Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
ལེའུ་ལྔ་པ། སྡོམ་གསུམ་རིམ་གྱིས་ཞུས་ནས་སྲུང་བདེའི་ཕྱིར། །སྡོམ་གསུམ་སྲུང་ཚུལ་ཉི་མའི་དཀྱིལ་འཁོར་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་ལྔ་པ། སྡོམ་གསུམ་རིམ་གྱིས་ཞུས་ནས་སྲུང་བདེའི་ཕྱིར། །སྡོམ་གསུམ་སྲུང་ཚུལ་ཉི་མའི་དཀྱིལ་འཁོར་ཡོད། །next

ལེའུ་ལྔ་པ། སྡོམ་གསུམ་རིམ་གྱིས་ཞུས་ནས་སྲུང་བདེའི་ཕྱིར། །སྡོམ་གསུམ་སྲུང་ཚུལ་ཉི་མའི་དཀྱིལ་འཁོར་ཡོད། །


CMR032_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

༼ཅ༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། སྡོམ་པ་གསུམ་གྱི་སྲུང་ཚུལ་མུན་སེལ་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤཱཀྱ་མུ་ནེ་ཡེ། ཀུན་མཁྱེན་ཐུབ་པའི་ཞབས་ལ་ཕྱག་འཚལ་ལོ། །དགེ་སློང་རྡོ་རྗེ་འཛིན་པ་བརྩོན་འགྲུས་ཀྱི། །སྡོམ་གསུམ་དམ་ཚིག་སྲུང་མཚམས་གང་ཡིན་ཟེར། །འདི་ནི་རྒྱ་ཆེ་གྲངས་མང་བརྗོད་མི་ལངས། །དབུས་གཙང་མཁས་པ་ཀུན་གྱི་རྩོད་གཞི་ལགས། །འགྲན་མེད་རྒྱུད་རྒྱལ་ཀྱེ་ཡི་རྡོ་རྗེ་ལས། །


CMR032_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཐར་བྱང་སྡོམ་སྔགས་སྡོམ་རིམ་པར་ཞུ། །དེ་ནས་སྔགས་ཀྱི་སྤྱོད་པ་བྱ་བར་བཤད། །གསང་སྔགས་རྙིང་མར་ཐེག་པ་རིམ་དགུའི་དབང་། །དེས་ཀྱང་སྡོམ་པ་གསུམ་ཀ་རིམ་གྱིས་ཐོབ། །འདི་དག་ཉམས་སུ་ལེན་པའི་ཕྱག་ལེན་ལ། །རྒྱ་གར་དུའང་ཆོས་ལུགས་གསུམ་དུ་ཡོད། །སྡོམ་གསུམ་གནས་འགྱུར་ས་སྐྱ་པ་ཡིས་བཞེད། །གཏོང་གནས་ཐ་དད་བཀའ་བརྒྱུད་པ་ཡིས་བཞེད། །གཅིག་ལ་གཅིག་བརྟེན་ཙོང་ཁ་པ་ཡིས་བཞེད། །ཁྱིམ་པ་རྡོར་འཛིན་དགེ་སློང་རྡོར་འཛིན་གཉིས། །འདི་དག་གྲུབ་མཐའ་དག་དང་མ་དག་པ། །རྒྱ་གར་པཎ་ཆེན་ཤོ་དྷ་ཀ་ར་སྟེ། །ཏི་པུ་གསང་སྔགས་སྡོང་པོའི་ཡབ་ཡིན་ཏེ། །མཆོག་ནི་མ་ཡིན་ཐུན་མོང་གྲུབ་པ་ཐོབ། །གྲུབ་རྟགས་རྡོ་རྗེ་དྲིལ་བུ་ནམ་མཁར་བཞག །དེ་ཉིད་བོད་དུ་ལན་གསུམ་ཕེབས་པ་ཡི། །དང་པོའི་མཚན་ལ་ཤ་དྷ་ཀ་ར་ཟེར། །ལོ་ཆེན་རིན་ཆེན་བཟང་པོའི་བླ་མར་བསྟེན། །ཀུན་རིག་ལ་སོགས་རྣལ་འབྱོར་རྒྱུད་རྣམས་བསྒྱུར། །བར་རེས་བོད་དུ་ཕེབས་ཚེ་ཁོང་གི་མཚན། །ཨ་ཙར་དམར་པོའི་ཞབས་ཞེས་བྱ་བར་གྲགས། །དེ་དུས་ཆགས་ལམ་ངན་སྔགས་ཁོ་ན་སྤེལ། །མཐུ་གླ་བླངས་པས་


CMR032_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་སྲང་སུམ་བརྒྱ་རྙེད། །དེ་དུས་ཇོ་བོ་རྗེ་དང་དུས་མཉམ་པས། །ཁོང་གིས་ཆགས་ལམ་སྤེལ་ལ་མ་མཉེས་ནས། །ཇོ་བོས་ཁོང་ལ་བཀའ་སྐྱོན་འབར་ཤ་ཆེ། །དེ་དོན་བཀའ་གདམས་གླེགས་བམ་ནང་དུ་གསལ། །ཁོང་གི་ཆོས་ལུགས་དང་པོ་སྐྱབས་སྡོམ་ནས། །དགེ་སློང་བར་དུ་རིམ་པར་ཞུས་བྱས་ཏེ། །རེ་རེ་གཞུང་བཞིན་ལོ་ཤས་ཟླ་ཤས་བསྲུངས། །དེ་ནས་བྱང་ཆུབ་སེམས་བསྐྱེད་ཞུས་པ་ཡིས། །སོ་ཐར་སྡོམ་པ་བྱང་སེམས་སྡོམ་པར་གྱུར། །དེ་ནས་འདུལ་ཁྲིམས་གཅིག་ཀྱང་སྲུང་མི་དགོས། །བྱང་སེམས་བསླབ་བྱ་གཏོང་ལེན་ལོ་ཤས་བསྒོམས། །དེ་ནས་གསང་སྔགས་དབང་བཞི་ཞུས་པ་ཡིས། །བྱང་སྡོམ་དེའང་སྔགས་ཀྱི་སྡོམ་པར་འགྱུར། །དེ་ནས་བྱང་སྡོམ་བསླབ་པ་བསྲུང་མི་དགོས། །སྔགས་འཆང་ཡིན་ཕྱིར་ཆུང་མ་ལེན་ཡང་ཆོག །བླང་ཡང་སྡོམ་པ་ཤོར་བའི་ཉེས་པ་མེད། །ཁོང་གི་རྗེས་འབྲང་མང་པོ་དར་བའི་ཕྱིར། །མངའ་རིས་དབུས་ཀླུ་གཙང་ཀུན་ཏུ་སེར་ཁྱིམ་དར། །འདི་ལ་ཨ་ཙར་དམར་པོའི་ཆོས་ལོག་ཅེས། །མཁས་གྲུབ་ཀུན་གྱིས་གཤེ་ཞིང་བཀག་པ་མཛད། །སྡོམ་གསུམ་གནས་འགྱུར་ངོ་བོ་གཅིག་ཅེས་པ།


CMR032_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་གསུམ་ཀ་རིམ་གྱིས་ཞུས་པའི་ཚེ། །གནས་འགྱུར་སྔགས་སྡོམ་ཉིད་དུ་འགྱུར་ན་ཡང་། །ངོ་བོ་གཅིག་ཕྱིར་གསུམ་ཀ་བསྲུང་དགོས་པ། །དེང་སང་ས་ལུགས་རྣམས་ཀྱིས་བཞེད་པ་སྟེ། །རྒྱབ་རེས་ཤདྨ་ཀ་ར་བོད་དུ་ཕེབས། །འབྲོག་མི་ལོ་ཙཱས་བླ་མར་བསྟེན་པའི་དུས། །ལམ་འབྲས་ལ་སོགས་ཟབ་ཆོས་མང་བ་དང་། །བདེ་མཆོག་རྭ་ལི་ཉེར་བཞིའི་རྒྱུད་རྣམས་གསུངས། །དེ་དུས་མཚན་ལ་ག་ཡ་དྷ་རིར་གྲགས། །གོང་འོག་གཉིས་ཀ་སྡོམ་གསུམ་གནས་འགྱུར་ལུགས། །སྡོམ་གསུམ་རིམ་གྱིས་ཞུས་ཤིང་སོ་སོར་སྲུང་། །རྩ་རླུང་ལས་སུ་རུང་བ་དེ་ཡི་ཚེ། །ཆགས་ལམ་ལ་སོགས་བརྟེན་པར་བྱས་ན་ཡང་། །སོ་སོར་ཐར་པའི་སྡོམ་པ་མི་འཆོར་ཞིང་། །དྲག་སྔགས་ངན་མཐུས་ཞིང་བཅུ་བསྒྲལ་བ་ན། །དགེ་སློང་སྡོམ་པ་འཆོར་བར་མི་འགྱུར་བ། །འདི་ཡང་སྡོམ་གསུམ་གནས་འགྱུར་ངོ་བོ་གཅིག །དཔེར་ན་ཨོ་རྒྱན་རྗེ་འབངས་ཉེར་ལྔ་བཞིན། །སྦྱོར་སྒྲོལ་མཛད་ཀྱང་ཆོས་གོས་མནབ་པའོ། །དེ་ནི་རྙིང་མ་དག་པའི་ལུགས་ཡིན་ཏེ། །མ་དག་སྔ་འགྱུར་རྙིང་མའི་ཆོས་ལུགས་ལ། །མདོ་དབང་ལ་སོགས་ཐེག་དགུའི་དབང་ཐོབ་ནས། །སྡོམ་


CMR032_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་ཀ་ཐོབ་པར་རློམས་ནས་ཀྱང་། །འདུལ་ཁྲིམས་སྡོམ་པ་གཞན་ནི་མི་ཞུ་བར། །ཆོས་གོས་སྣམ་སྦྱར་གྱོན་ནས་སྲུང་སྡོམ་གཟབ། །དེ་ནི་ཨོ་རྒྱན་ཆེན་། པོའི་ལུང་བསྟན་ལས། །སྡོམ་པ་དབང་གིས་ཐོབ་པར་བརྩི་བ་ནི། །འདུལ་བའི་བསྟན་པ་ཉམས་པའི་རྟགས་སུ་གསུངས། །འདི་ལ་ཉེས་འགལ་ཆེན་པོ་མ་མཆིས་ཏེ། །འདུལ་ཁྲིམས་མ་ཞུས་འདུལ་ཁྲིམས་སྲུང་བ་དེས། །ཕན་ཡོན་ཆེན་པོ་མི་འབྱུང་སྐྱོན་ཅིག་གདའ། །འདི་ནི་མདོ་ཁམས་ཤར་ཕྱོགས་མཐའ་ནས་དར། །ཇོ་བོ་རྗེ་དང་པཎ་ཆེན་ཤཱཀྱ་ཤྲཱི།། ཡོངས་སུ་དག་པའི་མཁས་གྲུབ་ཐམས་ཅད་ཀྱིས། །སྡོམ་པ་གསུམ་པོ་རིམ་གྱིས་ཞུས་ནས་ཀྱང་། །སོ་སོའི་བསྲུང་བྱ་ཐམས་ཅད་སྲུང་དགོས་གསུངས། །ཀུན་གྱི་རྩ་བ་སོ་ཐར་སྡོམ་པ་སྟེ། །དེ་ནི་ཆུ་སྣོད་ཆག་གས་མེད་པ་འདྲ། །དེ་ནང་ཆུ་ཡིས་བཀང་འདྲ་བྱང་སེམས་སྡོམ། །དེ་ལ་ཟླ་གཟུགས་ཤར་འདྲ་སྔགས་སྡོམ་སྟེ། །སྣོད་ཆག་ཆུ་འབོ་ཟླ་བའི་གཟུགས་ཀླུ་བརྙན་ཡལ། །དེ་བཞིན་སོ་ཐར་སྡོམ་པ་ཤོར་བའི་ཚེ། །བྱང་སྡོམ་སྔགས་སྡོམ་གཉིས་ཀ་མེད་པར་འགྱུར། །དེ་ཕྱིར་སོ་ཐར་སྡོམ་པ་གཟབ་དགོས་པར། །འཇམ་པའི་དབྱངས་


CMR032_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཙོང་ཁ་པ་ཡིས་བཞེད། །དེ་ཕྱིར་དགེ་ལུགས་འདུལ་ཁྲིམས་བཙུན་པོ་བྱུང་། །པཎ་ཆེན་ཤཱཀ་ཤི་སློབ་མ་པཎ་ཆུང་ནི། །བི་བྷུ་ཏི་ཙན་ཞེས་བྱ་བ་ཡིས། །མཛད་པའི་སྡོམ་གསུམ་འོད་འཕྲོ་རྒྱ་གཞུང་དོན། །སོ་ཐར་སྐར་མ་བྱང་སྡོམ་ཟླ་བ་དང་། །སྔགས་སྡོམ་ཉི་མ་དག་དང་མཚུངས་པ་སྟེ། །གང་ཟག་གཅིག་གི་རྒྱུད་ལ་སོ་སོར་ཡོད། །གཅིག་དེ་ཤོར་ཡང་གཞན་ཀུན་མི་ཤོར་ཏེ། །ཤོར་བའི་ཉེས་ལྟུང་སོ་སོར་ཡོད་ན་ཡང་། །འོག་མ་ཤོར་བས་ངན་འགྲོར་ལྟུང་མི་ནུས། །དཔེར་ན་ཟླ་བ་སྐར་མ་ནུབ་ན་ཡང་། །ཉི་མ་ཡོད་ན་མུན་པས་གནོད་མི་ནུས། །དེ་ཕྱིར་ཐུབ་ན་ཐམས་ཅད་སྲུང་དགོས་ཀྱི། །མ་ལྕོགས་སྔགས་སྡོམ་གོང་མ་གཙོ་བོར་འཛིན། །བཀའ་བརྒྱུད་པ་རྣམས་འདི་ཡི་ལུགས་མཛད་པས། །བཀའ་བརྒྱུད་པ་རྣམས་འདུལ་ཁྲིམས་ཅུང་ཞིག་ལྷོད། །འོན་ཀྱང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས། །སྡོམ་གསུམ་གོང་ནས་གོང་དུ་དོག་ཏུ་འགྲོ། །གསུངས་ཕྱིར་སྔགས་སྡོམ་མི་སླ་ཤིན་ཏུ་དཀའ། །དེ་དོན་རྒྱལ་བ་འབྲོམ་གྱི་ཞལ་ནས་ཀྱང་། །སོ་སོ་སྐྱེ་བོས་སྲུང་ཀྱང་སླ་བ་ཡི། །འདུལ་ཁྲིམས་སྡོམ་པ་གཙང་མར་མི་སྲུང་བར། །འཕགས་


CMR032_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པ་མིན་པས་ཉམས་སུ་མི་ལོན་པའི། །གསང་སྔགས་ཉམས་ལེན་དམ་ཚིག་སྲུང་ཟེར་བ། །དེ་དག་རྫུན་དུ་ཆེ་གསུངས་བཞད་གད་མཛད། །ཁྱིམ་པ་རྡོ་རྗེ་འཛིན་པ་ཞེས་བྱ་བ། །སྐྱབས་སྡོམ་དང་ནི་བསྙེན་གནས་སྡོམ་པ་དང་། །སྣ་འགའ་སྲུང་བའི་དགེ་བསྙེན་ཞེས་བྱ་བ། །མི་ཚངས་སྤྱོད་པ་མ་གཏོགས་གསུམ་པོ་སྲུང་། །དེ་མིན་བྱང་སྡོམ་སྔགས་སྡོམ་གཞུང་བཞིན་སྲུང་། །སྲས་དང་བཙུན་མོ་ལ་སོགས་ཡོད་ན་ཡང་། །དབང་བསྐུར་ཆོས་བཤད་བླ་མའི་སར་བཞུགས་པ། །ས་འབྲུག་གཏེར་སྟོན་རྣམས་ཀྱི་གདུང་རྒྱུད་བཞིན། །དེ་ནི་ཁྱིམ་པ་རྡོར་འཛིན་རྣམ་པར་དག །དེ་མིན་འདུལ་ཁྲིམས་སྡོམ་པ་ཞུས་ཕྱིན་ནས། །རྩ་རླུང་ལས་སུ་རུང་བ་མེད་བཞིན་དུ། །གདུང་རྒྱུད་ཡིན་ཞེས་བུ་རྒྱུད་སྤེལ་བ་ན། །ཨ་ཙར་དམར་པོའི་ཆོས་ལོག་ངན་འགྲོའི་རྒྱུ། །དེ་བཞིན་སོ་ཐར་སྡོམ་པ་ཉིད་ལ་ཡང་། །མདོ་སྡེ་པ་དང་བྱེ་བྲག་སྨྲ་བ་ཞེས། །རྒྱ་གར་ན་ཡང་ཆོས་ལུགས་གཉིས་ཡོད་དེ། །བྱེ་བྲག་སྨྲ་བ་རྣམས་ཀྱི་ཆོས་ལུགས་ལ། །འདུལ་ཁྲིམས་རྩ་བ་བཞི་པོ་གཅིག་ཤོར་ན། །སྡོམ་པ་ཐམས་ཅད་འཆོར་ཞིང་མི་གནས་ཏེ། །དཔེར་ན་ཁང་པ་སྒོ་བཞི་ཡོད་


CMR032_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནང་། །ཡིད་བཞིན་ནོར་བུ་རིན་ཆེན་གཅིག་ཡོད་ན། །རྐུན་མ་སྒོ་བཞི་གང་ནས་འོང་ཡང་འདྲ། །ནོར་བུ་ཤོར་ནས་ནོར་བུ་མེད་དང་འདྲ། །ཉན་ཐོས་མདོ་སྡེ་པ་ཡི་ལུགས་ལ་ནི། །རེ་རེ་ཤོར་བས་ཐམས་ཅད་མི་འཆོར་ཏེ། །དཔེར་ན་དགེ་སློང་མི་ཚངས་སྤྱོད་ན་ཡང་། །གསུམ་པོ་མ་ཤོར་ཡོད་པས་སྲུང་ན་ནི། །ཕན་ཡོན་ཡོད་ཅེས་ཉམས་པའི་དགེ་སློང་ཟེར། །འདི་ཉིད་བཀའ་བརྒྱུད་པ་ཡིས་བཞེད་པ་སྟེ། །འཇིག་རྟེན་གསུམ་གྱི་མགོན་པོའི་རྡོ་རྗེའི་གསུང་། །སྣ་གཅིག་བསྲུང་ཡང་མྱང་འདས་རྒྱུར་འགྱུར་གསུངས། །དེ་དོན་སློབ་མ་དགེ་སློང་གཅིག་ལོག་སྟེ། །བུ་རྒྱུད་གསོ་ཕྱིར་བྱ་ཕག་གསོད་ན་ཡང་། །ད་རུང་ཆབ་རིལ་བཏགས་ཤིང་ཆབ་བླངས་པས། །མཆེད་གྲོགས་གྲྭ་སློབ་ཀུན་གྱིས་དེ་ལ་འབར། །འཇིག་རྟེན་མགོན་པོས་དེ་ལ་མ་འབར་ཞིག་།སྣ་གཅིག་བསྲུངས་ཀྱང་མྱང་འདས་རྒྱུར་འགྱུར་གསུངས། །དགེ་སློང་སྡོམ་པ་ཐམས་ཅད་ཤོར་ཚར་ཡང་། །ད་རུང་དེ་ཉིད་ཉམས་པའི་དགེ་སློང་སྟེ། །མི་ཚངས་ལ་སོགས་ལན་རེ་ནམ་སྤྱད་ཀྱང་། །སྡོམ་པ་གསར་དུ་ཤོར་འདྲའི་ཉེས་ལྟུང་འབྱུང་། །དེ་ཕྱིར་སྡོམ་རོ་ཕུལ་ན་ཉེས་ལྟུང་འཆད། །དེ་


CMR032_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སྡོམ་རོ་ཕུལ་བར་མ་བྱས་ཚེ། །བཙུན་ལོག་རྣམས་ཀྱང་བཙུན་པའི་གྲངས་སུ་འགྲོ། །དེ་ཕྱིར་དགེ་བསྙེན་ལྕགས་ཀྱི་རྐང་པ་ཅན། །པོ་ཊ་ལ་རུ་ལན་གསུམ་བྱོན་པ་ཡི། །བར་རེས་དགེ་སློང་ཆོས་གོས་རུལ་བ་ཅན། །བུ་དང་ཆུང་མ་ཞིང་གི་མུ་ན་བཞག །ལྷུང་བཟེད་ཤིང་གི་ཡལ་ག་ལ་བཀལ་ནས། །ཞིང་རྨོ་འཕྲུ་ནི་སློག་ཅིང་འདུག་པ་ལ། །ཐོང་སོ་ཁྲག་གིས་དམར་དང་ཅང་ཅང་པའི། །འབུ་སྲིན་སེམས་ཅན་མང་པོ་འཆི་འདུག་པས། །ཁྱེད་ནི་བན་ལོག་འཕྲུ་འདུལ་དགོས་ན་ཡང་། །ལྷུང་བཟེད་ཆོས་གོས་མ་བཟུང་བསྟན་ལ་གནོད། །སྨྲས་པས་བྱིན་པ་ཁྱེར་ཡོང་གཙང་སར་སྦས། །དེ་ནས་པོ་ཊ་ལ་རུ་སོང་པ་ན། །སྔར་བཞིན་ལྷ་ཚོགས་གཅིག་ཀྱང་མ་མཐོང་བས། །ཕྱག་དང་བསྐོར་བ་དཔག་མེད་བྱས་པའི་རྗེས། །སྒྲོལ་མ་ཁྲོ་གཉེར་ཅན་སོགས་མ་མཐོང་སྟེ། །རྩེ་རུ་སོང་བས་སྨུག་པས་རབ་ཏུ་བཏུམས། །གཞལ་ཡས་སྒོ་ཕྱེ་མ་ཐུབ་ཡུན་རིང་འགོར། །ཕྱག་བསྐོར་མང་བྱས་ནང་དུ་ཐར་བའི་ཚེ། །སྔར་དང་མི་འདྲ་ཅི་ལགས་ཞུས་པའི་ལན། །ལམ་དུ་ཚུལ་ཁྲིམས་འཆལ་བའི་མི་དེ་ལ། །བཙུན་པའི་ཆ་ལུགས་ཕྲལ་བ་དེ་ཡིས་བསྒྲིབས། །


CMR032_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

མི་དེ་ཆ་ལུགས་དེ་དང་མ་བྲལ་ན། །ད་རུང་བཙུན་པའི་བག་ཙམ་སེམས་ལ་ཡོད། །ད་ནི་དགེ་བའི་བག་མེད་དམྱལ་བར་འགྲོ། །དེ་ཡི་སྡིག་པས་ཁྱོད་ལ་སྒྲིབ་བོ་གསུངས། །དེ་ནས་ཚུར་ལམ་ཆོས་གོས་ལྷུང་བཟེད་གཏད། །དེ་དོན་པདྨ་དཀར་པོའི་མདོ་སྡེ་ལས། །ཐུབ་དབང་བསྟན་ལ་རབ་ཏུ་བྱུང་ཚད་རྣམས། །ཚེ་འདིར་མི་དགེ་མཚམས་མེད་ཅི་སྤྱད་ཀྱང་། །སྐྱེ་བ་བརྒྱ་སྟོང་འབུམ་ཕྲག་དུ་མའི་བར་། །ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་ན་ཡང་། །སངས་རྒྱས་སྟོང་གི་རྗེས་ལ་མོས་པ་ཡི། །བསྟན་པའི་མཇུག་ལ་མི་ཡི་ལུས་ཐོབ་ནས། །ཐེག་དམན་རིགས་ཡིན་དགྲ་བཅོམ་འབྲས་བུ་ཐོབ། །ཐེག་ཆེན་ཡིན་ན་རབ་དགའི་ས་ཐོབ་སྟེ། །འཁོར་བའི་གནས་ན་གཅིག་ཀྱང་མི་ལུས་པ། །འདི་ནི་ཐུབ་པའི་སྨོན་ལམ་མཐུ་ཡིན་གསུངས། །དེ་ཕྱིར་ཡབ་སྲས་ལ་སོགས་མཁས་གྲུབ་རྣམས། །ཅི་འོང་ཅིར་འགྱུར་དགོངས་པས་གསལ་ན་ཡང་། །སྡོམ་པ་ཐུབ་དང་མི་ཐུབ་མི་དཔྱད་པར། །ཀུན་ལ་བསྙེན་རྫོགས་གནང་བ་དེ་ཡི་དོན། །སྡོམ་པ་ཞུས་ནས་ཆོས་མགོ་མ་ཐོན་པ། །ངན་སོང་དམྱལ་ཚབས་ཆེ་ཡང་མཐའ་ལ་ཐར། །དེ་ལ་འཁོར་བ་མཐའ་ཅན་ཞེས་བྱ་ཡིན། །


CMR032_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་མ་ཞུས་མི་དགེ་སྤྱོད་པ་རྣམས། །འཁོར་བའི་གནས་ནས་ནམ་ཡང་ཐར་དུས་མེད། །དེ་ལ་འཁོར་བ་མཐའ་མེད་ཅེས་བྱ་ཡིན། །དེ་དོན་དམ་ཆོས་དགོངས་པ་གཅིག་པ་ལས། །ཉམས་ལས་མ་ཐོབ་ཉེས་པ་ཆེ་ཞེས་གསུངས། །མེ་ཏོག་ཙམ་པ་ཀ་ནི་རྙིང་ན་ཡང་། །མེ་ཏོག་ཕལ་པ་རྣམས་ཀྱི་དོ་ཟླ་མིན། །ང་ཡི་ཉན་ཐོས་ཇི་ལྟར་ངན་ན་ཡང་། །ཐ་མལ་སྐྱེ་བོ་རྣམས་ཀྱི་སྨད་བྱ་མིན། །དེ་སྐད་བཅོམ་ལྡན་ཐུབ་པ་ཉིད་ཀྱིས་གསུངས། །མ་འོངས་ཐུབ་པའི་བསྟན་པ་འཇིག་པའི་ཚེ། །དམར་དང་སེར་པོའི་ཚོས་ཅན་གོས་ཐམས་ཅད། །ལྷ་རྣམས་ཀྱིས་བསྡུས་དད་པའི་རྟེན་དུ་ཁྱེར། །རི་རབ་རྩེ་རུ་མཆོད་རྟེན་བརྩེགས་ནས་མཆོད། །བསྟན་པ་ནུབ་ནས་གོས་ཀྱིས་ཚོས་མི་ཟ། །དེ་དོན་རྟོགས་བརྗོད་ལ་སོགས་མདོ་འགར་གསལ། །དེ་དོན་དགེ་འདུན་རྣམས་ལ་སྐྱབས་ཞུས་ནས། །སེར་གོས་གྱོན་ཚད་རྣམས་ལ་གུས་དགོས་གསུངས། །འཇམ་དབྱངས་སྤྲུལ་པ་རྔོག་ལོ་ཆེན་པོ་ཡིས། །ཕྱགས་དར་བྱས་པའི་ཉལ་ཉིལ་གསེབ་དག་ནས། །ལྭ་བ་སེར་པོའི་རས་མ་བྱུང་བ་རྣམས། །ན་བཟའ་འདི་འདྲ་མནབ་པའི་རྒྱུད་དག་ལ། །ཡོན་ཏན་སྣ་རེ་མེད་


CMR032_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་གསུངས་ནས། །གོས་དུམ་དབུ་ཞྭའི་གསེབ་ཏུ་བཅུག་པར་མཛད། །བདག་གི་འདྲེན་མཆོག་ཆོས་ཀྱི་དབང་ཕྱུག་གིས། །ཚོགས་པའི་ཚོགས་གདན་དྲིལ་ནས་དབུ་ལ་བཞག །སྣ་ཚོགས་གདན་རྡུལ་སྤྲུགས་ལྗགས་ཀྱི་སྟེང་དུ་བཞག །རྒྱུན་དུ་ནམ་འབྱོན་ཚོགས་པར་ཕྱག་འབུལ་མཛད། །འབྱོན་དུས་སྐུ་རྒྱབ་མི་སྟོན་ཕྱི་འགྲོས་མཛད། །དེ་དག་དོན་ལ་ལེགས་པར་དཔྱད་བྱས་ན། །ཕྱོགས་རིས་མེད་པའི་སེར་མོ་གྱོན་ཚད་ལ། །གཞན་སྐྱོན་མི་བྱ་ལོག་ལྟ་གཤེ་སྐུར་སྤངས། །ཀུན་ཀྱང་སྐྱབས་ཡུལ་དགེ་འདུན་ཡིན་པར་བཟུང་། །དེ་ཡིས་རང་ཉིད་བསོད་ནམས་དཔག་མེད་ཐོབ། །རབ་ཏུ་བྱུང་བས་ཆོག་པར་བརྩི་བ་ཡི། །བསམ་པ་དེ་འདྲ་རང་གིས་འཆང་མི་བྱ། །རང་རེ་བདེ་ནས་བདེ་བར་འགྲོ་འདོད་པ། །འཁོར་བ་མཐའ་ཡོད་ཙམ་གྱིས་ག་ལ་ཆོག །ལྟ་བ་རྣམ་པར་དག་པ་ཡོད་ན་ཡང་། །སྤྱོད་པ་འདུལ་ཁྲིམས་ཕྲ་ཞིབ་ཉམས་པ་དེ། །གསོ་སྦྱོང་བཤགས་སྡོམ་ལེགས་པར་མ་བྱས་ན། །ཀླུ་རུ་སྐྱེ་བ་རྒྱ་མཚོའི་ཞུས་མདོར་གསལ། །ཀླུ་རུ་སྐྱེས་ན་གཞན་ལ་གནོད་པ་དང་། །མཛེ་དང་བྱེ་ཚན་ཆར་དང་ཉི་ཚན་དང་། །རྒྱལ་པོའི་ཆད་པ་ཁྱུང་


CMR032_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གི་འཇིགས་པ་སོགས། །སྡུག་བསྔལ་དེ་དག་བཟོད་པར་ཇི་ལྟར་ནུས། །ད་ལྟ་ཀུན་གྱིས་དད་ཅིང་ཆོས་པར་བརྩི། །ཤི་དུས་ཀླུ་བདུད་འཁོར་དུ་སྐྱེ་ཤོར་ན། །དེ་ལས་བཙོག་དང་དེ་ལས་སྡུག་པ་ཅི། །དེ་བཞིན་གསང་སྔགས་དམ་ཚིག་ཉམས་ན་ནི། །རྡོ་རྗེ་དམྱལ་བའི་གནས་ནས་ཐར་དུས་མེད། །གསང་སྔགས་སྤྱོད་ཅིང་བླ་མར་དགྲར་བལྟས་པས། །བདུད་དང་རྒྱལ་འགོང་དམ་སྲིའི་རིགས་སུ་སྐྱེ། །ཕལ་ཆེར་ཆོས་པ་དམ་ཚིག་ཉམས་པ་ཀུན། །པེ་ཀར་རྒྱལ་པོའི་འཁོར་དུ་སྐྱེ་བའི་ཚུལ། །གུར་དྲག་ལོ་རྒྱུས་རྣམས་སུ་གསལ་བ་ཡིན། །ཀྱེ་མ་ཀྱི་ཧུད་རང་ལ་སྙིང་རྗེ་ལྟོས། །སྐྱབས་སྡོམ་གསུམ་དང་དགེ་བསྙེན་སྡོམ་པ་ལྔ། །རབ་བྱུང་དགེ་ཚུལ་སྡོམ་པ་བཅུ་པོ་དང་། །དགེ་སློང་ཁྲིམས་ནི་ཉིས་བརྒྱ་ལྔ་བཅུ་གསུམ། །བྱང་སྡོམ་དཀར་ནག་ཆོས་བཞི་བླང་དོར་དང་། །ལྟུང་བ་ལྔ་ལྔ་བརྒྱད་དང་ཉི་ཤུ་པ། །སྔགས་སྡོམ་རྩ་ལྟུང་བཅུ་བཞི་སྦོམ་པོ་བརྒྱད། །རྙིང་མའི་རྩ་བ་སྐུ་གསུང་ཐུགས་དང་ནི། །ཡན་ལག་དམ་ཚིག་ཉི་ཤུ་རྩ་ལྔ་སྟེ། །རྒྱས་པར་ས་ཡ་འབུམ་སྡེ་ཡོད་པར་གསུངས། །དེ་དག་རྩ་བ་བསྡུས་ཤིང་དྲིལ་བ་ན། །གཞན་གནོད་གཞིར་


CMR032_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སྤངས་ལ་སོ་ཐར་འདུས། །གཞན་ཕན་གཞིར་བཅས་སྒྲུབ་ལ་བྱང་སྡོམ་འདུས། །བླ་མར་རྩེ་གཅིག་གུས་ལ་སྔགས་སྡོམ་འདུས། །རྒྱས་པ་རྒྱས་དྲགས་བསྡུས་པ་བསྡུས་དྲགས་ནས། །ཉམས་སུ་བླང་བྱ་རང་དེ་གང་ཞེ་ན། །རྩ་བ་བཞི་པོ་སྲོག་ལྟར་སྲུང་བ་དང་། །ཆང་དང་བསྔོས་ཤ་དགོང་སོགས་སྤང་བ་དེས། །དེང་སང་དུས་ཀྱི་སྡོམ་པ་གཙང་མར་བརྩི། །བྱང་སྡོམ་སྔགས་སྡོམ་གཉིས་ལའང་དེ་གལ་ཆེ། །དགེ་ཚོགས་བྱ་བ་གང་དང་གང་སྒྲུབ་པ། །འགྲོ་བ་ཀུན་ལ་ཕན་པའི་སེམས་བསྐྱེད་དང་། །དགེ་རྩ་འགྲོ་བ་ཀུན་ལ་ཕན་པའི་ཕྱིར། །རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བསྔོ་སྨོན་གདབ། །དེ་ཡིས་བྱང་སེམས་སྡོམ་པའི་བསླབ་བྱ་འདུས། །དེ་དོན་ཐུབ་པས་རྒྱལ་པོར་རྒྱ་ཆེར་གདམས། །རང་གི་རྩ་བའི་བླ་མ་གང་ཡིན་དེ། །སེམས་ཅན་ཡིན་ནམ་སངས་རྒྱས་ཡིན་ཀྱང་རུང་། །སྤྱི་གཙུག་རིགས་བདག་ཉིད་དང་དབྱེར་མེད་མོས། །དེ་ནི་བླ་མའི་སྐུ་ཡི་དམ་ཚིག་ཡིན། །ལུས་ཀྱི་ལྷ་བསྒོམ་ངག་གི་བསྙེན་པའམ། །རླུང་བཟུང་ངམ་ནི་རྡོར་བཟླས་གང་རུང་བྱ། །དེ་ནི་ཡི་དམ་གསུང་གི་དམ་ཚིག་ཡིན། །སེམས་ནི་སྟོང་ཉིད་ཕྱག་རྒྱ་ཆེན་པོར་ལྟ། །


CMR032_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཅུ་ལ་སོགས་དུས་མཆོད་ཚོགས་གཏོར་གཟབ། །ལོག་ལྟ་ཅན་ལ་གསང་སྔགས་གནད་མི་བཤད། །དེ་ནི་མཁའ་འགྲོའི་ཐུགས་ཀྱི་དམ་ཚིག་ཡིན། །རྒྱུན་དུ་གཏོར་བསྔོས་དགུ་གཏོར་བསྐང་གསོལ་འབད། །ལོ་དུས་རྣམས་སུ་བསྐང་གསོལ་ཚོགས་མཆོད་གཟབ། །ཡོན་ཏན་ནོར་ལྷ་ཕྲིན་ལས་ཆོས་སྐྱོང་གི །དམ་ཚིག་རྣམས་ནི་དེ་ལ་འདུས་པ་ཡིན། །དུས་རྣམ་ཀུན་ཏུ་རང་སེམས་ངོ་བོ་བལྟ། །རྟོགས་པས་བདག་རྒྱུད་གྲོལ་བའི་དམ་ཚིག་ཡིན། །སྐབས་སུ་སྙིང་རྗེའི་གཏོང་ལེན་དམིགས་པ་སྦྱང་། །དབང་ལུང་ཁྲིད་སོགས་གདུལ་བྱའི་རེ་བ་སྐོང་། །ཐུགས་རྗེས་གཞན་རྒྱུད་སྨིན་པའི་དམ་ཚིག་ཡིན། །མཐོང་ཐོས་དྲན་རེག་འབྲེལ་པ་ཐོགས་ཚད་ཀུན། །བདེ་ཆེན་ཞིང་དུ་སྐྱེ་བའི་བསྔོ་སྨོན་བྱ། །འཁོར་བ་དོང་སྤྲུགས་ཐེག་ཆེན་དམ་ཚིག་ཡིན། །དེ་ལྟར་དམ་ཚིག་རྣམ་དབྱེ་མདོར་བསྡུས་པ། །དབྱེ་བ་གསལ་ཞིང་ལག་ཏུ་བླངས་བདེ་བ། །རྟ་ལོ་ཁྲུམས་ཟླའི་དམར་པོའི་ཚེས་དགུའི་ཉིན། །གུང་གི་ཐུན་ལ་རཱ་ག་ཨ་སྱས་སྨྲས། །ཞུ་མཁན་བརྩོན་འགྲུས་རྒྱ་མཚོས་ཡི་གེར་བྲིས། །ནོངས་པ་མཆིས་ན་མཁས་པ་རྣམས་ལ་འཆགས། །དགེ་བས་


CMR032_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་སྡོམ་གསུམ་མཐར་ཕྱིན་ཤོག །ལེའུ་ལྔ་པ་མངྒ་ལཾ།། །།


previousལེའུ་ལྔ་པ། སྡོམ་གསུམ་རིམ་གྱིས་ཞུས་ནས་སྲུང་བདེའི་ཕྱིར། །སྡོམ་གསུམ་སྲུང་ཚུལ་ཉི་མའི་དཀྱིལ་འཁོར་ཡོད། །next