Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
ལེའུ་བཅུ་པ། ཚེ་རབས་ལས་ཀྱི་སྡིག་སྒྲིབ་སྦྱོང་བའི་ཕྱིར། །སྒྲིབ་སྦྱོང་ཞལ་གདམས་བདུད་རྩིའི་ཆུ་རྒྱུན་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་བཅུ་པ། ཚེ་རབས་ལས་ཀྱི་སྡིག་སྒྲིབ་སྦྱོང་བའི་ཕྱིར། །སྒྲིབ་སྦྱོང་ཞལ་གདམས་བདུད་རྩིའི་ཆུ་རྒྱུན་ཡོད། །next

ལེའུ་བཅུ་པ། ཚེ་རབས་ལས་ཀྱི་སྡིག་སྒྲིབ་སྦྱོང་བའི་ཕྱིར། །སྒྲིབ་སྦྱོང་ཞལ་གདམས་བདུད་རྩིའི་ཆུ་རྒྱུན་ཡོད། །


CMR032_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

༼ཐ༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། སྒྲིབ་སྦྱོང་བདུད་རྩིའི་ཆུ་རྒྱུན་བཞུགས་སོ། །ན་མོ་བཛྲ་སཏྲ་ཡེ། གསོན་དང་བླ་མ་བརྩོན་འགྲུས་རྒྱ་མཚོ་བ། །རང་རེ་མི་རྣམས་དགྲ་ལ་ཞེ་སྡང་ཆེ། །དམའ་བར་ཐུབ་ཀྱང་མི་ཚིམ་གསོད་སྙིང་འདོད། །དགྲ་དེ་རྩད་ནས་བརླག་སྟེ་མེད་པར་འདོད། །ལེགས་པར་དཔྱད་ན་དགྲ་ཀུན་གཉེན་གྱི་མཆོག །ཚེ་རབས་མང་པོའི་ཕ་མ་དྲིན་ཅན་ལགས། །དགྲ་རྣམས་ཕལ་ཆེར་གཉེན་དུ་གྱུར་པ་མང་། །གལ་ཏེ་དགྲ་ཡིས་ཤིན་ཏུ་གནོད་ན་ཡང་། །ལན་གཅིག་གསོད་ཀྱིས་ཡང་ཡང་གསོད་པ་མིན། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །གནོད་ཅིང་འཚེ་བའི་དགྲ་ནི་སྡིག་པ་ཡིན། །དམྱལ་བའི་གནས་སུ་ལན་གྲངས་གྲངས་མེད་དུ། །ཡང་ཡང་སོས་ཀྱང་ཡང་ཡང་གསོད་པར་བྱེད། །སྡིག་སྒྲིབ་འདི་ནི་དགྲ་བོ་མ་རུངས་པ། །འདི་ཉིད་མེད་ཐབས་བརླག་ཐབས་བྱེད་ནུས་ན། །ཕོ་རྒོད་ཡིན་ནོ་བརྩོན་འགྲུས་རྒྱ་མཚོ་བ། །བཤགས་པ་མ་ཐེང་སྡིག་ནི་ཆུང་ན་ཡང་། །ཞག་རེ་སོང་ཞིང་སྐྱེད་ནི་རེ་རེ་འགྲོ། །བླུན་པོའི་


CMR032_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་ཆུང་ཡང་ལྗིད་ཅེས་བཤད། །བཤགས་པ་ཐེངས་ན་རྩད་ནས་མ་དག་ཀྱང་། །སྐྱེད་མི་འཕེལ་བས་ཉེས་པ་ཆུང་བ་སྟེ། །མཁས་པའི་སྡིག་སྒྲིབ་ཆེ་ཡང་ཡང་ཞེས་བཤད། །བཤགས་པ་མ་ཐེང་སྡིག་ལྟུང་ཆུང་ངུ་ཡང་། །བསྐལ་པ་བྱེ་བ་བརྒྱར་ཡང་ཆུད་མི་ཟ། །གཞན་ལ་མི་སྨིན་ས་རྡོ་ལ་མི་སྨིན། །རང་གི་ཕུང་ཁམས་སྐྱེ་མཆེད་ཉིད་ལ་སྨིན། །བཤགས་པ་ཤེས་ན་སྡིག་ལྟུང་མི་དག་མེད། །མ་སྐྱེས་དགྲ་ཡིས་ཕ་བསད་བསྟན་པ་བཤིག །རྒྱལ་བའི་སྐུ་ལ་ངན་སེམས་ཁྲག་ཀྱང་བྱུང་། །སོར་མོའི་ཕྲེང་གིས་མི་ནི་དགུ་བརྒྱ་དང་། །གོ་དགུ་བསད་པའང་བཤགས་པ་རེ་རེས་དག །དཔེར་ན་མེ་སྟག་གཅིག་གིས་རྩྭ་ཕུང་ནི། །ཆེན་པོ་སྲེག་ལྟར་བཤགས་པ་རེ་རེས་ཀྱང་། །སྡིག་ལྟུང་ཆེན་པོ་འདག་པར་ཐུབ་པས་གསུངས། །དེ་ལྟར་འདག་ལ་བཤགས་པའི་གདམས་ངག་དགོས། །གདམས་ངག་སྟོབས་བཞིའི་སྒོ་ནས་བཤགས་པ་ཡིན། །རྟེན་གྱི་སྟོབས་ནི་རྟེན་གསུམ་བྱིན་རླབས་ཅན། །དཀྱིལ་འཁོར་གཉེན་པོའམ་ནི་བླ་མའི་དྲུང་། །མེད་ན་སངས་རྒྱས་བྱང་སེམས་སྤྱན་དྲངས་དྲུང་། །རྣམ་པར་སུན་འབྱིན་སྟོབས་ནི་སྡིག་ལྟུང་རྣམས། །བཙན་


CMR032_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ཁོང་དུ་ཤོར་བཞིན་འགྱོད་སེམས་བསྐྱེད། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཞེས་པ། །ཕྱག་བསྐོར་ལ་སོགས་དགེ་བ་མཐའ་དག་སྟེ། །མཆོག་ཏུ་གྱུར་པ་རྡོར་སེམས་སྒོམ་བཟླས་ཡིན། །ཆུར་ལོན་སྟོབས་ནི་ཕྱིན་ཆད་སྡིག་ལྟུང་ལས། །མི་བྱའི་དམ་བཅའ་དྲག་པོ་བཟུང་བའོ། །དེ་ཡི་གནད་ལ་སྔར་བྱས་སྡིག་ལྟུང་རྣམས། །ང་ཡིས་དེ་ཐུབ་སྙམ་པའི་ང་རྒྱལ་དང་། །གཞན་ལ་ངོམས་ཤིང་ངོ་ཚ་མེད་པ་ན། །དེ་ཡིས་བཤགས་ཀྱང་འདག་པར་མི་འགྱུར་རོ། །སྡིག་ལྟུང་བྱས་ཀྱང་སྐྱོན་མེད་བཤགས་ཆོག་བསམ། །ཕྱིན་ཆད་གཅོད་ཅིང་སྡོམ་པར་མ་བྱས་ན། །དེ་ཡིས་བཤགས་ཀྱང་འདག་པར་མི་འགྱུར་གསུངས། །བཤགས་པའི་གསང་སྔགས་ཡི་གེ་འབྲུ་བརྒྱ་པ། །ཐུན་མཚམས་རྣམས་སུ་ཉེར་གཅིག་རེ་བརྗོད་པས། །ཉེས་ལྟུང་གང་བྱས་འཕེལ་བར་མི་འགྱུར་ཞེས། །རྒྱ་བོད་མཁས་གྲུབ་ཐམས་ཅད་དགོངས་པ་མཐུན། །ལན་གཅིག་ཙམ་ཞིག་བརྗོད་པར་བྱས་ན་ཡང་། །ཉེས་ལྟུང་ཐམས་ཅད་འདག་པར་འགྱུར་རོ་ཞེས། །རྟ་མཆོག་རོལ་པའི་རྒྱུད་ནས་གསུངས་པ་བཞིན། །གྲངས་ཀྱི་ཚད་ནི་འབུམ་ཕྲག་གཅིག་ཡིན་ཏེ། །སྙིགས་མའི་དུས་སུ་བཞི་འགྱུར་


CMR032_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་གསུངས་པས། །གཞན་དང་ངག་མ་འདྲེས་པར་འབུམ་ཕྲག་བཞི། །བཟླས་ན་རྩ་བའི་དམ་ཚིག་ཉམས་པ་ཡང་། །སོར་ཆུད་འགྱུར་བ་གསར་རྙིང་དགོངས་པ་མཐུན། །གལ་ཏེ་ཡིག་བརྒྱ་དག་པར་ཀློག་དཀའ་ན། །རྩ་བའི་སྙིང་པོ་ཡི་གེ་འབྲུ་དྲུག་པ། །འབུམ་ཕྲག་བཅུ་དྲུག་བཟླས་ཀྱང་འདྲ་བ་སྟེ། །ཚེ་འདིར་རྩ་བའི་དམ་ཚིག་ཉམས་པ་རྣམས། །མནར་མེད་དམྱལ་བའི་འོག་གི་བྱང་ཤར་ཕྱོགས། །མདོ་ནས་དམྱལ་བ་ཤམ་བྷ་ལ་ཞེས་བཤད། །སྔགས་ནས་རྡོ་རྗེ་དམྱལ་བ་ཞེས་གསུངས་ཏེ། །དམྱལ་ཁམས་བཅོ་བརྒྱད་ལས་ཀྱང་བདུན་འགྱུར་གྱི། །སྡུག་བསྔལ་ཆེ་ཞིང་བར་མཚམས་མེད་པ་སྟེ། །དེ་ཡི་སྡུག་བསྔལ་དང་ནི་ཚེ་ཡི་ཚད། །བཅོམ་ལྡན་འདས་ཀྱིས་གསུངས་པར་མི་ཕོད་དེ། །གསུངས་ན་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན། །ཐམས་ཅད་ཁ་ནས་ཁྲག་སྐྱུག་འཆི་བར་བཤད། །དེ་རུ་སྐྱེ་བའི་ཆག་ཉམས་སྡིག་སྒྲིབ་ཀྱང་། །རྡོར་སེམས་སྒོམ་བཟླས་གླུ་བསྐྱེད་རིམ་གསལ་བ་དང་། །སྙིང་པོ་འབྲུ་དྲུག་བཟླས་པའི་གྲངས་ཐེམ་ན། །དམྱལ་ཁམས་དེ་རུ་སྐྱེ་བར་མི་འགྱུར་ཞེས། །ཕྱག་རྡོར་གོས་སྔོན་ཅན་གྱི་རྒྱུད་ལས་གསུངས། །


CMR032_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་ལྟུང་དྲག་པོས་ནོན་པའི་མི་རྣམས་ལ། །གདམས་པ་འདི་ནི་ཡིད་བཞིན་རིན་པོ་ཆེ། །བརྒྱ་སྟོང་བས་ཀྱང་རིན་ཐང་མི་ཆེ་རེ། །དེ་ཕྱིར་བླ་མ་བརྩོན་འགྲུས་རྒྱ་མཚོ་ཁྱོད། །གདམས་པ་འདི་ཡིས་འགྲོ་དོན་དཔག་མེད་མཛོད། །ཁྲིད་རིམ་ཀུན་གྱི་ཐོག་མར་འདི་ཉིད་ཤོད། །ལྭ་བ་བཀྲུས་ན་ཚོས་མདོག་ལེགས་པ་ལྟར། །སྡིག་སྒྲིབ་དག་ན་ཉམས་རྟོགས་སྐྱེ་བར་སླ། །ཐབས་ལམ་བསྒོམ་ན་བདེ་དྲོད་སྐྱེ་བའི་ཐབས། །འདི་ཉིད་ཟབ་ཅེས་སྟག་ལུང་ཐང་པས་བཞེད། །མ་མགོན་ལ་སོགས་ཆོས་སྐྱོང་སྒྲུབ་ན་ཡང་། །ཉམས་ཆག་འདག་ཕྱིར་འཁུ་ལྡོག་འོང་བ་མིན། །ནད་གདོན་འབྱུང་བའི་རྒྱུ་ནི་སྡིག་སྒྲིབ་སྟེ། །སྡིག་སྒྲིབ་མེད་ན་ནད་གདོན་ག་ལ་འབྱུང་། །རྐྱེན་ངན་བཟློག་ལ་འདི་བས་ཟབ་པ་མེད། །སྒྲུབ་པའི་རྟགས་མཚན་མི་གསལ་སྒྲིབ་པས་བསྒྲིབས། །དག་སྣང་གསལ་ཐབས་འདི་ལས་ཟབ་པ་མེད། །ཕྱག་རྒྱ་ཆེན་པོའི་ངོ་བོ་མི་མཐོང་བ། །ལྷན་ཅིག་སྐྱེས་པ་མ་རིག་སྒྲིབ་པས་་བསྒྲིབས། །སྒྲིབ་པ་དེ་བསལ་ངོ་བོ་ཅིས་མི་མཐོང་། །རྟོགས་པ་སྐྱེ་ཐབས་འདི་ལས་ཟབ་པ་མེད། །མདོར་ན་མང་པོ་བརྗོད་པས་ཅི་ཞིག་བྱ། །དེ་ཉིད་ཁོ་ནས་སངས་རྒྱས་


CMR032_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་པར་གསུངས། །དེ་ཕྱིར་བརྩོན་འགྲུས་རྒྱ་མཚོས་ཉམས་ལེན་མཛོད།། ༈ །།ན་མོ་གུ་རུ་བཛྲ་སཏཱ་ཡེ། གསོན་དང་བླ་མ་བརྩོན་འགྲུས་རྒྱ་མཚོ་བ་། །རྡོར་སེམས་སྒོམ་བཟླས་ཕྱི་ནང་གསང་བ་དང་། །ཡང་གསང་བཞི་ཡི་དམིགས་རིམ་གལ་ཆེ་ཞིང། །རང་ཉིད་ཐ་མལ་སྤྱི་བོར་པད་དཀར་དང་། །ཟླ་སྟེང་ཧཱུཾ་ཡིག་དཀར་པོའི་འཕྲོ་འདུ་ལས། །རྡོ་རྗེ་སེམས་དཔའ་སྐུ་མདོག་ཤེལ་གྱི་མདོག །དར་དང་རིན་ཆེན་དུ་མས་སྐུ་ལ་བརྒྱན། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་བཏོད་དེ་འཛིན། །གཡོན་པས་དྲིལ་བུ་དཀུར་བརྟེན་ཞབས་ཕྱེད་སྐྱིལ། །ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར། །དེ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་སེམས་ཐམས་ཅད་སྤྱན་དྲངས་དབྱེར་མེད་བསྟིམ། །སྔགས་ཕྲེང་བདུད་རྩིའི་རྒྱུན་བབས་སྐུ་ལུས་གང་། །ཞབས་གཡས་མཐེ་བོང་རྩེ་ནས་བདུད་རྩི་རྡོལ། །ཚངས་བུག་ནས་ཞུགས་ལུས་གང་སྡིག་སྒྲིབ་སྒྱུ་ཀུན་། །འོག་སྒོ་དང་ནི་རྐང་པའི་མཐིལ་གཉིས་ནས། །དུད་ཁུ་སོལ་ཁུ་ལྟ་བུར་ས་འོག་སོང་། །དེ་ལྟར་བསྒོམ་ཞིང་ཡིག་བརྒྱའམ་འབྲུ་དྲུག་བཟླས། །རང་ལུས་ཤེལ་སྒོང་ལྟར་


CMR032_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་བདུད་རྩིས་གང་། །དཔེར་ན་ཤེལ་བུམ་འོ་མས་གང་བ་བཞིན། །རྡོར་སེམས་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི། །སྡིག་སྒྲིབ་དག་གོ་གསུངས་ནས་འོད་དུ་ཞུ། །བདག་ལ་དབྱེར་མེད་ཐིམ་བསྒོམ་ངོ་བོ་ལྟ། །དེ་ནི་ཕྱི་ཡི་རྡོར་སེམས་སྒོམ་བཟླས་ཏེ། །གསར་རྙིང་ཁྲིད་རིམ་ཕལ་ཆེར་དགོངས་པ་མཐུན། །ཡང་ན་རང་གི་སྤྱི་བོའི་གཙུག་རོལ་ན། །པདྨ་འདབ་བཞིའི་དབུས་དང་འདབ་མ་བཞིར། །ཉ་རྒྱས་ཟླ་བའི་དཀྱིལ་འཁོར་ལྔ་ཡི་སྟེང་། །ཨོཾ་ཧཱུཾ་སྭཱ་ཨཱ༔ཧཱ་ཡི་ཡི་གེ་ལྔ། །ཡོངས་སུ་གྱུར་ལས་རིགས་ལྔའི་རྡོར་སེམས་ནི། །དཀར་སྔོ་སེར་དམར་ལྗང་བའི་སྐུ་མདོག་ཅན། །གཡས་ཀྱི་ཕྱག་རྣམས་འཁོར་ལོ་རྡོ་རྗེ་དང་། །རིན་ཆེན་པདྨ་རྒྱ་གྲམ་ཐུགས་ཀར་འཛིན། །གཡོན་རྣམས་དེས་མཚན་དྲིལ་བུ་དཀུ་ལ་བརྟེན་། །ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་བརྒྱན། །ཀུན་ཀྱང་རྒྱལ་པོ་རོལ་པའི་འདུག་སྟངས་ཅན། །སོ་སོའི་ཐུགས་ཀར་སོ་སོའི་ས་བོན་མཐར། །སོ་སོའི་ཡི་གེ་བརྒྱ་པས་བསྐོར་བ་ལས། །འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་ནས། །རིགས་ལྔའི་རིགས་སུ་གཏོགས་པའི་སངས་རྒྱས་དང་། །བྱང་སེམས་ཐམས་ཅད་སྤྱན་དྲངས་དབྱེར་


CMR032_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བསྟིམ། །རིགས་ལྔའི་སྐུ་ལས་བདུད་རྩི་ཁ་དོག་ལྔ། །བབས་པ་ཚངས་བུག་ནས་ཞུགས་ལུས་གང་བས། །དུག་ལྔའི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །འགྲོ་བ་ལམ་རྒྱུད་ལྔ་ཡི་སྐྱེ་སྒོ་བཅད། །ཡེ་ཤེས་ལྔ་ཡི་བདུད་རྩིས་བདག་ལུས་གང་། །རྡོར་སེམས་རིགས་ལྔས་ཡིག་བརྒྱ་རིགས་ལྔ་ཡི། །སྔགས་སྒྲ་སྒྲོག་པས་འགྲོ་ཀུན་སྒྲིབ་པ་སྦྱང་། །ཨོཾ་བུདྡྷ་སཏྭ་ས་མ་ཡ། ཞེས་སོགས་དེ་བཞིན་གཤེགས་པའི་ཡིག་བརྒྱ་དང་། །བསྡུ་ན་ཨོཾ་བུདྡྷ་སཏྭ་ཧཱུཾ། ཧཱུཾ་བཛྲ་སཏྭ་ས་མ་ཡ། ཞེས་སོགས་རྡོ་རྗེ་རིགས་ཀྱི་ཡིག་བརྒྱ་དང་། །བསྡུ་ན་ཨོཾ་བཛྲ་སཏྭ་ཧཱུཾ། སཱ་རཏྣ་སཏྭ་ས་མ་ཡ། ཞེས་སོགས་རིན་ཆེན་རིགས་ཀྱི་ཡིག་བརྒྱ་དང་། །བསྡུ་ན་ཨོ་རཏྣ་སཏྭ་ཧཱུྃ། ཨཱཔདྨ་སཏཱ་ས་མ་ཡ། ཞེས་སོགས་པདྨ་རིགས་ཀྱི་ཡིག་བརྒྱ་དང་། །བསྡུ་ན་ཨོ་པདྨ་སཏྭ་ཧཱུཾ། ཧ་ཀརྨ་སཏྭ་ས་མ་ཡ། ཞེས་སོགས་ཀརྨ་རིགས་ཀྱི་ཡིག་བརྒྱ་དང་། །བསྡུ་ན་ཨོ་ཀརྨ་སཏྭ་ཧཱུཾ། ཞེས་པ་སྒྱུ་རྣམས་ནི་ཅི་ནུས་བརྗོད་བྱ་ཞིང་། །རྒྱས་པར་སྤྲོ་ན་རུ་ཏྲའི་སྨྲེ་བཤགས་འདོན། །འབྲིང་ལ་བཤགས་རྒྱུད་ལེའུ་རྒྱབ་མ་འདོན། །བསྡུ་ན་ལུས་ཀྱི་ལས་ནི་རྣམ་པ་གསུམ། །ཞེས་


CMR032_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བརྗོད་པས་རིགས་ལྔ་འོད་དུ་ཞུ། །རང་ལ་ཐིམ་བསམ་མི་དམིགས་ངང་ལ་བཞག །དེ་ནི་ན་རཀ་དོང་སྤྲུགས་རྒྱུད་ཆེན་གྱི། །དགོངས་པ་ཡིན་ཏེ་ན་རཀ་དོང་སྤྲུགས་དོན། །དེ་ནི་ནང་གི་རྡོར་སེམས་སྒོམ་བཟླས་ཡིན། །རང་གི་སྤྱི་བོར་པདྨ་ཉི་མའི་སྟེང་། །ཧཱུྃ་ལས་བླ་མ་རྡོར་སེམས་ཧེ་རུ་ཀ་།སྐུ་མདོག་དཀར་པོ་ཞལ་གཅིག་སྤྱན་གསུམ་པ། །ཁྲོ་འཛུམ་དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན། །རྡོ་རྗེ་ཕྱར་ཞིང་བྷནྡྷ་ཐུགས་ཀར་འཛིན། །རུས་རྒྱན་སྟག་ཤམ་གླང་ཆེན་ཀོ་རློན་གསོལ། །ཡུམ་ནི་རྡོ་རྗེ་སྙེམས་མ་སྐུ་མདོག་དམར། །གཅེར་བུ་རུས་རྒྱན་ཡབ་དང་གཉིས་མེད་སྦྱོར། །རོལ་སྟབས་སམ་ནི་གཡས་བསྐུམ་གཡོན་བརྐྱང་གར། །རང་འོད་མེ་དཔུང་འཁྲུགས་པའི་ཀློང་ན་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་སྔགས་ཀྱིས་བསྐོར། །བླ་མ་ཡི་དམ་ཌཱཀྐི་ཐམས་ཅད་ནི། །སྤྱན་དྲངས་བསྟིམས་པས་ཡབ་ཡུམ་བདེ་བ་རྒྱས། །སྦྱོར་མཚམས་བྱང་སེམས་རྒྱུན་བབས་ཚངས་བུག་ཞུགས། །ལུས་གང་སྡིག་སྒྲིབ་དག་ཅིང་བདེ་དྲོད་འབར། །ཨོཾ་ཤྲཱི་ཧེ་རུ་ཀ་སཏྭ་ས་མ་ཡ། ཞེས་སོགས་ཧེ་རུ་ཀ་ཡི་ཡིག་བརྒྱའམ། །ཨོཾ་ཨཱགུ་རུ་བཛྲ་སཏྭ་ཧཱུཾ། དེ་


CMR032_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གང་རུང་ཅི་ནུས་བཟླས་པའི་རྗེས། །མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །བླ་མ་རྡོར་སེམས་འོད་ཞུ་བདག་ལ་ཐིམ། །དེ་ནི་གསང་བའི་རྡོར་སེམས་སྒོམ་བཟླས་ལགས། །གསར་རྙིང་བཀའ་གཏེར་རྒྱུད་ཀྱིདགོངས་པའོ། །མི་དམིགས་ངང་ལས་རང་ཉིད་སྐད་ཅིག་གིས། །རྡོ་རྗེ་སེམས་དཔའ་ཞི་འཛུམ་ཞལ་གཅིག་པ། །རིགས་ལྔས་དབུ་བརྒྱན་རིན་ཆེན་རྒྱན་རྣམས་རྫོགས། །རྡོ་རྗེ་བཏོད་ཅིང་དྲིལ་བུ་དཀུ་ལ་བརྟེན། །དར་དཀར་སྟོད་གཡོགས་སྨད་དཀྲིས་རོལ་སྟབས་ཀྱིས། །པད་ཟླ་གླང་ཆེན་བརྒྱད་ཀྱི་ཁྲི་ལ་བཞུགས། །ཐུགས་ཀར་ཉ་རྒྱས་ཟླ་སྟེང་ཧཱུྃ་ཡིག་མཐར། །ཡི་གེ་བརྒྱ་པ་སྐར་མའི་ཕྲེང་བ་བཞིན། །དེ་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་སྒྱུ་ཀུན་། །སྤྱན་དྲངས་སྔགས་ཕྲེང་ལ་བསྟིམ་གཡས་སུ་འཁོར། །བདུད་རྩིའི་རྒྱུན་བབས་བདག་ལུས་ལྟེམས་སེ་གང་། །སྡིག་སྒྲིབ་ནད་གདོན་བ་སྤུའི་བུ་ག་ནས། །ནག་དང་ཉིལ་


CMR032_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཉིལ་ཕྱིར་ཐོན་བདག་ཉིད་ནི། །ཤེལ་སྒོང་བཞིན་དུ་དྲི་མ་དག་པར་བསྒོམ། །ཡིག་བརྒྱ་འམ་ནི་སྙིང་པོ་ཅི་ནུས་བཟླས། །རྗེས་སུ་ཨགྷཾ་སོགས་བརྗོད་བདག་བསྐྱེད་མཆོད། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལའོ། །ཡེ་ཤེས་མི་གཤེགས་མི་དམིགས་ངང་ལ་བཞག །བདུན་བརྒྱ་ཉི་ཤུའི་ལྷ་འདུས་རིགས་བརྒྱ་སྟེ། །རིགས་བརྒྱ་བསྣུས་ན་རིགས་ནི་ཉི་ཤུ་ལྔ། །ཉེར་ལྔ་བསྡུས་པ་རྒྱལ་བ་རིགས་ལྔ་སྟེ། །རིགས་ལྔ་གཅིག་བསྡུས་རིགས་གཅིག་རྡོ་རྗེ་སེམས། །འདི་འགྲུབ་སངས་རྒྱས་ཐམས་ཅད་འགྲུབ་པ་ཡིན། །བཀའ་བརྒྱད་ཞི་ཁྲོ་ཀུན་གྱི་དོན་འདུས་ཏེ། །ཡང་གསང་རྡོ་རྗེ་སེམས་དཔའི་སྒོམ་བཟླས་སོ། །ཆོས་ཀུན་རྟེན་འབྲེལ་བསླུ་བ་མེད་པ་ཡི། །སྡིག་པ་སྦྱོང་ཐབས་མཆོག་ཏུ་ཟབ་པའོ། །སྡིག་དང་བཤགས་པ་གཉིས་ཀ་ཀུན་རྫོབ་སྟེ། །ངེས་པའི་དོན་ལ་སྡིག་དང་བཤགས་པ་མེད། །སྡིག་དང་ཉེས་ལྟུང་གདོད་ནས་མ་གྲུབ་སྟེ། །གདོད་ནས་རྣམ་དག་ཆོས་ཀྱི་དབྱིངས་དེ་ལ། །དགེ་བས་མ་ཕན་སྡིག་པས་གནོད་མ་བསྐྱལ། །དམྱལ་བར་


CMR032_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་ཀྱང་ངན་དུ་མ་སོང་བ། །རྫོགས་སངས་རྒྱས་ཀྱང་བཟང་དུ་མ་སོང་བ། །ནམ་མཁའ་བཞིན་དུ་ཅིས་ཀྱང་མ་གོས་པ། །བཤགས་བྱ་བཤགས་བྱེད་བཤགས་པའི་སྤྲོས་དང་བྲལ། །དེ་དོན་རྟོགས་ན་དོན་གྱི་བཤགས་པ་སྟེ། །དྲི་མེད་བཤགས་རྒྱུད་ལེའུ་དང་པོའི་དོན།། དོན་ཉམས་སུ་ལེན་པར་འདོད་པ་ན། །སེམས་ཀྱིས་སེམས་ལ་བལྟས་ཏེ་ཀློད་དེར་བཞག །དེ་དོན་ཏེ་ལོ་པ་ཡི་ཞལ་ནས་ཀྱང་། །བསྐལ་པ་སྟོང་དུ་བསགས་པའི་མུན་པ་ཡང་། །སྒྲོན་མེ་གཅིག་གིས་བསལ་བ་དེ་བཞིན་དུ། །རང་རིག་འོད་གསལ་རྟོགས་པའི་སྐད་ཅིག་ལ། །བསྐལ་པར་བསགས་པའི་མ་རིག་སྡིག་སྒྲིབ་བསྲེག །བསྟན་པའི་སྒྲོན་མེ་ཞེས་ནི་བཤད་པ་ཡིན། །ཞེས་སོགས་གསུངས་པའང་དེ་ལ་དགོངས་པ་སྟེ། །རང་གི་སེམས་ཉིད་གཞོམ་གཞིག་བྲལ་བ་ན། །ལེགས་པར་རྟོགས་པ་དོན་གྱི་རྡོ་རྗེ་ཡིན། །དེ་ཉིད་སེམས་ཀྱིས་ལེགས་པར་བསྒོམ་པ་ནི། །དོན་གྱི་རྡོ་རྗེ་སེམས་དཔའ་སྒྱུ་ཡིན་པ་སྟེ། །གཞན་ནས་མི་འཚོལ་རང་སེམས་ངོ་བོ་སྐྱོང་། །དེ་ཁོ་ན་ཡི་རྡོར་སེམས་སྒོམ་བཟླས་ཡིན། །དེ་ལྟར་ཕྱི་ནང་གསང་བ་ཡང་གསང་དང་། །དེ་བཞིན་ཉིད་ཀྱི་རྡོར་


CMR032_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྒོམ་བཟླས་ལྔ། །ཉམས་སུ་བླངས་ན་སྡིག་ལྟུང་རྩད་ནས་གཅོད། །མི་ལུས་དོན་ལྡན་བདེ་ནས་བདེ་བར་འགྲོ། །དེ་རྟགས་དངོས་སུ་ཁམས་བདེ་རིག་པ་དྭངས། །ངེས་འབྱུང་དད་པ་ཉམས་རྟོགས་ཤུགས་ཀྱིས་སྐྱེ། །རྨི་ལམ་ཁྲུས་བྱས་གོས་དཀར་གསར་པ་གྱོན། །བདུད་རྩི་འོ་མ་འཐུང་དང་ནམ་མཁར་འཕུར། །དེ་སོགས་དག་སྣང་དཔག་མེད་འཆར་བར་འགྱུར། །སྒྲིབ་སྦྱང་གླུ་ཆུང་ཚིགས་བཅད་ཟུང་ཅིག་འདི། །རྟ་ལོ་རྒྱལ་ཟླའི་ཡར་ཚེས་ལྔ་ཡི་ནུབ། །རཱ་ག་ཨ་སྱས་བྱུང་རྒྱལ་སྨྲས་པ་སྟེ། །བཱིརྱ་སཱ་ག་ར་ཡིས་ཡི་གེར་བློབྲིས། །འབྲེལ་ཚད་སྒྲིབ་གཉིས་སྦྱོང་བའི་བདུད་རྩིར་ཤོག །ལེའུ་བཅུ་སྟེ་མངྒ་ལཾ།། །།


previousལེའུ་བཅུ་པ། ཚེ་རབས་ལས་ཀྱི་སྡིག་སྒྲིབ་སྦྱོང་བའི་ཕྱིར། །སྒྲིབ་སྦྱོང་ཞལ་གདམས་བདུད་རྩིའི་ཆུ་རྒྱུན་ཡོད། །next