Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་བཞི་པ། སངས་རྒྱས་བདེན་པས་བར་ཆད་སྐྱོབ་པའི་ཕྱིར། །བྱམས་པའི་གོ་ཆ་སྙིང་རྗེའི་ཡ་ལད་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་བཅུ་བཞི་པ། སངས་རྒྱས་བདེན་པས་བར་ཆད་སྐྱོབ་པའི་ཕྱིར། །བྱམས་པའི་གོ་ཆ་སྙིང་རྗེའི་ཡ་ལད་ཡོད། །next

ལེའུ་བཅུ་བཞི་པ། སངས་རྒྱས་བདེན་པས་བར་ཆད་སྐྱོབ་པའི་ཕྱིར། །བྱམས་པའི་གོ་ཆ་སྙིང་རྗེའི་ཡ་ལད་ཡོད། །


CMR032_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

༼ཕ༽ །རི་ཆོས་མཚམས་ཀྱི་ཞལ་གདམས་ལས། སངས་རྒྱས་ཀྱི་སྨོན་ལམ་བདེན་ཚིག་གི་སྒོ་ནས་སྲུང་ཟློག་ཟབ་མོ་འཇིགས་པ་ཀུན་སྐྱོབ་བྱམས་པའི་གོ་ཆ་སྙིང་རྗེའི་ཡ་ལད་ཅེས་བྱ་བ་བཞུགས་སོ། །ན་མོ་ཨཱརྱ་ལོ་ཀི་ཤྭ་ར་ཡ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །སྒྲུབ་ལ་བརྩོན་པའི་བརྩོན་འགྲུས་རྒྱ་མཚོ་ཡིས། །རྩ་གསུམ་ལྷ་ཡི་སྒྲུབ་པ་གང་བྱེད་ཀྱང་། །རྒྱུན་དུ་སྲུང་དང་ཟློག་པའི་དམིགས་པ་ནི། །ལྷ་ཚོགས་གང་ལ་བརྟེན་ན་ཟབ་ཅེས་ཞུས། །འཕྲལ་རྐྱེན་


CMR032_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པའི་བར་ཆད་བཟློག་པ་ལ། །ཡེ་ཤེས་འཇིག་རྟེན་ལྷ་ཚོགས་ཐམས་ཅད་ཟབ། །ལས་ཀྱི་རྣམ་སྨིན་མ་གཏོགས་ཟློག་པར་གསུངས། །ལས་ཀྱི་རྣམ་སྨིན་དེ་ལ་རིགས་གསུམ་སྟེ། །ད་རེས་ཚེ་འདིར་ངེས་པར་སྨིན་དགོས་པ། །མཐོང་ཆོས་མྱོང་འགྱུར་དེ་ལ་ཟློག་ཐབས་མེད། །སྐྱེ་བ་ཕྱི་མར་སྨིན་དགོས་ལས་དེ་ནི། །སྐྱེས་ནས་མྱོང་འགྱུར་ལས་ཞེས་བྱ་བ་དང་། །ནམ་སྨིན་ངེས་མེད་ནམ་ཞིག་སྨིན་དགོས་པ། །ལན་གྲངས་གཞན་དུ་མྱོང་འགྱུར་ལས་ཡིན་ཏེ། །དེ་གཉིས་བར་ཆད་རྐྱེན་གྱིས་མཚམས་སྦྱར་ནས། །ཚེ་འདིར་ལུས་འདིའི་སྟེང་དུ་སྨིན་གྱུར་པ། །དེ་ནི་འཇིག་རྟེན་ལྷ་ཡིས་མི་ཟློག་སྟེ། །ཡེ་ཤེས་ལྷ་ཡིས་ཕྱིར་ལ་ཟློག་པའམ། །ཡང་ན་བསྲབས་ཤིང་བྱང་བར་ནུས་པའི་དོན། །ལས་ལ་དབང་བའི་སྟོབས་ནི་མངའ་ཕྱིར་ཡིན། །ཆོས་རྒྱལ་གྱིས་ཀྱང་ལས་ལ་བཅོས་མེད་དེ། །སྤྱན་རས་གཟིགས་ཀྱིས་ལས་ལ་བཅོས་ཡོད་ཚུལ། །མོ་འུ་གལ་མདོ་རྒྱས་པའི་ནང་ན་གསལ། །ཁྱད་པར་རྫོགས་པའི་སངས་རྒྱས་ས་ཐོབ་ཀྱང་། །སེམས་ཅན་ཕན་པའི་སྨོན་ལམ་རེ་རེའི་དོན། །བསྐལ་པ་བྱེ་བ་བརྒྱ་སྟོང་དཀའ་བ་སྤྱད། །བདེན་ཚིག་འགྲུབ་པའི་


CMR032_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དེ་རྣམས་ཀྱི། །བདེན་ཚིག་མཐུ་ཡིས་སྲུང་ཟློག་འགྲན་ཟླ་མེད། །བདག་གི་རྒྱུན་གྱི་སྲུང་ཟློག་འདི་ཀ་ཡིན། །བུ་ཁྱོད་བློ་གཏད་སྲུང་ཟློག་འདི་ལ་མཛོད། །རང་ཉིད་ཡི་དམ་སྐུར་གསལ་ཐུགས་ཀ་ཡི།་་་་་རྒྱལ་བ་རྒྱ་མཚོའམ་གང་རུང་དུ་བསྐྱེད་ཆོག །ས་བོན་འོད་ཟེར་ཤར་གྱི་ཕྱོགས་སུ་འཕྲོས། །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །བཅོམ་ལྡན་མི་འཁྲུགས་རྒྱལ་བའི་ཐུགས་ཀར་ཕོག །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་སུ་དྲན། །སྐུ་ལས་འོད་ཟེར་མཐིང་ཀ་དཔག་མེད་འཕྲོས། །བདག་དང་བསྲུང་བྱ་རྣམས་ལ་ཐིམ་པ་ཡིས། །འཇིགས་སྐྲག་གནོད་པ་ཐམས་ཅད་ཞི་བར་བསྒོམ།་༈ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ན། བདེན་པ་དང་བདེན་པའི་ཚིག་གང་གིས་དམ་བཅས་པ་དང་། ཚིག་བརྗོད་པ་གང་ཡིན་པའི་དམ་བཅས་པ་དང་། །ཚིག་བརྗོད་པ་དེ་དག་གིས་ཕ་རོལ་ཏུ་ཕྱིན་པའི་བདེན་པ་དང་། བདེན་པའི་ཚིག་དེས། བདག་ཅག་དཔོན་སློབ་བསྲུང་བྱ་དམིགས་ཡུལ་རྣམས་ལ་འཇིགས་པ་དང་། སྐྲག་པ་


CMR032_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཡམས་ཀྱི་ནད་དང་། གནོད་པ་འདི་དག་ནུབ་པར་གྱུར་ཅིག །ཨོཾ་ཨཀྵ་བྷ་བིགྷཱནྟ་ཀྲྀཏ་ཧཱུྃ་ཕཊ། འཇིགས་པ་དང་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། །ཞེས་པ་གཅིག་གསུམ་བདུན་སོགས་གལ་དང་བསྟུན། །ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པའི། །གནོད་པ་ཐམས་ཅད་དེ་མ་ཐག་ཏུ་ནི། །ཐམས་ཅད་ནུབ་ཅིང་མེད་པར་འགྱུར་བ་ནི། །མི་འཁྲུགས་པ་ཡི་མདོ་ལས་རྒྱ་ཆེར་གསུངས། །སྔགས་དང་དམིགས་པ་གཞན་ནས་ཁ་བསྐང་བྱས། །དེ་བཞིན་རང་གཞན་ནད་ཀྱིས་འཚེ་བ་ལ། །རང་གི་ཐུགས་་ཡི་དམ་གང་རུང་བསྐྱེད་པའམ། ལས་འོད་ཟེར་སྔར་ལྟར་འཕྲོས། །ཤར་ཕྱོགས་བཻཌཱུརྱ་སྣང་ཞིང་ཁམས་སུ། །བཅོམ་ལྡན་སྨན་བླ་བཞུགས་པའི་ཐུགས་ཀར་ཕོག །སྔོན་གྱི་དམ་བཅའ་ཐུགས་བསྐྱེད་སྨོན་ལམ་དྲན། །འོད་ཟེར་བཻཌཱུརྱ་ཡི་མདོག་འདྲ་འཕྲོས། །བདག་དང་བསྲུང་བྱ་རྣམས་ཀྱི་ལུས་ལ་ཐིམ། །ནད་ཀུན་བ་མོར་ཉི་ཟེར་ཕོག་འདྲར་བསྒོམ། །ཀླུ་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོས། སྔོན་སྨོན་ལམ་ཆེན་པོ་བཅུ་གཉིས་བཏབ་པའི་བདེན་པ་དང་།


CMR032_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའི་ཚིག་དེས། བདག་དང་བསྲུང་བྱའི་ནད་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་གྱུར་ཅིག །ཏདྱ་ཐཱ། ཨོཾ་བྷེ་ཥ་ཛ་བྷི་ཥ་ཛུ་མ་ཧཱ་བྷེ་ཥ་ཛུ་རཱ་ཛ་ས་མུཏཱ་ཏེ་སྭཱ་ཧཱ། ནད་སརྦ་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། གཅིག་གམ་གསུམ་མམ་བདུན་སོགས་སྐབས་དང་བསྟུན། །རྣམ་སྨིན་མ་གཏོགས་ནད་ཀུན་ཞི་བའི་ཚུལ། །སྨན་མདོ་རྒྱས་བསྡུས་གཉིས་ལས་རྒྱ་ཆེར་བཤད། །སྔགས་དང་དམིགས་པའི་མན་ངག་གཞན་ནས་བསྣན། །ཨྠྀི། །མེ་ཆུ་དུག་མཚོན་རྒྱལ་པོ་ཆོམ་རྐུན་དང་། །མདོར་ན་འཇིགས་སྐྲག་གནོད་པ་གང་བྱུང་ཡང་། །རང་གི་ཐུགས་ཀའི་འོད་ཟེར་ལྷོ་ཕྱོགས་འཕྲོས། །རི་བོ་པོ་ཊ་ལ་ཡི་རྩེ་མོ་རུ། །འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཕོག །ཚད་མེད་ཐུགས་རྗེས་དགོངས་ནས་སྐྱབས་སྦྱིན་མཛད། །འོད་ཟེར་དཀར་པོ་ཉི་མ་ཤར་བཞིན་འཕྲོས། །བདག་དང་བསྲུང་བྱ་ཀུན་ལ་ཕོག་མ་ཐག །བ་མོར་ཉི་ཟེར་ཕོག་བཞིན་གནོད་པ་བསལ། འཇིགས་པ་འཇིགས་པ་མེད་པ་སྦྱིན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་


CMR032_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་བསྲུང་བྱ་ཐམས་ཅད་འཇིགས་པ་དང་གནོད་པ་ཐམས་ཅད་ལས་བསྐྱབ་ཏུ་གསོལ། །ཨོཾ་པདྨ་ཚིནྡྷ་མ་ཎི་ཛཱ་ལ་ཧཱུཾ།་་་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་སྙིང་པོ་ཡིན། །འཇིགས་པ་དང་གནོད་པ་ཐམས་ཅད་ཤཱནྟཾ་ཀུ་རུ་སྭཱ་ཧཱ། །གཅིག་བདུན་གསུམ་སོགས་གལ་དང་བསྟུན་ལ་བརྗོད། །ཐེ་ཚོམ་མེད་ན་འཇིགས་པ་ཀུན་སྐྱོབ་པར། །པདྨ་དཀར་པོའི་མདོ་ལས་རྒྱ་ཆེར་གསུངས། །སྔགས་ནི་ཡིད་བཞིན་འཁོར་ལོའི་རྒྱུད་དང་ནི། །སྒ་ལོ་ནས་བརྒྱུད་རྒྱ་གཞུང་མན་ངག་ཡིན། །གོང་འོག་མན་ངག་རིམ་པ་འདི་གསུམ་གྱི། །ཕན་ཡོན་རྒྱས་པར་སོ་སོའི་མདོ་སྡེར་གསལ། །བྱིན་རླབས་བདེན་སྟོབས་སྲུང་བ་ཨི་ཐི་རྒྱ། །འཇིག་རྟེན་གསུམ་པོ་འདི་ན་དབང་ཆེ་བས། །འཇིག་རྟེན་དབང་ཕྱུག་ཅེས་བྱར་ཡོངས་གྲགས་པ། །དེ་ཡི་ཐུགས་རྗེའི་སྟོབས་ཀྱིས་ཟློག་པ་ནི། །རང་ལ་གནོད་པ་གར་ཡོད་ཕྱོགས་དེའམ། །མགྲོན་པོ་སོང་ཕྱོགས་འཇིགས་པ་ཡོད་ཕྱོགས་དེར། །ཁ་གྱུས་རང་ཉིད་གླུ་སྐད་ཅིག་དྲན་རྫོགས་སུ། །ཕྱག་སྟོང་སྤྱན་སྟོང་སྐུ་རུ་ལམ་གྱིས་བསྒོམ། །རྐང་པ་གཤིབས་ནས་ལངས་ཏེ་ལག་པ་གཉིས། །འཕྲེད་དུ་བརྒྱངས་ལ་ཐལ་མོ་གནམ་དུ་བཟེད། །དེ་


CMR032_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཚུར་བསྐུམ་སྙིང་གར་ཐལ་མོ་གཉིས། །རྒྱབ་སྤྱོད་གཡས་པའི་ཐོག་ཏུ་གཡོན་པ་བཅང་། །རང་གི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས། །འཇིགས་པ་དང་ནི་གནོད་པ་གང་ཡིན་དེ་། །སྤྲིན་ནག་རླུང་གིས་གཏོར་བཞིན་ཟློག་པར་བསྒོམ། །ན་མོ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། ཏདྱ་ཐཱ། སརྦ་དུཥྛ་ཨོ་ཧ་ཡ་མེ་སྭཱ་ཧཱ། དེ་བྱས་དགྲ་དང་བདུད་དང་བགེགས་ཀྱི་རིགས། །ཐམས་ཅད་བཟློག་ཅིང་ཐུལ་བར་འགྱུར་པ་ནི། །ཕྱག་སྟོང་སྤྱན་སྟོང་རྒྱུད་གཞུང་འགའ་ནས་གསལ། །ཐུགས་རྗེའི་སྟོབས་ཀྱིས་ཟློག་པ་བླ་ན་མེད། །ཁྱད་པར་ངན་སྔགས་ཟློག་པའི་ཤམ་བུ་ནི། །ཨོཾ་མ་ཎི་པདྨེ་ཧཱུཾ། ལོག་པ་ལོག་པ། ལོག་པ་ལོག་ཐུམ་ཐུམ་ཤག་ཤག་ཚལ་ཚལ་གནོད་བྱེད་བྱད་མ་ཟུངས་ཤིག །ཅུང་ཟད་བཟླས་པས་ངན་སྔགས་ཕར་ལ་བཟློག །བཀའ་གདམས་གླེགས་བམ་ནས་གསུངས་གདམས་ངག་ཡིན། །དེ་ལྟར་ཐུགས་རྗེ་བྱིན་རླབས་བདེན་སྟོབས་ཀྱིས། །སྲུང་དང་ཟློག་པའི་མན་ངག་ཟབ་མོ་འདི། །བཀའ་ཡི་དོན་རྣམས་གདམས་ངག་ཉིད་དུ་ཤར། །རང་གིས་ཉམས་སུ་བླངས་པའི་རྟོགས་ཆོས་ཡིན། །གསུང་རབ་རྒྱ་ཆེན་གོ་བའི་སྐྱེས་བུ་ཡིས། །དཔྱད་ན་འདི་ལས་


CMR032_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པའི་གདམས་ངག་ནི། །འཇིག་རྟེན་གསུམ་ན་བཙལ་ཡང་རྙེད་མི་སྲིད། །དེ་སྐད་རྟ་ལོ་ཁྲུམས་ཟླའི་ཉེར་བརྒྱད་ཉིན། །དཔལ་ལྡན་བླ་མའི་དུས་མཆོད་ཚོགས་འཁོར་སྐབས། །རཱ་ག་ཨ་སྱས་ཇི་ལྟར་སྨྲས་པ་རྣམས། །བླ་མ་བརྩོན་འགྲུས་རྒྱ་མཚོས་ཡི་གེར་བཀོད། །ནོངས་པ་མེད་པས་བཤགས་བྱ་ཅང་མ་མཆིས། །དགེ་བས་འགྲོ་ཀུན་འཇིགས་པ་ཀུན་སྐྱོབས་ཤོག །ལེའུ་བཅུ་བཞི་པའོ་མངྒ་ལཾ།། །།


previousལེའུ་བཅུ་བཞི་པ། སངས་རྒྱས་བདེན་པས་བར་ཆད་སྐྱོབ་པའི་ཕྱིར། །བྱམས་པའི་གོ་ཆ་སྙིང་རྗེའི་ཡ་ལད་ཡོད། །next