Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
ལེའུ་དགུ་པ། ཉམ་ཆུང་ནད་པ་སོགས་ལ་ཕན་པའི་ཕྱིར། །ཐུན་སྐབས་དམིགས་ཐུན་བར་ཆད་ཀུན་སེལ་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་དགུ་པ། ཉམ་ཆུང་ནད་པ་སོགས་ལ་ཕན་པའི་ཕྱིར། །ཐུན་སྐབས་དམིགས་ཐུན་བར་ཆད་ཀུན་སེལ་ཡོད། །next

ལེའུ་དགུ་པ། ཉམ་ཆུང་ནད་པ་སོགས་ལ་ཕན་པའི་ཕྱིར། །ཐུན་སྐབས་དམིགས་ཐུན་བར་ཆད་ཀུན་སེལ་ཡོད། །


CMR032_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

༼ཏ༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། དམིགས་ཐུན་བར་ཆད་ཀུན་སེལ་ཞེས་བྱ་བ་བཞུགས་སོ། །ན་མོ་མ་ཧཱ་ཀ་རུ་ཎི་ཀ་ཡེ། རི་བོ་གྲུ་འཛིན་རྩེ་རུ་ལེགས་འཁྲུངས་པའི། དཔག་བསམ་གོར་ཤི་ཤ་ཡི་ལྗོན་པ་དེ། །མན་ངག་ཟབ་མོའི་སེར་བུ་འདིས་བསྐྱོད་པས། །ཕན་བདེའི་དྲི་བསུང་ཕྱོགས་བརྒྱར་ཁྱབ་བྱེད་ཡིན། །དེང་སང་དུས་ངན་སྙིགས་མ་ལྔ་བདོ་བས། །ནད་གདོན་བྱད་ཁ་འཇིགས་སུ་རུང་རྣམས་ཀྱིས། །མི་རྣམས་གློ་བུར་ཡེ་འདྲོགས་བར་ཆད་མང་། །དེ་ཚེ་ཅི་འབྱོར་དངོས་པོ་སྐུར་བྱེད་ཅིང་། །དམིགས་ཐུན་ཞུའོ་སྒྱུ་ཟེར་བའི་སྲོལ་འདི་འཇིགས། །དམིགས་པ་མ་བྱས་ནོར་བླང་ཡོན་བདག་བསླུས། །གཅོད་དམིགས་བྱས་ན་ཚར་ལྷོང་འགྲིག་པ་དཀའ། །ཚར་སློང་མ་འགྲིག་རང་གཞན་གཉིས་


CMR032_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་གནོད། །།སྦྱིན་བདག་ཕལ་ཆེར་བསྟན་དགྲ་ལྷ་འགྲས་ཆེ། །སྲུང་ཟློག་དམིགས་པ་བསྒོམ་ན་ཆོས་སྐྱོང་ཁྲོ། །བྱད་ཁ་ཆེ་ན་རང་གི་སྲོག་ལ་གཟན། །དེ་ཕྱིར་རང་ལ་མི་གནོད་གཞན་ཕན་ཆེ། །རྒྱུད་སྡེ་ཆེན་པོ་ནས་གསུངས་ཕུགས་ཆེ་ཞིང་། །མན་ངག་ཟབ་མོས་བརྒྱན་པའི་རྣོ་ནུས་ཅན། །ཉམས་མྱོང་ལྡན་པའི་མན་ངག་འདི་ལྟར་རོ། །རང་ཉིད་ཡི་དམ་རྒྱལ་བ་རྒྱ་མཚོའམ། །སྤྱན་རས་གཟིགས་ཀྱི་རིགས་ནི་གང་རུང་བསྒོམ། །ནད་པ་དེ་ཡི་སྤྱི་གཙུག་ཟླ་བའི་སྟེང་། །སྤྱན་རས་གཟིགས་དབང་དཀར་པོ་ཞལ་གཅིག་པ། །ཕྱག་གཉིས་གཡས་པ་སྐྱབས་སྦྱིན་གཡོན་པད་དཀར། །སྐྱིལ་ཀྲུང་དར་དང་རིན་ཆེན་རྒྱན་རྣམས་རྫོགས། །ཐུགས་ཀར་ཟླ་སྟེང་ཧྲིལ་སྔགས་གཡས་བསྐོར། །དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ། །འཇིགས་པ་འཇིགས་པ་མེད་པ་སྦྱིན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །ནད་པ་སྨྲེ་འདི་ནད་དང་གདོན་གྱི་འཇིགས་པ་འདི་ལས་ཐར་བར་མཛད་དུ་གསོལ། གསོལ་བ་བཏབ་པས་སྐུ་ལས་བདུད་རྩི་བབས། །ནད་གདོན་ཀུན་དག་


CMR032_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བས་ལུས་ཁེངས་བསྒོམ། །ཨོཾ་མ་ཎི་པདྨེ་ཧཱུཾ། རྒེའི་ནད་སརྦ་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། སྔགས་གྲངས་མང་ཉུང་སྐབས་དང་བསྟུན་ནས་བཟླས། །སྤྱི་བོའི་ལྷ་ཉིད་འོད་ཞུ་ནད་པར་བསྟིམ། །མདོ་སྡེ་པད་དཀར་རྡོ་རྗེ་གུར་གྱི་རྒྱུད། །གནམ་ཆོས་ཐུགས་གཏེར་གསུམ་གྱི་དོན་བསྡུས་ཡིན། །དུས་འཁོར་ཡུམ་མཆོག་སྒྲོལ་མ་སྣ་ཚོགས་ཡུམ། །གཙོ་རྐྱང་སྐུ་རུ་རང་ཉིད་བསྒོམ་པའམ། །ཡང་ན་གཉིས་མེད་རྒྱུད་མཆོག་ཡིན་གསུངས་ཕྱིར། །རང་ཉིད་རྒྱལ་བ་རྒྱ་མཚོ་བསྒོམས་ཀྱང་རུང་། །རང་གི་ཐུགས་ཀའི་འོད་ཟེར་རྩེ་མོ་ལ། །སྣ་ཚོགས་ཡུམ་ནི་དཀར་མོ་ཕྱག་གཉིས་པ། །གཡས་པས་བུམ་པ་གཡོན་པས་པད་དཀར་འཛིན། །གླང་ཆེན་དཀར་པོའི་སྟེང་ན་བཞུགས་པ་ཞིག །འོད་ཟེར་རྩེ་ལ་བསྐྱོན་དེ་དྲུང་དེར་བཏང་། །ཕྱག་གི་བུམ་པས་ནད་པར་ཁྲུས་བྱས་པས། །ནད་གདོན་དག་ནས་ཤེལ་སྒོང་ལྟ་བུར་གྱུར། །སྤྲུལ་པའི་ལྷ་མོ་མང་པོས་གླུ་དབྱངས་བཅས། །མེ་སྒྱུ་ཏོག་ཆར་འབེབས་ཤིས་པ་བརྗོད་པར་བསམ། །ཨོ་ཕྲེམ་བི་ཤྭ་མ་ཏ་སྭཱ་ཧཱ། །ཧྥེའི་ནད་གདོན་སརྦ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། །མང་ཉུང་གལ་དང་བསྟུན་ཏེ་བརྗོད་པར་བྱ། །ལྷ་མོ་


CMR032_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པར་བསྟིམ་མམ་རང་ལ་བསྡུ། །འདི་ཡི་དབང་ནི་སྒྲུབ་ཐབས་རྒྱ་མཚོར་ཡོད། །དམིགས་པ་དུས་འཁོར་རྒྱུད་འགྲེལ་རྣམས་ནས་གསུངས། །འཇིགས་པ་བཅུ་དྲུག་ལ་སོགས་སྐྱོབ་པའི་ཚུལ། །འགྲེལ་ཆེན་དྲི་མེད་འོད་ལས་རྒྱ་ཆེར་བཤད། །སྦྱིན་བདག་གཅིག་གི་བད་ཀན་མིག་སྒྲིབ་ནས། །ཟླ་གཅིག་ཙམ་ཞིག་བདག་གིས་ཐུན་རེ་བསྒོམས། །ནད་པའི་རྨི་ལམ་བུད་མེད་རས་དཀར་ཅན། །གཅིག་གིས་ཁྲུས་བྱས་རྨིས་པའི་ཕྱིར་ནངས་ནས། །མིག་གསལ་ལམ་མཐོང་དེ་ནས་ཇེ་གསལ་སོང་། །དེ་ཕྱིར་བདག་ཀྱང་ངེས་ཤེས་ཐོབ་པ་ཡིན། །ཡང་ན་རང་ཉིད་སྒྲོལ་དཀར་བསྒོམ་པའམ། །ཡང་ན་ཐུགས་རྗེ་ཆེན་པོ་བསྒོམ་ཡང་རུང་། །རང་གི་ཐུགས་ལས་འཕྲོས་པའི་འོད་ཟེར་གྱིས། །པོ་ཊ་ལ་ནས་སྒྲོལ་དཀར་སྤྱན་དྲངས་ཏེ། །ནད་པའི་ཐད་ཀྱི་ནམ་མཁར་བཞུགས་པར་དམིགས། །ཡིད་ཀྱིས་འཇིགས་པ་ཞི་བར་གསོལ་བ་བཏབ། །སྐུ་ལས་བདུད་རྩི་འོ་མའི་རྒྱུན་བཞིན་བབས་། །ནད་པ་ལ་ཐིམ་ནད་གདོན་དག་པར་བསམ། །འཁོར་བ་ལས་སྒྲོལ་ལ་སོགས་བསྟོད་པའམ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧྥེའི་ནད་གདོན་སརྦ་ཤཱནི་ཀུ་རུ་ཡེ་སྭ་ཧཱ། །


CMR032_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ནི་སྒྲོལ་མ་ན་ས་དེ་རུ་བསྟིམ། །ཐུན་གཅིག་བསྒོམ་པས་ནད་ལས་གྲོལ་བ་ནི། །བཀའ་གདམས་དགེ་བཤེས་མང་པོས་མྱོང་གྲུབ་གསུངས། །དེ་བཞིན་ཆུ་དང་གཡང་ས་དགྲ་རྐུན་ཇག །ནད་རིམས་འཁྲུག་པ་ལམ་དགྲ་ལ་སོགས་པ། །ཉམ་ངའི་ཕྱོགས་སུ་རང་གཞན་འགྲོ་བ་ན། །གོང་ལྟར་སྒྲོལ་དཀར་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དེ་ཐད་ནམ་མཁར་སྤྱན་དྲངས་བཞུགས་པར་དམིགས། །སྔགས་ལ་འཇིགས་པ་གང་ཡིན་བསྒྱུར་ཁ་བྱ། །དེ་ཡིས་གནོད་པ་ཐམས་ཅད་སྐྱོབ་པ་ནི། །གདན་བཞིའི་རྒྱུད་དང་སྒྲོལ་མའི་བསྟོད་འབུམ་དང་། །སྒྲོལ་དཀར་ལས་ཚོགས་བླ་མའི་གསུང་རྒྱུན་རྣམས། །གཅིག་ཏུ་བསྡུས་ཤིང་རང་གི་ཉམས་མྱོང་ཡིན། །མན་ངག་དེ་གསུམ་རང་ལ་མི་གནོད་ཅིང་། །ཡོན་བདག་ལ་ཡང་འདི་ཕྱི་ཀུན་ལ་ཕན། །འདི་ནི་འཁྱག་སྒུར་ནུས་པའི་སྙིང་རུས་ཅན། །གདམས་ངག་བྲི་བར་ནུས་པའི་བརྩོན་འགྲུས་ཅནོ། །བརྩོན་འགྲུས་རྒྱ་མཚོས་བསྐུལ་སྒྱུ་ཞིང་བྲིས་པར་བྱས། །ཤིང་སྦྲུལ་སྨིན་དྲུག་ཟླ་བའི་ཉེར་བརྒྱད་ནུབ། །དཔལ་ལྡན་བླ་མའི་དུས་མཆོད་ཚར་བའི་སྐབས། །དགེ་སློང་རཱ་ག་ཨ་སྱས་སྨྲས་པ་འདིས། །ཕྱི་རབས་འགྲོ་བ་མང་པོར་ཕན་ཐོགས་ཤོག །ལེའུ་དགུ་པ་སྟེ་མངྒ་ལཾ།། །།


previousལེའུ་དགུ་པ། ཉམ་ཆུང་ནད་པ་སོགས་ལ་ཕན་པའི་ཕྱིར། །ཐུན་སྐབས་དམིགས་ཐུན་བར་ཆད་ཀུན་སེལ་ཡོད། །next