས། །འོད་འཕྲོས་འཁོར་རྣམས་ཐམས་ཅད་འོད་ཀྱིས་བསྐུལ། །ཀུན་ཀྱང་བདག་གི་ལས་བཅོལ་སྒྲུབ་པར་བསམ། །ཨོཾ་ཏྲི་ལ་ཏྲི་ཏ། ཡ་ན་བྷ་སད། ཀྲྀ་ནཾ། ཨོཾ་ཀྱི་ཡ་ཀྱི་ཡ། མ་མ་ཏེ་ཏེ། ཧ་ཧ་ཏེ་ཏེ། ཀྱུ་ཙུ་ཀྱུ་ཙུ། མུ་མུ་ཀེ་ཏེ་སང་ལྷོང་ངོ་། །ཞེས་པ་མཆེད་ལྔ་སྤྱིའི་སྔགས།


CMR031_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཝར་ཀ་ཏི་པྲ་རི་དུ་རུ་མེ་ལྡོང་ངོ་ཁོད་དོ་ཛ་ཡ་ཛ་མ་ཛ་མ། བཛྲ་ལི་ལི་ཛ་ཛ༔ ས་མ་ཡ་དུ་ལི་ཛ་ཛ༔ གསང་ཡུམ་བརྟན་མ་བཞི་དང་དྲིལ་སྒྲུབ་སྔགས། །དེ་རྣམས་བསྙེན་པ་ཅི་འགྲུབ་བྱས་པའི་རྗེས། །ཡུ་མོའི་ཐོད་ཏིང་ནང་བཤམས་ཐུན་རེ་བྲན། །ལས་བྱང་ནང་གི་གཏོར་བསྔོས་དེ་བཏོན་ལ། །འདོད་དོན་ཕྲིན་ལས་བཅོལ་ལ་མདོས་ནང་འབུལ། །དེ་ལྟར་ཞག་གྲངས་ལྔ་བདུན་དགུ་ལ་སོགས། །མདོས་གཞུང་ཐུན་བཞིར་གྱེར་ཞིང་སྔགས་བཟླས་ན། །མདོས་སྒྲུབ་ཅེས་བྱ་སྒྲུབ་པའི་གོ་ཡང་ཆོད། །རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ། །འབྲུག་སྒྲ་རླུང་ཐོག་ཁ་ཆར་ཁུ་འཕང་བབས། །གཡག་དང་རྭ་སྐྱེས་ལུག་ཁྱུ་དམག་མི་དང་། །དཔོན་རི་སྐྱེས་ཕྲན་ཆས་བཟང་གོ་མཚོན་དང་། །བྱིསྦ་མཛེས་སྡུག་བུད་མེད་རྒྱན་ལྡན་འོངས། །འགྲུབ་པའི་རྟགས་ཡིན་མཐུ་རྩལ་ནུས་པ་ཐོན། །ཚེ་དང་བསོད་ནམས་དབང་ཐང་འཕེལ་བར་གསུངས། །དངོས་གཞི་མདོས་ཆོག་གི་ལེའུ་སྟེ་གཉིས་པའོ།། ༈ །།དེ་ནས་མདོས་དེ་འབུལ་བའི་གྲབ་བྱས་ལ། །སྔོན་དུ་ཁྱེར་རྒྱུའི་དཀར་གཏོར་གཅིག་དང་ནི། །རྗེས་སུ་གཏིང་ཕུལ་དམར་གཏོར་གཅིག་ཀྱང་བཞག །ལྗོངས་འདེབས་རྒྱུ་ཡི་འབྲུ་སྣ་འཚགས་བྱས་ལ། །དེ་ནས་གསེར་སྐྱེམས་ཕྱོགས་རྣམས་ཀུན་ཏུ་འཐོར། །ཁྱད་པར་འབུལ་བའི་ཕྱོགས་སུ་གཏོར་བཅུག་ཅིང་། །ཀྱི། ཕྱོགས་བཅུ་ཀུན་ན་གནས་པ་ཡི། །ཕྱོགས་སྐྱོང་ཞིང་སྐྱོང་རྣལ་འབྱོར་མ། །གཟའ་དང་བིའི་པི་ལིང་


CMR031_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལོ་ཟླ་ཞག་དུས་ས་བདག་ཚོགས། །རྣལ་འབྱོར་བདག་ལ་སྙན་གསོན་དང་། །ཆང་བས་དེ་ནི་ངོ་ཆེ་མེད། །གསེར་བས་དེ་ནི་རིན་ཆེ་མེད། །ཆང་དང་གསེར་དུ་སྦྱར་བ་ཡི། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས། །དམའ་བ་རྣམས་ཀྱིས་དབུ་ཁུག་ལ། །བར་པ་རྣམས་ཀྱིས་སྐུ་བཟུར་ཅིག །ཕོ་བྲང་རྣམས་ཀྱང་སྒོ་ཆོད་ལ། །ན་བཟའ་ལྷབ་ལྷུབ་མཐུ་བ་སྡུས། །མདོས་ཆེན་འདི་ཡི་ལམ་ཕྱེས་ཤིག །ཡུལ་ཕྱོགས་འདི་ལ་གནས་པ་དང་། །མདོས་ཀྱི་གདོང་ལ་གནས་པ་ཡི། །གཞི་བདག་གནས་བདག་ས་བདག་དང་། །བཙན་བདུད་ཡུལ་ལྷའི་ཚོགས་རྣམས་ཀུན། །གཡས་སུ་འདུག་པ་གཡས་སུ་བཟུར། །གཡོན་དུ་འདུག་པ་གཡོན་དུ་བཟུར། །སྟེང་དུ་བཞུགས་པ་ཞབས་ཡར་སྐུམས། །འོག་ཏུ་བཞུགས་པ་དབུ་ཁུག་ལ། །དྲག་པོའི་མདོས་ཀྱི་ཟོར་ཕོག་ན། །ང་ནི་མ་ཉེས་མ་ལེན་གྱིས། །ཉེས་ལེན་དགྲ་དང་བགེགས་ལ་ཕོབ། །དེ་ནས་སྒོ་དབྱེ་བ་ནི། ཕྱོགས་བཞིའི་རྩང་ཐུར་བཞི་ཤབ་ཅིང་། ཧཱུྃ། མགོན་པོ་ཡེ་བརྫུ་མཐུ་ཆེན་གྱི། །གསང་བའི་ཡུམ་སྟེ་དགྱེས་སྡེ་མོ། །ཤར་གྱི་གནམ་


CMR031_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་དཀར་མོ་ནི། །ཕྱག་ན་དུང་གི་ལྡེ་མིག་བསྣམས། །སྐུ་ལ་དར་དཀར་གོ་ཟུ་གསོལ། །སྨན་ཕྲན་འབུམ་གྱི་འཁོར་དང་བཅས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ཤར་ཕྱོགས་དུང་སྒོ་དཀར་པོ་ཕྱེས། །ཧཱུྃ། མགོན་པོ་ཡེ་བརྫུ་མཐུ་ཆེན་གྱི། །གསང་བའི་ཡུམ་སྟེ་དགྱེས་སྡེ་མོ། །ལྷོ་ཡི་བརྟན་མ་གཡུ་བུན་མ། །ཕྱག་ན་མུ་མན་ལྡེ་མིག་བསྣམས། །སྐུ་ལ་དར་སྔོན་གོ་ཟུ་གསོལ། །སྨན་ཕྲན་འབུམ་གྱི་འཁོར་དང་བཅས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ལྷོ་ཕྱོགས་གཡུ་སྒོ་སྔོན་པོ་ཕྱེས། །ཧཱུྃ། མགོན་པོ་ཡེ་བརྫུ་མཐུ་ཆེན་གྱི། །གསང་བའི་ཡུམ་སྟེ་དགྱེས་སྡེ་མོ། །ནུབ་ཀྱི་པདྨ་གང་ཆུང་མ། །ཕྱག་ན་བྱི་རུའི་ལྡེ་མིག་བསྣམས། །སྐུ་ལ་དར་དམར་གོ་ཟུ་གསོལ། །སྨན་ཕྲན་འབུམ་གྱི་འཁོར་དང་བཅས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ནུབ་ཕྱོགས་ཟངས་སྒོ་དམར་པོ་ཕྱེས། །ཧཱུྃ། མགོན་པོ་ཡེ་བརྫུ་མཐུ་ཆེན་གྱི། །གསང་བའི་ཡུམ་སྟེ་དགྱེས་སྡེ་མོ། །བྱང་གི་བརྟན་མ་བཀྲ་གསལ་མ། །ཕྱག་ན་གསེར་གྱི་ལྡེ་མིག་བསྣམས། །སྐུ་ལ་དར་སེར་གོ་ཟུ་གསོལ། །སྨན་ཕྲན་འབུམ་གྱི་འཁོར་དང་བཅས། །


CMR031_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བྱང་ཕྱོགས་གསེར་སྒོ་སེར་པོ་ཕྱེས། །བྷྱོ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་འབྲུ་སྣའི་རྫོངས་འདེབས་ཤིང་། ཧཱུྃ། མཐུ་ཆེན་ཡེ་བརྫུ་འཁོར་བཅས་ལ། །རིན་ཆེན་སྣ་ཚོགས་རྫོ་ངས་སུ་འདེབས། །དགོས་འདོད་ཡིད་བཞིན་འགྲུབ་པར་མཛོད། །ནད་སེལ་སྨན་རྣམས་རྫོ་ངས་སུ་འདེབས། །ནད་རྣམས་ཞི་བའི་ཕྲིན་ལས་མཛོད། །གྲོ་ནས་འབྲུ་སྣ་རྫོངས་སུ་འདེབས། །རྩྭ་ཁ་ལོ་ཏོག་འཕེལ་རྒྱས་མཛོད། །ཙནྡན་རྒྱ་སྤོས་རྫོངས་སུ་འདེབས། །སྙན་གྲགས་ཀུན་ཏུ་ཁྱབ་པར་ཤོག་ཤ་ཁྲག་ཟས་སྣ་རྫོངས་སུ་འདེབས། །ལོངས་སྤྱོད་ལྷུན་གྱིས་གྲུབ་པར་མཛོད། །སྲོག་ཆགས་གཟུགས་རྣམས་རྫོངས་སུ་འདེབས། །མི་ནོར་འཁོར་གཡོག་འཕེལ་བར་མཛོད། །རྒྱལ་མཚན་གཟུགས་རྣམས་རྫོངས་སུ་འདེབས། །བསྟན་པའི་རྒྱལ་མཚན་ཚུགས་པར་མཛོད། །ཤ་ཁྲག་གཏོར་མ་རྫོངས་སུ་འདེབས། །སངས་རྒྱས་བསྟན་པ་སྲུང་བར་མཛོད། །ཛ་གད་བདུད་རྩི་ལྗོངས་སུ་འདེབས། །རྣལ་འབྱོར་སྐུ་ཚེ་རིང་བར་མཛོད། །སྟག་རས་གཟིག་རས་རྫོངས་སུ་འདེབས། །དགྲ་སྡེ་ཟིལ་གྱིས་གནོན་པར་མཛོད། །དར་ཚོན་སྣ་


CMR031_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྫོངས་སུ་འདེབས། །བཀྲག་དང་གཟི་མདངས་ལྡན་པར་མཛོད། །རི་རབ་གླིང་བཞི་རྫོངས་སུའདེབས། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །ཧཱུྃ། ད་ནི་མདོས་ལ་ཁལ་གཅིག་འགེལ། །སྟོབས་ལྡན་གླང་ཆེན་མདོས་ཀྱི་ཁལ། །འབྲོང་ཆེན་དར་མ་མདོས་ཀྱི་ཁལ། །དབང་པོ་ཁམས་དང་སྐྱེ་མཆེད་ལྡན། །རྫུ་འཕྲུལ་སྟོབས་ཀྱི་རྐང་པ་ལ། །མྱུར་མགྱོགས་རྒྱུག་པའི་བང་དང་ལྡན། །བསམ་ཕྱིན་རླུང་གི་གཤོག་པ་ཅན། །སྲིད་པའི་མདོས་ཀྱི་ཁལ་དུ་འབུལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཆག་ཆེན་ཉམ་ང་ཅི་མཆིས་པ། །སྲིད་པའི་མདོས་ལ་ཁལ་དུ་བཀལ། །ཁལ་དུ་བཀལ་ལ་ཁུར་དུ་བསྐུར། །གཉེར་དུ་གཏད་དོ་ཁྱེར་ལ་སོང་། །དམ་ལ་མ་འདའ་ས་མ་ཡ། །དེ་ནས་གཡང་ལེན་བྱ་བ་ནི། །མདོས་རྩེ་བཀྲ་ཤིས་རྟགས་བརྒྱད་ནས། །གང་ཟིན་གཅིག་ནི་བླང་བྱ་ཞིང་། །ཧཱུྃ། དེ་རིང་སྲིད་པའི་མདོས་ཆེན་ལ། །དཀོན་མཆོག་གསུམ་དང་ཡི་དམ་ལྷ། །ཆོས་སྐྱོང་སྲུང་མ་ནོར་ལྷའི་ཚོགས། །མདོས་ལ་མི་ལྗོངས་གཡང་དུ་ལེན། །སློབ་དཔོན་རྒྱུད་ཀྱི་ཆོས་སྐྱོང་དང་། །ཕ་མྱེས་རྒྱུད་ཀྱི་དགྲ་བླ་དང་། །མགོན་སྐྱོབ་བྱེད་པའི་སྲུང་མ་རྣམས། །


CMR031_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་ལ་མི་རྫོངས་གཡང་དུ་ལེན། །སྲིད་པ་ཆགས་པའི་ལྷ་དགུ་དང་། །སྐྱོབ་པར་བྱེད་པའི་ལྷ་ལྔ་དང་། །འཇིག་རྟེན་བརྟེན་པའི་ལྷ་དགུ་རྣམས། །མདོས་ལ་མི་རྫོངས་གཡང་དུ་ལེན། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་བདུན། །གཏེར་གྱི་བུམ་པ་དཔག་བསམ་ཤིང་། །འཆི་མེད་ཚེ་ཡི་བདུད་རྩི་སྨན། །མདོས་ལ་མི་རྫོངས་གཡང་དུ་ལེན། །མཆོག་དང་ཐུན་མོང་དངོས་གྲུབ་གཉིས། །གྲུབ་པ་བརྒྱད་དང་ཕྲིན་ལས་བཞི། །གཡང་དང་དངོས་གྲུབ་ཐམས་ཅད་རྣམས། །མདོས་ལ་མི་རྫོངས་གཡང་དུ་ལེན། །སརྦ་སིདྡྷི་ཨངྐུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཡོད་ན་རིགས་ལྔའི་དབུ་བརྒྱན་གཅིག །མདོས་ཀྱི་སྟེང་དུ་ཚད་ཙམ་བྱ། །མེད་ན་ནས་འབྲུ་བཏབ་པས་འཐུས། །ཧཱུྃ། དེ་རིང་སྲིད་པའི་མདོས་ཆེན་ལ། །ཡེ་ཤེས་ལྔ་ཡིས་དབང་བསྐུར་རོ། །ཤཱཀྱ་ཐུབ་པས་དབང་བསྐུར་རོ། །རིགས་གསུམ་མགོན་པོས་དབང་བསྐུར་རོ། །འོད་དང་ཟེར་གྱིས་དབང་བསྐུར་རོ། །སྔོན་མོ་ནས་ཀྱིས་དབང་བསྐུར་རོ། །སྟོབས་པོ་ཆེ་ཡིས་དབང་བསྐུར་རོ། །ཅིས་ཀྱང་མི་ཚུགས་དབང་བསྐུར་རོ། །ཁྲོ་བོ་རྣམས་དང་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་ལོག་ཅིག །བན་བོན་


CMR031_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་ཆེན་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་ལོག་ཅིག །སྔགས་པ་ཕུར་ཐོགས་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་ལོག་ཅིག །སྐྱེས་པ་དམག་ཆས་ཅན་དང་འཕྲད་གྱུར་ཀྱང་།།མདོས་སྣ་ཚུར་ལ་མ་ལོག་ཅིག །བག་མ་རྒྱན་ཅན་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་ལོག་ཅིག །ལིངས་པ་ཁྱི་ཁྲིད་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་ལོག་ཅིག །གྲི་བོ་རྨེ་ཕོ་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་ལོག་ཅིག །ཨ་ར་ཤི་སྐྱིད་དམག་འཕྲད་ཀྱང་། །མདོས་སྣ་ཚུར་ལ་མ་ལོག་ཅིག །ཡུགས་ས་མཛེ་མོ་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་ལོག་ཅིག །ཡེ་བརྫུ་འཁོར་བཅས་ཁྱེད་རྣམས་ཀྱང་། །རླུང་དང་འཚུབ་མའི་སྐུར་སྤྲུལ་ལ། །མདོས་ལོངས་ཡས་ཁྱེར་དྲེགས་པའི་ཚོགས། །མ་ཧཱ་བ་ལ་བློ་སྦྱོ་བྷྱོ། ཟློག་ཟློག་ཟློག །དེ་ནས་དཀར་གཏོར་གཅིག་བྲན་ལ། །གཞི་བདག་ལ་བསྔོས་ཕྱིར་ལ་བཞག །དེ་ཡི་རྗེས་སུ་ངར་གླུད་བཞག །དེ་རྗེས་མདོས་ཀྱི་ཞལ་ཕྱིར་བསྒྱུར། །ཧཱུྃ། ད་ནི་མདོས་ཀྱི་ཞལ་བསྒྱུར་རོ། །མཐུ་ཆེན་ཡེ་བརྫུ་འཁོར་དང་བཅས། །སྡང་བའི་དགྲ་ལ་ཞལ་བསྒྱུར་རོ། །ཡེ་བརྫུ་སུམ་བརྒྱ་དྲུག་ཅུ་དང་། །གདོང་མོ་མཆེད་དགུ་བཀའ་སྡོད་


CMR031_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། །སྡང་བའི་དགྲ་ལ་ཞལ་བསྒྱུར་རོ། །བཙན་བདུད་ལྷ་སྲིན་དྲེགས་པའི་ཚོགས། །།ཐེའུ་རང་སྟོང་སྡེའི་དམག་ཚོགས་རྣམས། །སྡང་བའི་དགྲ་ལ་ཞལ་བསྒྱུར་རོ། །ཆིབས་ཁ་དགྲ་ཡི་ཡུལ་དུ་བསྒྱུར། །དམག་སྣ་ཇག་སྣ་དགྲ་ལ་བསྒྱུར། །མཚོན་གྱི་ཆར་པ་དགྲ་ལ་ཕོབ། །ནད་ཀྱི་རྐྱལ་པ་དགྲ་ལ་བྱོས། །ཁྲོམ་གྱི་བམ་པོ་དགྲ་ལ་རྒྱབ། །མདུང་དར་དགྲ་བོའི་སྙིང་ལ་རྒྱོབ། །ཟས་སུ་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་། །དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད། །བགེགས་དཔུང་ཐལ་བ་རྡུལ་དུ་རློགས། །ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་བྷྱོ་བྷྱོ། ཧཱུྃ། ད་ནི་མདོས་ལ་ལམ་བསྟན་ནོ། །དགུ་ཚིགས་སྐྱ་མོ་མདོས་ཀྱི་ལམ། །གཟའ་གཤེགས་ནམ་མཁའི་དབྱིངས་ལ་གཤེགས། །མདོས་ལམ་ཆུ་བོའི་གཞུང་དུ་བསྟན། །ཀླུ་རྣམས་རྒྱ་མཚོའི་ནང་དུ་གཤེགས། །མདོས་ཀྱི་ལམ་བསྟན་གངས་དཀར་རྩེ། །ལྷ་གཤེགས་གངས་དཀར་རྩེ་ལ་གཤེགས། །མདོས་ཀྱི་ལམ་བསྟན་བྲག་དམར་ལོགས། །བཙན་གཤེགས་བྲག་དམར་ལོགས་ལ་གཤེགས། །མདོས་ཀྱི་ལམ་བསྟན་བྲག་ནག་རྩེ། །བདུད་གཤེགས་བྲག་


CMR031_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ནག་རྩེ་རུ་གཤེགས། །མདོས་ཀྱི་ལམ་བསྟན་རྒྱ་མཚོའི་འགྲམ། །མ་མོ་རྒྱ་མཚོའི་འགྲམ་དུ་གཤེགས། །མདོས་ཀྱི་ལམ་བསྟན་སྐྱེད་མོས་ཚལ། །སྨན་གཤེགས་སྨན་རའི་ནང་དུ་གཤེགས། །མདོས་ཀྱི་ལམ་བསྟན་ས་བྲག་ཕུག །ཐེའུ་རང་ཕུག་པའི་ནང་དུ་གཤེགས། །སརྦ་བྷུ་ཏ་གཙྪ། ཧཱུྃ། ད་ནི་མདོས་ཀྱི་ཤི་ས་བསྟན། །ནམ་མཁའ་ཡེ་ནས་འགྱུར་བ་མེད། །འབྱུང་བཞི་མི་རྟག་སྒྱུ་མ་ཡིན། །སེམས་ཉིད་ཡེ་ནས་མི་འགྱུར་ཏེ། །ཕུང་པོ་མི་རྟག་སྒྱུ་མ་ཡིན། །ཆོས་ཉིད་ཡེ་ནས་མི་འགྱུར་ཏེ། །ཚིག་དང་ཡི་གེ་སྒྱུ་མ་ཡིན། །འདུས་བྱས་འདི་ལ་རྟག་པ་མེད། །མདོས་ཀྱང་མི་རྟག་སྒྱུ་མ་ཡིན། །སྒོ་ཐེམ་བརྒལ་བ་ཕྱིན་ཆད་ནས། །མི་རྟག་འཇིག་པའི་ཆོས་ཅན་ཡིན། །ཇི་ལྟར་ཞིག་ཀྱང་ཕྲག་དོག་མེད། །ཅི་ཡིས་བཤིག་ཀྱང་ཕྲག་དོག་མེད། །འདིར་བསྐྱལ་ཟེར་བའི་བསྐྱལ་ས་མེད། །འདིར་བཞག་ཟེར་བའི་བཞག་ས་མེད། །སུ་ཡིས་བཤིག་ཀྱང་ཤི་ས་ཡིན། །བྱ་སྤྱང་ཁྱི་ཕག་ཐམས་ཅད་ཀྱང་། །ཕྲ་མེན་ལན་ཆགས་མགྲོན་ཡིན་པས། །སུ་ཡིས་ཟོས་ཀྱང་ཕྲག་དོག་མེད། །དེ་ལྟར་ལྷ་འདྲེས་གོ་བར་མཛོད། །ཨ་ཨ་ཨ། འདི་ནི་བསྐང་མདོས་


CMR031_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་མདོས་ཡིན་པའི་ཕྱིར། །ཁྱིམ་དུ་འབུལ་ཡང་ཆོག་པ་སྟེ། །དཀར་བགེགས་གཉིས་པོ་ཕྱི་ལ་འབུལ། །དེ་ནས་མདོས་བཅག་འབུལ་བར་ཆོག །བཟློག་མདོས་དོན་ལ་ཚང་བའི་ཕྱིར། །ཕྱི་རུ་འབུལ་བ་ཀུན་ལ་དར། །དཀར་བགེགས་གཉིས་པོ་སྔོན་དུ་ཁྱེར། །དེ་རྗེས་མདོས་ཁྱེར་དེ་ཡི་རྗེས། །དམར་གཏོར་དར་ནག་གཉིས་པོ་ཁྱེར། །གལ་ཏེ་སྤྲོས་པ་ལ་དགའ་ན། །གཡས་སུ་སྐྱེས་པ་གོ་ཁྲབ་ཅན། །གཡོན་དུ་བུད་མེད་གཡབ་དར་ཐོགས། །རྒྱབ་ཏུ་བཙུན་པས་ཤེར་སྙིང་འདོན། །སྔགས་པས་ཕུར་པ་རྐེད་དུ་བཅུག །མདོས་སྐྱེལ་རུ་འདྲེན་སྡེ་བཞི་ཡིན། །རྔ་དང་རོལ་མོ་བསྒྲག་ཅིང་འགྲོ། །ཕྱོགས་ནི་གཙང་སར་ཁ་རྒྱུས་ལ། །རེ་ཞིག་དེ་རྣམས་ཐང་དུ་བཞག །གོང་དུ་བཤད་ལྟར་གསེར་སྐྱེམས་གཏོར། །སླར་ཡང་དཀར་གཏོར་བྲན་བྱས་ལ། །ཧཱུྃ། ཤར་ལ་སོགས་པའི་ཕྱོགས་བཅུ་ནས། །ཞེས་སོགས་བརྗོད་ལ་དཀར་གཏོར་ཕུལ། །ཧཱུྃ། སྔོན་ཚེ་ལྷ་དབང་བརྒྱ་བྱིན་གླུད། །ཅེས་སོགས་བརྗོད་ལ་བགེགས་གཏོར་ཕུལ། །མདོས་སྒབ་ཟོར་གྱིས་བཅད་གསུངས་ཕྱིར། །མདའ་ཟོར་མ་གཏོགས་འདིར་མི་འཐད། །ཤོག་ལིང་བྲིས་པ་ཡོད་ན་རབ། །མེད་ན་ཟན་གྱི་ལིང་གས་ཆོག །ཤིང་ནག་རྩེ་ལ་མགོ་ཐུར་བཙུགས། །འགུགས་གཞུག་སྤྱི་ལྟར་བྱས་པའི་རྗེས། །གཞུ་མཆོག་དར་གྱིས་བརྒྱན་པ་བཟུང་། །ལྷ་ལྔས་རང་རང་མདའ་ལྔ་འཕེན། །ཧཱུྃ། རྩ་བ་གསུམ་པོ་གཟུ་དང་དཔང་། །ཞིང་བཅུ་ཚང་


CMR031_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགྲ་བོ་ལ། །དྲག་པོའི་མདའ་ཡི་ཟོར་འཕེན་ནོ། །ང་ནི་མ་ཉེས་མ་ལེན་གྱི། །ཉེས་བྱེད་དགྲ་ལ་ཆད་པ་ཕོབ། །བདུད་འདུལ་ཕུར་པའི་ལྷ་ཚོགས་ཀྱིས། །དྲག་སྔགས་མཐུ་ཡི་མདའ་ཟོར་འདིས། །སྟེང་འོག་ཕྱོགས་བཅུར་བཞུགས་པ་ཡི། །ལྷ་སྲིན་ཀུན་ལ་ཟོར་མི་འཕེན། །འོ་ན་ཟོར་འཕེན་གང་ལ་འཕེན། །བསྟན་པའི་སྤྱི་དགྲར་གྱུར་ལ་འཕེན་།སྡང་བར་བྱེད་པའི་དགྲ་ལ་འཕེན། །གནོད་པར་བྱེད་པའི་བགེགས་ལ་འཕེན། །ཟ་བར་བྱེད་པའི་འདྲེ་ལ་འཕེན། །གཞུ་ནི་ཐབས་མཆོག་ཡབ་ཀྱི་སྐུ། །རྒྱུད་ནི་ཤེས་རབ་ཡུམ་གྱི་སྐུ། །མདའ་ནི་སྲས་མཆོག་གདུག་པའི་མཚོན། །བདུད་འདུལ་ཕུར་པའི་ལྷ་ཚོགས་དང་། །ཕུར་སྲུང་མཆེད་ལྔ་གདུག་པའི་མཚོན། །སྡང་བ་དགྲ་བོའི་སྟེང་དུ་འཕེན། །དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད། །གནོད་པའི་བགེགས་ཀྱི་སྟེང་དུ་འཕེན། །བགེགས་དཔུང་ཐལ་བ་རྡུལ་དུ་རློགས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱན་བི་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བགེགས་མཱ་ར་ཡ་ཐུན་ཡ་ཐུན་ཡ། ཞེས་འཕེན། དེ་ནས་མདའ་བཞི་པོ་ཕྱོགས་སོ་སོར་བཀང་ལ་མདེལ་མགོ་བྱས་ཏེ་ལིངྒ་ལ་བརྒྱབ། ཤར་དུ་བཀང་ཞིང་། ཧཱུྃ།


CMR031_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་འོད་ཀྱི་དཀྱིལ་འཁོར་ནས། །རྒོད་ཀྱི་མགོ་སྟེ་ཕྲ་མེན་མ། །ཀྲོ་ཏ་ཧི་ཧ་བརྗོད་ནས་ཀྱང་། །ཤར་གྱི་ཕྱོགས་སུ་ཁ་བལྟས་ནས། །རླུང་ཤུགས་དྲག་པོའི་བསྐྱོད་པའི་མདའ། །དཀར་ནག་མཚམས་སུ་བརྒྱབས་པ་ཡིས། །དྲན་པ་མེད་པར་འཆི་བར་ངེས། །ཀྲི་ཏ་མུ་ཁ་ཛཆུད། ལྷོར་བཀང་ཞིང་། ཧཱུྃ་ལྕགས་སྟོང་འབར་བའི་དཀྱིལ་འཁོར་ནས། །གསེར་མདའ་འུག་པའི་མགོ་བོ་ཅན། །ཧེ་ཧེ་ཐང་གསུམ་བརྗོད་ནས་ཀྱང་། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ནས། །གསེར་མིག་གསལ་བའི་མིག་བཙུམས་ནས། །ར་ཙ་ཞེས་པས་སྔགས་བཟླས་ནས། །ལྟོང་དམར་འུག་པས་བསྒྲོན་པའི་མདའ། །གང་ལ་དམིག་ཏེ་འཕངས་བྱས་ན། །ཐེ་ཚོམ་མེད་པར་འཆི་བར་འགྱུར། །ཧུ་ལུ་མུ་ཁ་མཱ་ར་ཡ་ཕཊ༔ ནུབ་ཏུ་བཀང་ཞིང་། ཧཱུྃ། ཞེ་སྡང་འབར་བའི་དཀྱིལ་འཁོར་ནས། །ལྕགས་ཀྱི་བྱ་ཁྲ་འབར་བ་ལ། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ནས། །སྟོང་དམར་ཁྲ་ཡི་སྒྲོ་བསྒྲོན་འདིས། །སྡང་དགྲ་གནོད་བྱེད་གང་ཡང་རུང་། །མཁལ་མ་སྙིང་དང་ནང་ཁྲོལ་རྣམས། །ཞེ་སྡང་བསྐྱེད་ནས་འཕེན་པར་བྱེད། །ར་ཙ་མུ་ཁོ་མཱ་ར་ཡ་


CMR031_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ༔ བྱང་དུ་བཀང་ཞིང་། ཧཱུྃ། མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །བྱ་རོག་མགོ་སྟེ་ཕྲ་མེན་མ། །ཀྲོག་སྒྲ་ཐང་གསུམ་བྱས་ནས་ནི། །བྱང་གི་ཕྱོགས་སུ་ཁ་བལྟས་ནས། །དང་རུ་གཡས་པས་བསྒྲོན་བའི་མདའ། །སྡང་བའི་དགྲ་ལ་འཕེན་པའི་ཚེ། །མཱ་ར་ཡ་ཡི་སྔགས་བཟླས་ཤིང་། །ཀླད་པའི་སྟེང་ཏུ་བརྒྱབ་པའི་ཚེ། །སྨྲ་ཉམས་མེད་པར་འཆི་བར་འགྱུར། །ཁ་ཁ་མུ་ཁ་མཱ་ར་ཡ་ཐུན་ཡ། དེ་ནས་རལ་གྲི་ལག་ཏུ་ཐོགས་ཏེ། ཧཱུྃ། རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ། །ཁྲོ་བཅུ་ཁྲ་ཐབས་ཕུར་སྲུང་ཚོགས། །རྣོ་མྱུར་དགེ་བསྙེན་མཆེད་ལྔ་པོ། །དྲག་སྔགས་སྤུ་གྲི་རྣོ་བའི་དབལ། །ཐོགས་མེད་གནམ་ལྕགས་གདུག་པའི་མཚོན། །དགྲ་བགེགས་ཕོ་གཏུབ་གཡས་སུ་གཏུབ། །དགྲ་བགེགས་མོ་གཏུབ་གཡོན་དུ་གཏུབ། །ཡིད་ལ་མནག་པའི་སྙིང་ལ་གཏུབ། །རྐང་པ་གཡོན་གྱི་མཐེ་བོང་ནས། །ཏིལ་ཙམ་དུ་ནི་གཏུབ་པར་བྱ། །ཏིཀ་སྣ་ཁརྒ་ཚལ་པ་ཚལ་པ་དུམ་བུ་དུམ་བུ་རྡུལ་ཕྲན་རྡུལ་ཕྲན་མཱ་ར་ཡ་ཕཊ༔ ལིང་དུམ་བུ་གསུམ་དུ་གཏུབ། །ཤོག་ལིང་ཡིན་ན་མེ་རུ་སྦྱར། །ཐལ་བ་ཚུམ་གཅིག་མདོས་སུ་གཏབ། །ཚུམ་གཅིག་དམར་གཏོར་ནང་དུ་གཏབ། །ཚུམ་གཅིག་མདོས་གདན་སྒྲུབ་པའི་


CMR031_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཐད། །ས་ཡི་འོག་ཏུ་མནན་པ་བྱ། །ཟན་ལིང་ཡིན་ན་མགོ་དེ་མནན། །དེ་འཕྲོས་མདོས་དང་གཏོར་མ་གསོ། །དེས་ནི་མནན་བསྲེགས་འཕང་གསུམ་ཚང་། །དེ་ནས་མི་བཞིས་མདོས་བཀྱག་སྟེ། །མདོས་མདུན་ཤར་གྱི་ཕྱོགས་སུ་བསྟན། །ཧཱུྃ། ཤར་གྱི་ཕྱོགས་སུ་མདོས་འབུལ་ལོ། །མགོན་པོ་ཡེ་བརྫུ་མཐུ་ཆེན་ནི། །ཤར་གྱི་ཕྱོགས་སུ་སྐུ་བསྐྱོད་ཚེ། །གླང་ཆེན་ཆིབས་ཤིང་ཀླུ་གླང་ཁྲིད། །ཤར་ཕྱོགས་དྲི་ཟ་དབང་དུ་སྡུད། །རྨ་ཆེན་སྤོམ་ར་ཕོ་ཉར་འགྱེད། །ངང་པ་ཆིབས་པའི་སྟག་ཆས་ཅན། །སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས། །སུལ་སུལ་ཁྲོལ་ཁྲོལ་མདོས་འདི་ལོངས། །ཤར་གྱི་ཕྱོགས་ཀྱི་དགྲ་བགེགས་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་ལྷོ་རུ་ཁ་བསྒྱུར་ལ། །ཧཱུྃ། མགོན་པོ་ཡེ་བརྫུ་མཐུ་ཆེན་ནི། །ལྷོ་ཡི་ཕྱོགས་སུ་སྐུ་བསྐྱོད་ཚེ། །ར་སྐྱེས་ཆིབས་ཤིང་གདོང་མོ་འགྱེད། །ལྷོ་ཕྱོགས་གྲུལ་བུམ་དབང་དུ་སྡུད། །སྨོན་སྐྱེས་གང་བཞུད་ལས་ལ་མངག །རག་པ་ཆིབས་པའི་གསེར་ཁྲབ་ཅན། །སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས། །སིལ་སིལ་ཆོམ་ཆོམ་མདོས་འདི་ལོངས། །ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས་ཟློག །བཅོལ་བའི་ཕྲིན་ལས་


CMR031_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་མཛོད། །ཧཱུྃ། མགོན་པོ་ཡེ་བརྫུ་མཐུ་ཆེན་ནི། །ནུབ་ཀྱི་ཕྱོགས་སུ་སྐུ་བསྐྱོད་ཚེ། །རེ་འབྱམས་ཆིབས་ཤིང་སྦྱར་ནག་ཁྲིད། །ཀླུ་བདུད་ཐམས་ཅད་དབང་དུ་སྡུད་། །སྐྱོགས་ཆེན་གདོང་ར་ཕོ་ཉར་འགྱེད། །མཚལ་བུ་རྟིང་དཀར་ཆིབས་པ་ཡི། །སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས། །སིལ་སིལ་འུར་འུར་མདོས་འདི་ལོངས། །ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། མཐུ་ཆེན་མགོན་པོ་ཡེ་བརྫུ་ནི། །བྱང་གི་ཕྱོགས་སུ་སྐུ་བསྐྱོད་ཚེ། །རླུང་ནག་ཆིབས་ཤིང་འཚུབ་མ་ཁྲིད། །བྱང་ཕྱོགས་གནོད་སྦྱིན་དབང་དུ་སྡུད། །ཡར་ལྷ་ཤམ་པོ་ཕོ་ཉར་འགྱེད། །དཀར་པོ་ལྷ་གཡག་ཆིབས་པ་ཡི། །སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས། །སིལ་སིལ་ཁྲོབ་ཁྲོབ་མདོས་འདི་ལོངས། །བྱང་གི་ཕྱོགས་ཀྱི་དགྲ་བགེགས་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་འབུལ་ཕྱོགས་ཁ་བསྒྱུར་ལ། །མདོས་དེ་ས་ལ་བཞག་བྱས་ཏེ། །མདོས་ཆས་ཙཀ་ལི་ཐམས་ཅད་བླངས། །བསྐང་འབྲས་སྣོད་གཙང་ནང་དུ་བསྡུས། །ཆུ་གནས་གཟུགས་རྣམས་ཆུ་ལ་བསྐྱལ། །ཧཱུྃ། མགོན་པོ་ཡེ་བརྫུ་འཁོར་དང་བཅས། །ཨོ་རྒྱན་


CMR031_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་བཀའ་བསྒོས་ཤིང་། །རང་གིས་ཞལ་བཞེས་མ་གཡེལ་བར། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཐམས་ཅད་སོལ། །ཚེ་དང་བསོད་ནམས་དབང་ཐང་སྤེལ། །འདོད་པའི་དངོས་གྲུབ་དབང་དུ་བསྡུས། །གནོད་པའི་དགྲ་བགེགས་ཐམས་ཅད་ཟློག །ཡིད་ལ་བསམ་པའི་དོན་གྲུབ་མཛོད། །གལ་ཏེ་དེ་ལྟར་མ་བྱས་ན། །སློབ་དཔོན་པདྨའི་དམ་ཚིག་འགལ། །རྡོ་རྗེ་གཞོན་ནུ་ཐུགས་ཁྲོས་ནས། །བཀའ་ཡི་ཆད་པས་མགོ་བོ་འགེམས། །རྡོ་རྗེ་དམྱལ་བར་ལྟུང་བར་འགྱུར། །དེ་བས་ལས་འདི་མྱུར་དུ་སྒྲུབས། །བཛྲ་ས་མཱ་ཡ་ན་ར་ཀན། །རྔ་ནི་དྲག་བརྡུང་རོལ་མོ་བཅས། །གཙོ་བོ་ལྔ་པོའི་གཏོར་མ་ནི། །འབུལ་བའི་ཕྱོགས་སུ་རྩེ་སྟན་བསྐྱལ། །གཏོར་མ་དྲག་ཟླརིམ་དངོས་གྲུབ་བླངས། །ཞལ་ཞིལ་བྱ་ཁྱིའི་ཟ་བར་གཏོར། །དེ་ནས་རྗེས་ཀྱི་དམར་གཏོར་བཀྱག །ཁྲོ་ཆུ་སེང་གདོང་མ་ལ་སོགས། །ཟློག་པའི་ལྷ་གཅིག་བསྐུལ་པ་འདོན། །བཟློག་སྔགས་བཏོན་ཅིང་རོལ་མོར་བཅས། །དམར་གཏོར་འབུལ་ཞིང་དར་ནག་གདབ། །མདོས་གདན་གཏོར་སྣོད་སྦུབ་པའི་སྟེང་། །དར་ནག་བསྒྲིལ་ལ་བཙུགས་བྱས་ཏེ། །ན་མོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདུད་འདུལ་ཕུར་པའི་ལྷ་


CMR031_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས། །མཐུ་དང་བདེན་པ་ཆེན་པོ་ཡིས། །ཡེ་བརྫུ་མཆེད་ལྔ་སྒྲུབ་པ་ལ། །གནོད་ཅིང་འཚེ་བ་སྒབ་འདྲེའི་རིགས། །ཐེའུ་རང་ར་ནག་ཞོན་པ་དང་། །བསྙབ་པ་ལག་རིང་ཡམ་ཤུད་དང་། །ཐེའུ་རང་སྟོང་འཁྲུགས་ལ་སོགས་པ། །དམ་སྲི་སྒབ་འདྲེ་ཐམས་ཅད་ཀུན། །རིམ་དགུ་ས་ཡི་འོག་ཏུ་སོང་། །ཆུ་སྲིན་གདུག་པའི་གྲེ་བར་བརྫ་ངས། །རི་རབ་ཆེན་པོའི་བརྗིད་ཀྱིས་མནན། །མནན་པ་ཡིན་ནོ་མ་ལྡང་ཞིག །བཅད་པ་ཡིན་ནོ་མ་བཅད་ཅིག །ཁྲོ་བོ་བཅུ་ཡི་བྲོ་བརྡུངས་ནས། །རྡོ་རྗེ་གཞོན་ནུའི་རྒྱ་ཡིས་གདབ། །རྒྱ་དང་དམ་ལ་མ་འདའ་ཞིག །ཨོཾ་ལཾ་ཧཱུྃ་ལཾ་སུཾ་བྷ་ཡ་ནན། ས་མ་ཡ། རྒྱ་རྒྱ་རྒྱ། སྟེང་ནས་རྐང་པས་རྒྱ་གྲམ་མནན། །འདི་ནི་ཐུན་གཏོར་འབུལ་དུས་ཀྱང་། །གཏོར་སྣོད་སྦུབས་ནས་འདོན་ཞིང་དམིགས་པ་བྱ། །དེ་ཡིས་དམ་སྲི་མནན་པའི་གོ་ཡང་ཆོད། །ཕྱི་ལྟས་མི་བྱ་ཁྱིམ་དུ་ལོག །སྔགས་པ་ཉིད་ནི་རྗེས་ནས་འོངས་བྱས་ནས། །དར་ནག་མི་ཕྱིར་ཕྱི་ཁྲིད་བྱས་ནས་འོངས། །དེ་ཚེ་རྣམ་འཇོམས་བཟླ་ཞིང་དམིགས་པ་ནི། །བྱ་ཁྱུང་གཅིག་གིས་ཕྱིར་གཟིགས་རྗེས་གཅོད་བསམ། །དེ་ནི་འབྱུང་པོའི་རྗེས་འཁྲི་བསྲུང་བའོ། །ཁྱིམ་དུ་ཕྱིན་ནས་རང་གི་ཡི་དམ་གྱི། །དགའ་སྟོན་ཚོགས་འཁོར་ཚེ་འགུགས་བཀྲ་ཤིས་བྱ། །ཕྱིར་ནངས་བསངས་བྱས་རྐང་འབྲས་བསང་ནང་


CMR031_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། །དེ་ཡིས་མདོས་རྗེས་སྦྱིན་སྲེག་གོ་ཆོད་འགྱུར། །བསང་ཡང་དོན་ལ་ཞི་བའི་སྦྱིན་སྲེག་ཡིན། །རྗེས་ཀྱི་ལེའུ་གསུམ་པའོ།། ༈ །།དེ་ལྟར་བྱས་པའི་ཕན་ཡོན་ནི། །ལས་ཀྱི་རྣམ་སྨིན་མ་གཏོགས་པའི། །རྐྱེན་ངན་བར་ཆད་ཐམས་ཅད་ཟློག །གང་ལ་བསོད་ནམས་གང་ལ་ཡོད། །བསགས་པས་དབང་ཐང་མངའ་ཐང་རྒྱས། །ཀུན་རྫོབ་རྟེན་འབྲེལ་བསླུ་མེད་ཕྱིར། །འདི་ལ་བྱིན་རླབས་ངེས་པར་ཡོད། །ཀྱེ་མ་བན་རྒན་རཱ་ག་ཨ་སྱ་བདག །ཚེ་སྔོན་ལས་འཕྲོའི་སྔགས་ནག་བུ་རུ་སྐྱེས། །ལོ་བརྒྱད་ལོན་ནས་སྔགས་ཆོས་མདོས་རིགས་སྦྱངས། །མི་ཚེ་ཧྲཱིལ་པོར་སྔགས་ཆོས་ཉམས་སུ་བླངས། །དེ་ཕྱིར་དྲག་སེང་དཔོན་པོ་རིག་སྔགས་འཆང་། །ཨཱ་ཡུའི་མཚན་ཅན་དེ་ཡིས་ནན་གྱིས་བསྐུལ། །འོན་ཀྱང་གཉན་ཕྱིར་གྱ་ཚོམ་མ་བྲིས་པར། །རྩ་གསུམ་ལྷ་ལ་ཚོགས་ཀྱི་འཁོར་ལོ་བསྐོར། །ཆོས་སྐྱོང་ཉིད་ལ་གཏོར་མ་ཡང་ཡང་ཕུལ། །གསོལ་བ་བཏབ་པས་གནང་བའི་རྟགས་མཚན་ཐོབ། །འོན་ཀྱང་གང་དྲན་རང་བཟོ་མ་བྱས་པར། །ཕུར་པའི་དབལ་མདོས་ལྷ་འདྲེ་སྤྱི་མདོས་དང་། །མདོས་གཞུང་རིགས་མི་གཅིག་པ་རེ་ཟུང་དང་། །ཕུར་པའི་རྒྱུད་ལུང་མན་ངག་མང་པོ་དང་། །གཙུག་ལག་སྤྱི་མདོས་ར་ཤག་གཏེར་སྟོན་གྱི། །གླིང་བཞི་སྤྱི་མདོས་རྣམས་ཀྱི་དོན་བསྡུས་ནས། །ཕག་ལོ་རྒྱལ་ཟླའི་ཚེས་གཉིས་ནས་བཟུང་སྟེ། །རྒྱལ་ཟླའི་ཚེས་བཞི་དངོས་གྲུབ་འབྱུང་བའི་དུས། །ཚར་ཞིང་ཁ་འདེབས་མདོས་ཆེན་བཅས་ནས་ཕུལ། །འགལ་བ་མཆིས་ན་ཕུར་པའི་ཚོགས་ལ་


CMR031_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས། དགེ་བས་སྒྲུབ་བརྒྱུད་བསྟན་པ་དར་བ་དང་། བསྟན་པའི་སྦྱིན་བདག་ཆོས་སྲིད་འཕེལ་བར་ཤོག །ཡི་གེ་པ་ནི་ཆོས་དགེའི་བཙུན་པས་སོ། །སརྦ་མངྒ་ལཾ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམགོན་པོ་ཡེ་བརྫུའི་བསྐང་མདོས་བཀྲ་ཤིས་རབ་འབར་ཞེས་བྱ་བ་ཚིག་ཉུང་དོན་འདུས་ལག་བླང་བདེ་བ།next