Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
ལེའུ་གཉིས་པ། སྐྱེ་བོ་ཐ་མལ་ཆོས་སྒོར་འཇུག་པའི་ཕྱིར། །རི་ཆོས་གླེང་གཞི་མཐོང་བ་འཛུམ་ཤོར་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་གཉིས་པ། སྐྱེ་བོ་ཐ་མལ་ཆོས་སྒོར་འཇུག་པའི་ཕྱིར། །རི་ཆོས་གླེང་གཞི་མཐོང་བ་འཛུམ་ཤོར་ཡོད། །next

ལེའུ་གཉིས་པ། སྐྱེ་བོ་ཐ་མལ་ཆོས་སྒོར་འཇུག་པའི་ཕྱིར། །རི་ཆོས་གླེང་གཞི་མཐོང་བ་འཛུམ་ཤོར་ཡོད། །


CMR032_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

༼ཁ༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། གླེང་གཞི་མཐོང་བ་འཛུམ་ཤོར་ཞེས་བྱ་བ་བཞུགས་སོ། །ན་མོ་རཏྣ་གུ་རུ་ཡེ། རི་ཆོས་མཚམས་ཀྱི་ཞལ་གདམས་ཀྱི། །གླེང་གཞི་རྒྱུ་རྐྱེན་བརྩམ་པའི་དོན། །ཉུང་བསྡུས་ཚིགས་སུ་བཅད་དེ་བཀོད། །མཁས་འདོད་ཆེ་བའི་རྩོམ་པ་མཁན། །བཟང་འདོད་ཆེ་བའི་ཚུལ་འཆོས་མཁན། །རྟག་འཛིན་ཆེ་བའི་ཁང་ལས་མཁན། །ཉེ་རྩིས་ཆེ་བའི་འཁོར་སྡུད་མཁན། །


CMR032_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་འདོད་ཆེ་བའི་འགྲོ་དོན་མཁན། །འཆི་དོགས་ཆེ་བའི་མཚམས་སྒྲུབ་མཁན། །རཱ་ག་ཨ་སྱ་མིང་ཅན་དེས། །མཁས་གྲུབ་བླ་མ་རྣམ་བཞིའི་དྲུང་། །རྩེ་གཅིག་སྒྲུབ་པའི་དམ་བཅའ་ཕུལ། །མི་ཆེན་ཡོན་བདག་མང་པོ་ལ། །ཚེ་མཚམས་བྱེད་པའི་ཁ་ཕུད་བྱས། །རྟ་ཕྱུགས་བྲང་ང་དེ་རིན་བཞག །གྲོང་ལྟག་ཁང་ཆུང་ཕྲ་མོའི་ནང་། །ན་དོགས་འཆི་དོགས་འདོན་འབུག་གཟབ། །སོ་གསོད་ལྐོག་ཉལ་བྱེད་པ་ན། །ཟླ་ངོ་བཅུ་གཉིས་ངོ་མཐོང་དུས། །རིགས་བཟང་བློ་གསལ་ཤེས་རབ་ཅན། །དད་གུས་བརྩོན་པར་ལྡན་པ་ཡི། །བླ་མ་བརྩོན་འགྲུས་རྒྱ་མཚོ་དེ། །མཚམས་ཁང་ཕུག་སྒོའི་རྩ་རུ་སླེབས། །བདག་ནི་ད་ལོ་དེའུ་ཤི་བྱས། །ཟུག་གཟེར་དྲག་པོས་མནར་བ་ཡི། །སྡུག་བསྔལ་རྟོགས་པས་ནོན་མ་ཐུབ། །ན་བའི་སྡུག་བསྔལ་དེ་འདྲ་ན། །འཆི་བདག་གཤིན་རྗེ་བྱུང་ཙམ་ན། །ཉམས་རྟོགས་སད་ལ་ཡར་གྱིས་དོགས། །དཀོན་མཆོག་ཐུགས་ལྷ་རྗེས་མ་ཤི་བས། །སྒྱུ་ལུས་འདི་ལ་བེད་སྤྱོད་ནས། །མི་འཆིའི་ཐབས་ནི་མི་གདའ་སྟེ། །ཤི་ཡང་འགྱོད་པ་མེད་པ་ཡི། །མཚམས་དང་སྒྲུབ་པ་ཨེ་ཐོན་བསམ། །སྒྲུབ་གནས་


CMR032_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲོད་གཅིག་ཡོད་དེ། །ས་དཔྱད་ཀྱང་ནི་མི་ཤེས་པས། །འདུག་རུང་མི་རུང་ཐག་མ་ཆོད། །དབང་ལུང་གདམས་ངག་མང་ཐོབ་ཅིང་། །བསྐྱེད་རྫོགས་གོ་བ་ཆེ་ན་ཡང་། །སྒྲུབ་པ་མ་ཐོན་ཉམས་མྱོང་མེད། །རི་ཁྲོད་ཁོ་ན་འགྲིམ་བསམ་སྟེ། །རི་ཆོས་གདམས་པ་ཐོབ་མ་མྱོང་། །བཀའ་བརྒྱུད་གོང་མས་མཛད་པ་ཡི། །རི་ཆོས་དཔེ་ཆ་འགའ་ཡོད་དེ་། །ལུང་རྒྱུན་ཙམ་ཡང་མ་ཐོབ་ཅིང་། །ཉམས་སུ་ལེན་པའང་དཀའ་བར་གདའ། །ཁྱེད་ཀྱིས་བརྩམས་ཆོས་མང་ན་ཡང་། །དེ་སྔོན་རི་ཆོས་མ་མཛད་པས། །རི་ཆོས་ཤིག་། ནི་རྩོམ་པར་ཞུ། །ཁྱེད་ཀྱི་ཕྱག་ཀྱང་བསྙུང་ཟེར་བས། །ཕྱག་བྲིས་འོ་རྒྱལ་ཆེ་ལོགས་པས། །ཞལ་ནས་གསུང་དང་ངེད་ཀྱིས་འབྲི། །དེ་ལྟར་བརྩམ་པའི་མཎྜལ་དུ། །འོད་མཚན་ཅོད་པན་འཆང་བ་ཡི། །ཞབས་རྗེས་གསེར་ཐང་བྱིན་རླབས་ཅན། །ཉིད་ཀྱིས་མཛད་ཆོས་གླེགས་བམ་བཅས། །ཕུལ་ནས་ཕྱག་ཀྱང་དགུ་ཕྲུག་འཚལ། །མཎྜལ་ཀྱང་ནི་བརྒྱ་རྩ་ཕུལ། །དེ་ཚེ་རཱ་ག་ཨ་སྱ་ཡིས། །ཧེ་ཧེ་བརྩོན་འགྲུས་རྒྱ་མཚོ་བ། །བཀའ་བརྒྱུད་གོང་མས་གསུངས་པ་ཡི། །རི་ཆོས་རྣམས་ཀྱི་དོན་རྩ་ནི། །ཚེ་འདིའི་བྱ་བ་བློས་


CMR032_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ནས། །ཕ་ཡུལ་སྤང་བའི་གནས་རི་རུ། །མི་རྟག་འཆི་བས་སེམས་བསྔངས་ཏེ། །ལྟོ་གོས་གཏམ་ལ་གྱོང་བསྐུར་ནས། །ཆུ་འཐུང་རྡོ་མུར་རོ་གོས་གྱོན་། །རང་སེམས་ངོ་བོ་སྐྱོང་བ་ལས། །བྱ་རྒྱུ་ཅི་ཡང་མེད་པར་བྱས། །བླ་མའི་གསོལ་འདེབས་ཚིག་གསུམ་ལས། །འདོན་རྒྱུ་བསྒྲུབ་རྒྱུ་མེད་པར་བྱས། །འཆི་བདག་ནམ་འོང་སྒུག་པ་ལས། །བསམ་རྒྱུ་ཅི་ཡང་མེད་པར་བྱས། །དད་འདུན་ཡོན་བདག་བྱུང་སྲིད་ན། །རི་དྭགས་སྨྲས་མས་མི་མཐོང་བཞིན། །ལུང་སྟོང་མི་སྐད་མེད་སར་འབྲོས། །བཀའ་བརྒྱུད་དགོངས་པའི་རི་ཆོས་ཡིན། །ནད་མེད་རླུང་ཁྱེར་ཆོས་པ་ལགས། །དེ་འདྲ་བདག་གིས་མ་ནུས་པས། །སྐྱེས་པའི་ཡུལ་འདིར་སྡོད་ཡུན་རིང་། །ས་མིང་མི་ལ་ཐོགས་ནས་ཡོད། །ཉེ་དུ་དབོན་རིགས་གྲྭ་པས་བསྐོར། །གཅིག་པུར་ཞག་གཅིག་འདུག་མ་མྱོང་། །ལོ་བརྒྱད་ལོན་ནས་དཀོར་ལ་ཟོས། །དེང་སང་རྟ་ཕྱུགས་བྲང་ང་ཡོད། །འཆི་བ་སྙིང་ལ་མ་གཟེར་བས། །རི་ཁྲོད་གནས་ཆེན་ཁང་པ་ཙམ། །དེ་ཕྱིར་རི་ཆོས་རྩོམ་ཐབས་མེད། །བཀའ་བརྒྱུད་གསུང་ལ་དཔེ་བྱས་ནས། །བྲིས་ན་རྒྱུས་ཡོད་ཀུན་གྱིས་


CMR032_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲེལ། །ཁ་ཡི་གཏམ་པ་སྣས་ཁྲེལ་དཔེ། །རང་གིས་ཉམས་སུ་མ་བླངས་པའི། །ཆོས་བཤད་བྱས་ཀྱང་སུ་ཡིད་ཆེས། །དེ་ཕྱིར་རི་ཆོས་རྩོམ་ཐབས་མེད། །ཅེས་སྨྲས་བརྩོན་འགྲུས་རྒྱ་མཚོ་དེས། །ཞག་གཅིག་བསམ་མནོ་བཏང་བྱས་ནས་། །སླར་ཡང་ཞུ་བ་ཕུལ་བ་ནི། །བླ་མ་རཱ་ག་ཨ་སྱ་ཁྱེད། །ཆུང་ནས་རབ་བྱུང་ཚུལ་ཁྲིམས་ལྡན། །བླ་མ་ཆེ་ཕྲ་མང་དུ་བསྟེན། །གསར་རྙིང་དབང་ལུང་གདམས་པས་ཕྱུག །གཞོན་ཚེ་གྲོང་ཆོག་མཛད་ཚེ་ཡང་། །བར་སྐབས་བསྙེན་སྒྲུབ་དཔག་མེད་མཛད། །དེ་རྗེས་ལོ་གྲངས་བཅུ་གསུམ་བར། །བསྒྲུབ་པའི་དམ་བཅའ་མཐའ་རུ་ཕྱིན། །ས་གཏེར་གནམ་ཆོས་མང་པོ་ནས། །སྐལ་ལྡན་ཆོས་བདག་ལུང་བསྟན་ཐོབ། །ལོ་བདུན་ཕྱོགས་མཚམས་འགྲོ་དོན་རྒྱས། །ཆེ་དགུ་མང་པོས་བཏུད་ཅིང་བཀུར། །ད་ནི་ཚེ་མཚམས་དམ་བཅའ་མཛད། །དེ་སྔོན་ཉིད་ཀྱིས་ཉམས་མྱོང་དང་། །བསྟུན་པའི་རི་ཆོས་གནང་བར་ཞུ། །དེ་བས་ལྷག་པའི་བྱ་བཏང་སོགས། །བཤད་ཀྱང་ང་ཡིས་ཉམས་མི་ལོན། །ཉམས་སུ་མི་ལོན་དམ་ཆོས་དེ། །དཔེ་ཆའི་ཁྲེས་པོ་ལྕི་བའི་རྒྱུ། །ཉམས་སུ་ལོན་ངེས་གདམས་པ་ཞུ། །ཟེར་བས་རྭ་


CMR032_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཨ་སྱ་དེས། །ཉི་ཐུང་ཐུགས་དམ་བྱེད་རྒྱུ་མང་། །རི་ཆོས་ལ་སོགས་རྩོམ་གཞི་ཡི། །དཔེ་ཆ་གཅིག་ཀྱང་མ་བལྟས་ཤིང་། སྐུ་རིམ་སྲུང་ཟློག་དམིགས་རིམ་མང་། །བསམ་མནོ་བཏང་ལོང་མ་བྱུང་ཡང་། །དགོང་མོའི་ཐུན་མཚམས་རེ་རེ་ལ། །འཕྲལ་དུ་གང་དྲན་སྨྲས་པ་རྣམས། །བླ་མ་བརྩོན་འགྲུས་རྒྱ་མཚོ་བས། །ཟབ་ཆོས་ཡིན་པའི་དད་འདུན་གྱིས། །གོས་སྲབ་ལོ་གསར་ལྷགས་པ་ལ། །བཟོད་པའི་གོ་ཆ་ཆེན་པོ་བསྒོས། །སོར་མོ་རླུང་གི་རྟ་ལ་ཞོན། །སྨྲས་རིམ་བཞིན་དུ་བྲི་ཚར་བྱས། །རིམ་ཚོ་པ་བཞིན་དུ་བྲིས་པའོ། །མདོ་རྒྱུད་ལུང་འདྲེན་མེད་པའི་ཕྱིར། །མཁས་པ་རྣམས་ཀྱིས་གཟིགས་ཉན་མེད། །འོན་ཀྱང་མདོ་རྒྱུད་བསྟན་བཅོས་ནི། །ཚད་ལྡན་གང་ལའང་མི་འགལ་སྙམ། །སྟོང་སྐད་མཐོན་པོ་མ་མཆིས་པས། །རྟོགས་པ་མཐོན་པོས་གཟིགས་ཉན་མེད། །འོན་ཀྱང་གོལ་ས་ཤོར་ས་ལ། །ལྟུང་བའི་སྐྱོན་ནི་མེད་སྙམ་བགྱི། །སྡེབ་སྦྱོར་སྙན་དངགས་མ་མཆིས་པས། །རྩོམ་པའི་ཡན་ལག་མ་ཚང་ཡང་། །སེམས་ལ་ཕན་པ་ཡོད་སྙམ་བགྱི། །འདི་ཉིད་ཚུལ་བཞིན་ཉམས་བླངས་ན། །གྲུབ་ཐོབ་ཟེར་བ་མ་བྱུང་


CMR032_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །བྱང་ཆུབ་ལམ་ལ་འགྲོ་སྙམ་བགྱིད། །དེ་ཕྱིར་སྣག་ཤོག་སྨྱུ་གུ་ལ། །སེར་སྣ་མ་བྱས་བྲིས་པ་ལགས། །རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །གླེང་གཞིའི་སྐོར་ཏེ་དང་པོའོ།། ༈ །།ན་མོ་གུ་རུ། །བླ་མ་བརྩོན་འགྲུས་རྒྱ་མཚོ་ཁྱེད། །ངེས་པར་རི་ཁྲོད་འགྲིམ་དགོངས་ན། །ལུས་ལ་སྙིང་པོ་ལེན་དགོངས་ན། །མི་ལུས་དོན་ལྡན་བྱེད་དགོངས་ན། །འཆི་ཁ་འགྱོད་མེད་བྱེད་དགོངས་ན། །འཆི་ལ་མི་འཚེར་བྱེད་དགོངས་ན། །བར་དོ་མེད་པར་བྱེད་དགོངས་ན། །ཕྱི་མའི་བདེ་སྐྱིད་བསྒྲུབ་དགོངས་ན། །ཟློབདེ་ནས་བདེ་བར་འགྲོ་དགོངས་ན། །གཏན་བདེའི་འདུན་མ་བསྒྲུབ་དགོངས་ན། །མཐར་ཐུག་སངས་རྒྱས་ཐོབ་འདོད་ན། །ང་ཡི་སྙིང་གཏམ་ཡིད་ལ་ཞོགས། །བསྐལ་པ་བྱེ་བ་བརྒྱ་སྟོང་ལ། །མི་ལུས་ཐོབ་པ་ལན་རེ་ལགས། །ད་རེས་ལོ་བརྒྱ་ཐོག་གཅིག་ཡིན། །མི་ལུས་དོན་དང་ལྡན་པར་མཛོད། །བསྐལ་པ་བརྒྱ་སྟོང་དུ་མ་ལ། །སངས་རྒྱས་ཆོས་ཀྱི་སྒྲ་ཡང་མེད། །ད་རེས་བསྐལ་པ་བཟང་པོར་སྐྱེས། །སངས་རྒྱས་སྟོང་རྩ་འབྱོན་ན་ཡང་། །བར་སྐབས་བསྟན་པ་ནུབ་ཡུན་རིང་། །ད་རེས་ཤཱཀྱའི་བསྟན་དང་མཇལ། །


CMR032_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་གླིང་ཡུལ་གྲུ་མང་པོ་ན། །བོད་མིན་གཞན་ལ་དམ་ཆོས་ནུབ། །ད་རེས་ཁ་བ་ཅན་དུ་སྐྱེས། །འོན་ལོང་དབང་པོ་མི་གསལ་ན། །མི་ལུས་ཙམ་པོས་ཆོས་་མི་གོ །ད་རེས་ཤེས་རབ་རིག་པ་གསལ། །ད་རེས་ཆོས་ཤིག་མ་བྱས་ན། །ཕྱིས་ནས་འདི་འདྲའི་ལུས་མི་རྙེད། །དེ་ཕྱིར་མི་ལུས་དོན་ལྡན་མཛོད། །མི་ལུས་དོན་ལྡན་གང་ཞེ་ན། །སྡོམ་གསུམ་རིམ་གྱིས་ཞུས་པ་རྣམས། །རྩ་བ་མ་ཉམས་སྲོག་ལྟར་བསྲུང་། །ཕྲ་ཞིབ་ཉམས་ན་གསོ་སྦྱོང་མཛོད། །ལུས་ལ་གཡོག་གི་འདུ་ཤེས་ཀྱིས། །དལ་བར་ཡུད་ཙམ་ཉལ་མ་བཅུག །ལུས་ལ་བེད་ཆོད་ཕྱག་བསྐོར་མཛོད། །ཡང་ན་རླུང་དང་འཁྲུལ་འཁོར་སྦྱོངས། །ངག་ལ་བེད་ཆོད་བསྙེན་སྒྲུབ་མཛོད། །ཡང་ན་གསོལ་འདེབས་ཆོས་སྤྱོད་འབུངས། །སེམས་ལ་བེད་ཆོད་བསྐྱེད་རྫོགས་སྒོམས། །ཡང་ན་སྙིང་རྗེའི་གཏོང་ལེན་གཅེས། །གཡོག་ལོ་གླ་དང་ཚས་མ་ལྟར། །དམ་ཆོས་བསྒྲུབ་པའི་གླ་བརྔན་དུ། །ལྟོ་གོས་ཅི་འབྱོར་ཙམ་རེ་གྱིས། །མ་འཛོམ་དཀའ་ཐུབ་བཅུད་ལེན་མཛོད། །ཤ་ཐུད་ཇ་སོགས་ཟས་བཟང་ཡང་། །ཞག་གཅིག་སོང་ནས་མི་གཙང་རྫས། །དེ་ལ་སྙིང་པོ་མེད་པར་


CMR032_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སོམས། །ལྟོགས་དང་སྐོམ་པའི་ཡི་མུག་སྐྱུར། །རླུང་བཅུད་དམིགས་པས་ལུས་སྟོབས་བསྐྱེད། །འཛོམ་ན་དཀའ་ཐུབ་དགོས་རྒྱུ་མེད། །ལུས་ལྷ་ཡི་དམ་རྣམས་ལ་མཆོད། །རང་གཞན་བསོད་ནམས་ཚོགས་སུ་བསྔོ། །མ་ཤིའི་བར་དུ་དེར་འབད་ན། །མི་ལུས་དོན་དང་ལྡན་པ་དང་། །ཤི་ཡང་འགྱོད་མེད་འགྲུབ་པ་ཡིན། །ལུས་ལ་སྙིང་པོ་ལེན་པའི་གླུ། །རི་ཆོས་ཀུན་གྱི་ཐོག་མ་ཡིན།། ༈ །།ན་མོ་གུ་རུ། །གསོན་དང་ཀརྨ་བརྩོན་འགྲུས་པ། །ངེས་པར་རི་ཁྲོད་འགྲིམ་པ་ན། །སྔོན་འགྲོའི་ཆོས་སུ་གསུངས་ན་ཡང་། །དུས་རྣམས་ཀུན་ཏུ་གལ་ཆེ་བ། །མི་རྟག་འཆི་བ་དྲན་པ་གཅེས། །འཆི་བ་སྙིང་ནས་མ་དྲན་ན། །ཆོས་སྒོར་ཞུགས་པ་དོན་མ་མཆིས། །ལྟོ་ཕྱིར་རབ་ཏུ་བྱུང་བ་དང་། །གྲལ་ཕྱིར་བསྙེན་པར་རྫོགས་ན་ཡང་། །ཆོས་མེད་སེར་མོའི་གཟུགས་བརྙན་ཙམ། །རིག་གནས་ཡོན་ཏན་ཀུན་བསླབ་ཀྱང་། །ཟང་ཟིང་ལོངས་སྤྱོད་བསྡུ་ཕྱིར་ཙམ། །མཚམས་སྒྲུབ་རི་ཁྲོད་འགྲིམས་ན་ཡང་། །ངག་ནུས་ནད་གདོན་ཞི་ཕྱིར་ཙམ། །སྡོམ་པ་དམ་ཚིག་སྲུང་ན་ཡང་། །ངོ་ཚས་མི་ཁ་སྲུང་ཕྱིར་ཙམ། །གང་བྱས་ཚེ་འདི་ཁོ་


CMR032_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ནའི་དོན། །དེ་ཀུན་འཆི་བ་མ་དྲན་སྐྱོན། །འདུས་བྱས་མཚན་ཉིད་མི་རྟག་པ། །སྟོང་གསུམ་འཇིག་རྟེན་སྲ་མཁྲེགས་ཅན། །འདི་ཡང་མེ་ཆུ་རླུང་གིས་འཇིག །རྫོགས་པའི་སངས་རྒྱས་རྡོ་རྗེའི་སྐུ། །དེ་ཡང་འདས་པའི་ཚུལ་སྟོན་ན། །བསོད་ནམས་ཆུང་ངུའི་འབྲས་བུ་ཡི། །མི་ལུས་ཉམ་ཆུང་ལྟ་ཅི་སྨོས། །ཚངས་དང་བརྒྱ་བྱིན་འཁོར་ལོས་སྒྱུར། །སྟོབས་ཆེན་དེ་རྣམས་འཆི་དགོས་ན། །སྲོག་ཆགས་གཞན་ལྟ་སྨོས་ཅི་དགོས། །འཛམ་གླིང་ཚེ་ལ་ངེས་པ་མེད། །ཁྱད་པར་དེང་སང་སྙིགས་མའི་སྐབས་། །ཚེ་ཚད་བཞི་བཅུ་ཁ་རལ་དུས། །དེ་ཡང་མི་ཐུབ་འཆི་བ་མང་། །མཁས་དང་བཙུན་དང་བཟང་བ་དང་། །རྒྱལ་པོ་མན་ནས་སྤྱང་པོ་ཡན། །མི་འཆི་འདུག་ས་གཅིག་ཀྱང་མེད། །ཀྱེ་མ་བརྩོན་འགྲུས་རྒྱ་མཚོ་བ། །འཆི་བ་ཀུན་གྱིས་ཤེས་མོད་ཀྱང་། །ད་དུང་མི་དོགས་བསམ་པ་འདིས། །ཐམས་ཅད་འདི་ཡིས་བསླུས་ནས་གདའ། །སྒྱུ་ང་ཡང་འདི་ཡིས་བསླུ་བསླུ་འདྲ། །ཁྱེད་ཀྱང་འདི་ཡིས་བསླུ་དོགས་མཛོད། །ཕུ་ཤི་མདའ་ཤི་ཟེར་བའི་དུས། །ཆ་ངག་ཡིན་པ་གོ་བར་མཛོད། །ན་མཉམ་གཞོན་པ་ཤི་བའི་


CMR032_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དུས། །ཚེ་ལ་ངེས་མེད་དྲན་པར་མཛོད། །རོ་དང་རུས་པ་མཐོང་བའི་ཚེ། །ལུས་ཀྱི་ཆོས་ཉིད་དྲན་པར་མཛོད། །སྨན་གྱིས་མ་ཕན་ཤི་ཐོས་ཚེ། །སྨན་གྱིས་ཕན་མེད་དྲན་པར་མཛོད། །རིམ་གྲོས་མ་ཕན་ཤི་ཐོས་ཚེ། །ཟློག་ཐབས་མེད་པ་དྲན་པར་མཛོད། །ནངས་པར་ཐེགས་པའི་མགྲོན་པོ་བཞིན། །མྱུར་དུ་འགྲོ་དགོས་དྲན་པར་མཛོད། །ལོངས་སྤྱོད་རྒྱ་མཚོ་ཡོད་ན་ཡང་། །ཞག་རྒྱགས་ཁྱེར་དབང་ཨེ་གདའ་ན། །འཁོར་གཡོག་བརྒྱ་སྟོང་ཡོད་ན་ཡང་། །གཅིག་ཙམ་ཁྲིད་དབང་ཨེ་གདའ་ན། །ཁྲབ་ཆེན་བརྒྱ་སྟོང་དཔུང་ཡོད་ཀྱང་། །འཆི་བདག་བཀག་ས་ཨེ་གདའ་ན། །ཟས་ནོར་འཛམ་གླིང་བཀང་ཡོད་ཀྱང་། །འཐེན་ས་གཏོང་ས་ཨེ་གདའ་ན། །ནམ་འོང་ཆ་མེད་འཆི་བདག་དེ། །ནམ་མཁའི་དབྱིངས་ནས་ཐོག་རྒོད་བཞིན། །ནམ་ཙམ་འོང་ན་ཨ་ཙ་མ། །འཆི་ཁ་གནད་གཅོད་སྡུག་བསྔལ་དེ། །གཉེན་འདུན་མང་པོས་མཐའ་བསྐོར་ཡང་། །བགོ་ནས་ཁུར་ཐབས་ཨེ་གདའ་ན། །འབྱུང་བཞིའི་གཏོང་ལེན་ཐིམ་རིམ་ལ། །ལོག་པའི་འཁྲུལ་སྣང་སྣ་ཚོགས་དེ། །།ཤེས་རིགས་བཀྲ་ཡང་ཨེ་ཕན་ན། །བར་དོའི་འཇིགས་སྐྲག་སྣ་ཚོགས་


CMR032_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ཉེས་ཆེན་བཙོན་དུ་བཟུང་བ་བཞིན། །སྔངས་སྐྲག་འཇིགས་གསུམ་ཨ་ཙ་མ། །ཆ་མེད་ཡུལ་དུ་རྒྱུས་མེད་མི། །གྲོགས་མེད་གཅིག་པུར་འཁྱམས་པའི་དུས་། །གར་འགྲོའི་གཏད་སོ་ཡོད་ལགས་སམ། །རྒྱགས་ཕྱེ་གྲབས་སུ་ཚུད་ལགས་སམ། །ལས་ཀྱི་གཤིན་རྗེའི་ཁྲིམས་ར་ན། །རྫུན་གྱི་ཕན་པ་མེད་དོ་སྐད། །མེ་ལོང་ཡིག་ཆུང་གསལ་ལོ་སྐད། །དེ་དུས་ངོ་གནོང་མེད་པ་ཞིག །བརྩོན་འགྲུས་རྒྱ་མཚོ་ད་རེས་རེམ། །མི་རྟག་འཆི་བ་དྲན་པའི་གླུ། །རི་ཁྲོད་འགྲིམ་པའི་ཆ་རྐྱེན་ཡིན།། ༈ །།ན་མོ་གུ་རུ། །རྒྱུ་འབྲས་ཕྲ་ཞིང་ཕྲ་བ་རྣམས། །རྫོགས་པའི་སངས་རྒྱས་མ་གཏོགས་པ། །དགྲ་བཅོམ་རྣམས་ཀྱིས་མི་དགོངས་ན། །རང་ཅག་རྣམས་ཀྱིས་ག་ལ་ཤེས། །བདེན་བཞི་ཆོས་ཀྱི་འཁོར་ལོ་ནི། །གཙོ་བོར་རྒྱུ་འབྲས་སྟོན་པ་ལགས། །རོ་གཅིག་རྟོགས་པའི་སྐྱེས་བུ་ཡིས། །རྒྱུ་འབྲས་དོན་ལ་འཕྲིགས་ཚུད་པས། །རྟེན་འབྲེལ་སྣ་ཚོགས་འཆར་བར་གསུངས། །དེ་འདྲ་བདག་གི་སྤྱོད་ཡུལ་མིན། །འོན་ཀྱང་ཐུབ་པའི་དབང་པོ་ཡི། །གསུང་ལ་དཔང་པོ་བྱས་ནས་ཀྱང་། །ཅུང་ཟད་སྨྲ་ནུས་བླ་མའི་དྲིན། །ཕྱི་རོལ་སྣོད་ཀྱི་


CMR032_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཡང་། །སེམས་ཅན་སྤྱི་མཐུན་ལས་ཀྱིས་གྲུབ། །ནང་བཅུད་འགྲོ་བའི་སྐྱིད་སྡུག་རྣམས། །ཐམས་ཅད་ལས་ཀྱི་རྒྱུ་ལས་བྱུང་། །དགེ་བའི་ལས་ཀྱིས་བདེ་འགྲོ་གསུམ་། །མི་དགེའི་ལས་ཀྱིས་ངན་འགྲོ་གསུམ། །མི་གཡོ་བ་ཡི་ལས་ཞེས་པ། །བསམ་གཏན་རོ་ལ་ཆགས་པ་ཡིས། །གཟུགས་དང་གཟུགས་མེད་ལྷ་ཡི་གནས། །ཀུན་སློང་བསམ་པའི་དབང་གིས་ནི། །ཞེ་སྡང་བསམ་པའི་ཀུན་སློང་གིས། །མི་དགེ་གང་བྱས་དམྱལ་བ་སྟེ། །སེར་སྣ་འདོད་ཆགས་ཀྱིས་སྤྱད་པའི། །མི་དགེའི་ལས་ཀྱིས་ཡི་དྭགས་སོ། །གཏི་མུག་ཀུན་བསླངས་མི་དགེ་བ། །གང་བྱས་དུད་འགྲོ་རྣམས་སུ་སྐྱེ། །སེར་སྣ་དགེ་བ་འདྲེས་མ་ཡིས། །བྲེལ་ཕོངས་མི་ཡི་གནས་སུ་སྐྱེ། །ཕྲག་དོག་དགེ་བ་འདྲེས་མ་ཡིས། །འཐབ་རྩོད་ལྷ་མིན་གནས་སུ་སྐྱེ། །ང་རྒྱལ་དགེ་བ་འདྲེས་མ་ཡིས། །ཕམ་ལྟུང་ལྷ་ཡི་གནས་སུ་སྐྱེ། །སྡིག་པ་ཆེན་པོས་དམྱལ་བ་སྟེ། །འབྲིང་གིས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུས་དུད་འགྲོ་རྣམས་སུའོ། །དགེ་བ་ཆེན་པོས་ལྷ་རུ་སྐྱེ། །འབྲིང་གིས་མི་རུ་སྐྱེ་བ་སྟེ། །ཆུང་ངུས་ལྷ་མ་ཡིན་སྐྱེ་གསུངས། །སྲོག་གཅོད་རྣམ་སྨིན་དམྱལ་


CMR032_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། །དབང་གི་འབྲས་བུས་མིར་སྐྱེས་ཀྱང་། །ཚེ་ནི་ཐུང་བར་འགྱུར་བ་ཡིན། །རྒྱུ་མཐུན་འབྲས་བུ་སྲོག་གཅོད་དགའ། །མ་བྱིན་བླངས་པའི་རྣམ་སྨིན་གྱིས། །ཡི་དྭགས་གནས་སུ་སྐྱེ་འགྱུར་ཏེ། །དབང་གི་འབྲས་བུ་མིར་སྐྱེས་ཀྱང་། །དབུལ་ཞིང་ཕོངས་པར་འགྱུར་བ་ཡིན། །རྒྱུ་མཐུན་འབྲས་བུ་རྐུ་འཕྲོག་དགའ། །མི་ཚངས་སྤྱོད་ཀྱི་རྣམ་སྨིན་གྱིས། །ཡི་དྭགས་གནས་སུ་སྐྱེ་འགྱུར་ཏེ། །དབང་གི་འབྲས་བུ་ཚད་རོང་གི །སྲོག་ཆགས་སྤུ་མེད་རིགས་སུ་སྐྱེ། །རྒྱུ་མཐུན་འབྲས་བུ་མིར་སྐྱེས་ཀྱང་་། །གཞན་གྱི་བུད་མེད་གཡེམ་ལ་དགའ། །རྫུན་གྱི་རྣམ་སྨིན་དུད་འགྲོ་སྟེ། །དབང་གི་འབྲས་བུ་མིར་སྐྱེས་ཀྱང་། །ཁ་ན་དྲི་ངན་བྲོ་བ་ཡིན། །རྒྱུ་མཐུན་འབྲས་བུ་རྫུན་ལ་དགའ། །ཕྲ་མའི་རྣམ་སྨིན་ལྷ་མ་ཡིན། །དབང་གི་འབྲས་བུ་མིར་སྐྱེས་ཀྱང་། །གཉེན་བཤེས་ཀུན་དང་བྱེ་བྲལ་མང་། །རྒྱུ་མཐུན་འབྲས་བུ་དབྱེན་ལ་དགའ། །ཚིག་རྩུབ་རྣམ་སྨིན་དམྱལ་བ་སྟེ། །དབང་གི་འབྲས་བུས་མིར་སྐྱེས་ཀྱང་། །ཉེས་མེད་གཤེ་སྐུར་མང་བ་ཡིན། །རྒྱུ་མཐུན་འབྲས་བུ་ཚིག་རྩུབ་འཆོར། །ངག་འཆལ་རྣམ་སྨིན་དུད་འགྲོ་


CMR032_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །དབང་གི་འབྲས་བུ་མིར་སྐྱེས་ཀྱང་། །བདེན་པར་སྨྲས་ཀྱང་རྫུན་ཡིན་ཟེར། །རྒྱུ་མཐུན་འབྲས་བུ་ངག་མི་བཙུན། །བརྣབ་སེམས་ལ་ཡང་གཉིས་ཡིན་ཏེ། །རང་རྩིས་ཆེ་བ་བདག་ལ་བརྣབ། །གཞན་ལ་བརྣབ་པ་ཞེས་བྱ་ནི། །གཞན་གྱི་ཕུན་སུམ་ཚོགས་པ་རྣམས། །རང་གི་ཡིན་ན་ཨང་སྙམ་པ། །རྣམ་སྨིན་ངན་སོང་གང་རུང་སྟེ། །དབང་གི་འབྲས་བུ་མིར་སྐྱེས་ཀྱང་། །ཅི་བསམ་མི་འགྲུབ་ལོག་པར་འགྲོ། །རྒྱུ་མཐུན་འབྲས་བུ་བརྣབ་སེམས་འདོད། །གནོད་སེམས་རྣམ་སྨིན་དམྱལ་བར་སྐྱེ། །དབང་གི་འབྲས་བུ་མིར་སྐྱེས་ཀྱང་། །དགྲ་དང་མི་བྲལ་འཇིགས་སྐྲག་དང་། །རྒྱུ་མཐུན་འབྲས་བུ་གནོད་སེམས་འདོད། །ལོག་ལྟའི་རྣམ་སྨིན་དུད་འགྲོ་སྟེ། །དབང་གི་འབྲས་བུ་མིར་སྐྱེས་ཀྱང་། །ལྟ་ལོག་མུ་སྟེགས་རིགས་སུ་སྐྱེ། །རྒྱུ་མཐུན་འབྲས་བུ་ལོག་ལྟ་ཆེ། །མི་དགེ་བཅུ་པོ་སྤངས་པ་ནི། །དགེ་བ་བཅུ་པོ་ཞེས་བྱ་སྟེ། །སྐྱོན་ནི་སུམ་ཅུ་དེ་དག་ལས། །ལྡོག་པའི་ཡོན་ཏན་སུམ་ཅུ་ཐོབ། །སྤྱིར་ནི་ལས་ལ་རྣམ་པ་བཞི། །ཚེ་སྔོན་ནམ་ཞིག་བསགས་པའི་ལས། །ཚེ་འདིར་ངེས་པར་སྨིན་དགོས་པས། །དགེ་བའི་འབྲས་བུ་བདེ་སྐྱིད་


CMR032_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །བདུད་ཀྱིས་བར་དུ་གཅོད་མི་ནུས། །སྡིག་པའི་ལས་འབྲས་སྡུག་བསྔལ་ཚོགས། །སངས་རྒྱས་ཀྱིས་ཀྱང་སྐྱོབ་མི་ནུས། །ལས་ཀྱི་རྣམ་སྨིན་མ་། གཏོགས་སོ། །གསུངས་པའི་ལས་ནི་དེ་ཡིན་ཏེ། །མཐོང་ཆོས་མྱོང་འགྱུར་ཞེས་བྱའོ། །ཚེ་འདི་ལས་འབྲས་དགེ་དང་སྡིག །འབྲིང་ཙམ་ཕྱི་མ་མི་སྨིན་ཏེ། །སྐྱེ་བ་གཅིག་གིས་བར་ཆོད་ནས། །དེ་ཡི་རྒྱབ་མ་སྨིན་པ་ནི། །སྐྱེས་ནས་མྱོང་འགྱུར་ལས་ཞེས་བྱ། །དགེ་བ་སྡིག་པ་ཆུང་ངུ་རྣམས། །རྣམ་སྨིན་ངེས་པ་མེད་པ་ལ། །ནམ་ཞིག་ངེས་པར་སྨིན་དགོས་པ། །ལན་གྲངས་གཞན་དུ་མྱོང་འགྱུར་ཟེར། །ཕ་མ་སློབ་དཔོན་དགྲ་བཅོམ་བསད། །སངས་རྒྱས་དགྲོང་བར་ཤོམ་པ་རྣམས། །སྐྱེ་བ་གཞན་གྱིས་བར་མི་ཆོད། །བར་དོ་ཡང་ནི་མི་བགྲོད་པར། །མནར་མེད་གནས་སུ་ལྟུང་འགྱུར་ཕྱིར། །མཚམས་མེད་མར་གྱི་ཟང་ཐལ་ཡིན། །འཆི་དུས་ཐུགས་དམ་ཡུན་རིང་ཟིན། །འཕོ་བ་སྐར་ཁུང་མདའ་འཕངས་ལྟར། །བར་དོ་མི་བགྲོད་ཞིང་ཁམས་སྐྱེ། །ཡར་གྱི་ཟང་ཐལ་ཞེས་བྱའོ། །དགེ་བ་ཤིན་ཏུ་སྟོབས་ཆེ་ན། །འདི་ཡི་ཕྱི་མ་ཉིད་ལ་སྨིན། །དགེ་བ་མཚམས་མེད་


CMR032_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱའོ། །ཕ་མ་རྡོ་རྗེ་སློབ་དཔོན་དང་། །ས་བཅུའི་སེམས་དཔའ་སངས་རྒྱས་ལ། །དགེ་དང་སྡིག་པ་གང་བསགས་པ། །ཚེ་འདིར་སྨིན་པའང་སྲིད་ཅེས་གསུངས། །ཚེ་སྟོད་སྡིག་པ་བྱས་གྱུར་ཀྱང་། །ཚེ་སྨད་དགེ་ལ་འབད་པ་ན། །སྔོན་ལ་དགེ་བ་སྨིན་གྱུར་ཏེ། །འཕེན་བྱེད་སྡིག་པས་འཕང་ན་ཡང་། །རྫོགས་བྱེད་དགེ་བས་རྫོགས་པ་ཟེར། །ཚེ་སྟོད་ཆོས་ལ་འབད་གྱུར་ཀྱང་། །ཚེ་སྨད་མི་དགེ་སྤྱོད་གྱུར་ན། །།འཕེན་བྱེད་དགེ་བས་འཕངས་ན་ཡང་། །རྫོགས་བྱེད་སྡིག་པས་རྫོགས་པའོ། །བསྔོ་བའི་རྒྱ་ཡིས་མ་ཐེབས་པའི། །དགེ་བ་ངོམ་དང་འགྱོད་ན་འཛད། །སྡིག་པ་བཤགས་ན་འཛད་པ་ཡིན། །དེ་ལྟར་མིན་པའི་དགེ་དང་སྡིག །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །རང་བྱས་རང་ལ་སྨིན་པ་ཡིན། །མ་བྱས་ལས་དང་འཕྲད་མི་སྲིད། །བྱས་པ་ནམ་ཡང་ཆུད་མི་ཟ། །ཉི་ཟླ་ཐང་ལ་ལྟུང་བའམ། །རླུང་ནི་ཞགས་པས་ཟིན་པ་དང་། །མེ་ནི་གྲང་བར་འགྱུར་སྲིད་ཀྱི། །ལས་འབྲས་བསླུ་བ་མི་སྲིད་པ། །སངས་རྒྱས་ཀུན་གྱི་བཀའ་ཡིན་ཏེ། །འདི་ལ་མི་བདེན་སུས་ཟེར་བ། །ཚེ་འདིར་ལྕེ་ཡི་དབང་པོ་རྟུལ། །སྐྱེ་བ་ལྔ་བརྒྱར་ཞུགས་པར་


CMR032_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ། །དེ་ཕྱིར་རི་ཁྲོད་འགྲིམ་འདོད་ན། །ལས་འབྲས་ཕྲ་ཞིབ་ཡང་ཡང་བསམ། །སྤང་བླང་ལག་ལེན་ཐེབས་པར་མཛོད། །ལས་འབྲས་དོན་རྩའི་གླུ་ཆུང་འདི། །རྟ་ལོ་རྒྱལ་ཟླའི་ཚེས་གཅིག་གི །དགོང་ཐུན་མཚམས་ལ་སྨྲས་པའོ།། ༈ །།ན་མོ་ལོ་ཀི་ཤྭ་ར་ཡེ། །གསོན་དང་བརྩོན་འགྲུས་རྒྱ་མཚོ་བ། །བསམ་མནོ་ལེགས་པར་ཐོངས་མཛོད་དང་། །བློ་བདེ་ཉལ་བའི་སྐབས་མ་ཡིན། །གཉིད་ཀྱང་བྱ་ཡལ་གློ་སྙིང་འདར། །འཁོར་བའི་རྒྱ་མཚོ་ཆེན་པོ་འདིར། །རང་ཅིག་སེམས་ཅན་ཐམས་ཅད་ལྟུང་། །སྐྱེ་རྒས་ན་འཆིའི་རྦ་ཀློང་འཁྲུགས། །ངན་སོང་ཆུ་སྲིན་པིར་གྱིས་གང་། །སྡུག་བསྔལ་རླབས་ཕྲེང་བར་སྐབས་མེད། །འདི་ལས་ད་རེས་མ་ཐར་ན། །ངན་འགྲོ་ལོག་པའི་ཉ་མིད་དང་། །དེ་མིད་ཆུ་སྲིན་པིར་གྱིས་འཛིན། །འདི་ལས་སྒྲོལ་བའི་དེད་དཔོན་ནི། །མཚན་ལྡན་བླ་མ་ཁོ་ན་ལགས། །དེ་ཕྱིར་དེ་ལ་གུས་པ་བསྐྱེད། །རྒྱ་མཚོར་སྒྲོལ་བའི་གྲུ་ཀླུ་གཟིངས་ནི། །སྡོམ་པ་དམ་ཚིག་ཁོ་ན་ལགས། །དེ་ཕྱིར་དེ་ལ་གཅེས་སྤྲས་བྱ། །རྒྱ་མཚོར་སྒྲོལ་བའི་སྐྱ་བ་ནི། །བླ་མའི་གདམས་ངག་གཅིག་པུ་ལགས། །དེ་ཕྱིར་དེ་ཉིད་


CMR032_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་འཆང་། །རྒྱ་མཚོར་མྱུར་དུ་སྒྲོལ་བའི་ཐབས། །ཉམས་ལེན་བརྩོན་འགྲུས་ཁོ་ན་ལགས། །དེ་ཕྱིར་དེ་ལ་འབད་པར་བྱ། །མེ་སྟག་ཕོག་པའི་བྱབས་ལུགས་ལ། །མི་ཡི་མེ་ལས་བདུན་འགྱུར་གྱིས། །དམྱལ་བའི་མེ་ནི་ཚ་གསུངས་ན། །ལོ་གྲངས་སྟོང་ཕྲག་དུ་མ་རུ། །བཙོ་ཞིང་སྲེག་པ་སུ་ཡིས་བཟོད། །དགུན་ཁ་གོས་སྲབ་འདེར་ལུགས་ལ། །ལུས་ནི་གས་ཤིང་ཆུ་བུར་རྡོལ། །ལོ་གྲངས་བྱེ་བ་དཔག་མེད་དུ། །འཁྱགས་ན་སུ་ཞིག་བསྲན་པར་ནུས། །ཉིན་གཅིག་ཟོས་མེད་ལྟོགས་ཡུས་ལ། །ལོ་གྲངས་སྟོང་ཕྲག་རེ་རེར་ཡང་། །ཟས་སྐོམ་མིག་གིས་མ་མཐོང་ན། །དེ་འདྲའི་ལྟོགས་སྡུག་སུ་ཡིས་ཁྱགས། །ཁྱི་རྒན་ཟེར་བའི་ཀོ་ལོང་ལ། །ཁྱི་ཡི་སྐྱེ་བ་ལྔ་བརྒྱ་ཙམ། །བཏུད་མར་བླངས་ན་ཅི་འདྲ་འཁམ། །འུར་ཞོག་ལང་བའི་སྐྲག་སྣང་ལ། །ལྷ་མིན་སྐྱེས་ན་གང་དུ་བྲོས། །ཁ་རྒྱལ་ཕམ་པའི་སེམས་སྡུག་ལ། །ལྷ་ཡི་ཕམ་ལྟུང་ཇི་ལྟར་བཟོད། །ངན་སོང་གསུམ་གྱི་སྡུག་བསྔལ་འདི། །རྣ་བས་ཐོས་ཀྱང་ཡ་ང་ན། །ཐོག་ཏུ་བབས་ན་ཇི་ལྟར་བྱེད། །བདེ་འགྲོ་གསུམ་གྱི་བདེ་སྐྱིད་འདི། །ཟས་བཟང་དུག་དང་འདྲེས་པ་


CMR032_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །འཕྲལ་དུ་སྐྱིད་དེ་ཕུགས་སུ་ཕུང་། །རྫི་བོ་ཟ་མར་རེས་པ་བཞིན། །འགྲོ་བ་དྲུག་ཏུ་རེས་མོས་འཁོར། །སྡུག་བསྔལ་གྲངས་མེད་རྒྱ་མཚོ་འདྲ། །སྐྱེ་རྒ་ན་འཆི་བར་མེད་མྱོང་། །དེ་ལྟར་འཁོར་བའི་སྡུག་བསྔལ་དེ། །མུ་སྟེགས་པ་ཡིས་ཟེར་བ་བཞིན། །ཕྱུ་དང་དབང་ཕྱུག་གིས་མ་བྱས། །བཙན་པོ་གཞན་གྱིས་ཆད་པ་མིན། །རང་གིས་བྱས་པའི་ལས་འབྲས་ལགས། །དེ་ཕྱིར་རང་ལ་སྙིང་རྗེ་ལྟ། །སྔར་བྱས་སྡིག་ལ་བཤགས་སྡོམ་དང་། །ཕྱིན་ཆད་མི་བྱེད་དམ་བཅའ་བཟུང་། །ནུབ་རེ་བཞིན་དུ་རང་རྒྱུད་ལ། །བརྟག་ལ་དགེ་སྡིག་གང་མང་བལྟ། །ཉེས་ལྟུང་གང་བྱུང་འཕྲལ་དུ་བཤགས། །དགེ་བ་གང་འགྲུབ་བྱང་ཆུབ་བསྔོ། །ལུས་ངག་མི་དགེ་མ་བྱས་ཀྱང་། །སེམས་ལ་མི་དགེ་འགྱུས་པ་རྣམས། །རང་གིས་རང་ལ་ཞེ་ཁྲེལ་བཟླ། །མདོར་ན་ཆོས་ཕུང་བརྒྱད་ཁྲིའི་དོན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཅེས་གསུངས་ཤོ་ལོ་ཀ་དེ་ལ། །མདོ་ཕྱོགས་ཆོས་རྣམས་འདུས་


CMR032_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །དེ་ཕྱིར་ཚིག་དེ་ཡིད་ལ་ཆོངས། །འཁོར་བའི་སྡུག་བསྔལ་དྲན་པའི་གླུ། །དགེ་སློང་རཱ་ག་ཨ་སྱ་ཡིས། །རྟ་ལོ་རྒྱལ་ཟླའི་ཡར་ཚེས་གསུམ། །དགོང་མོའི་ཐུན་ལ་སྨྲས་པ་སྟེ། །བརྩོན་འགྲུས་རྒྱ་མཚོས་བརྗེད་ཐོར་བྲིས། །འགྲོ་བ་མང་པོར་ཕན་ཐོགས་ཤོག །ལེའུ་གཉིས་པ་མངྒ་ལཾ།། །།


previousལེའུ་གཉིས་པ། སྐྱེ་བོ་ཐ་མལ་ཆོས་སྒོར་འཇུག་པའི་ཕྱིར། །རི་ཆོས་གླེང་གཞི་མཐོང་བ་འཛུམ་ཤོར་ཡོད། །next