Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅོ་ལྔ་པ། རི་ཁྲོད་ས་ཆ་གར་ལེགས་ཤེས་དགོས་ཕྱིར། །ས་དཔྱད་ཉུང་ངུ་རིན་ཆེན་ཀུན་འདུས་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་བཅོ་ལྔ་པ། རི་ཁྲོད་ས་ཆ་གར་ལེགས་ཤེས་དགོས་ཕྱིར། །ས་དཔྱད་ཉུང་ངུ་རིན་ཆེན་ཀུན་འདུས་ཡོད། །next

ལེའུ་བཅོ་ལྔ་པ། རི་ཁྲོད་ས་ཆ་གར་ལེགས་ཤེས་དགོས་ཕྱིར། །ས་དཔྱད་ཉུང་ངུ་རིན་ཆེན་ཀུན་འདུས་ཡོད། །


CMR032_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

༼བ༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། ས་དཔྱད་རིན་ཆེན་ཀུན་འདུས་ཞེས་བྱ་བ་བཞུགས་སོ། ༈ ན་མོ་ཨཱརྱ་མཉྫའི་ཡེ། །ཀུན་རྫོབ་ས་ཡི་བདེན་འབྲས་ནི། །སྤྱིར་ནི་ཕྱི་ནང་སྣོད་བཅུད་ཀུན། །འབྱུང་བ་ལྔ་ཡི་རང་བཞིན་ཡིན། ཁྱད་པར་ས་འདི་དབང་ཆེ་སྟེ། །གླིང་བཞི་དང་ནི་འཛམ་བུ་གླིང་། །རྒྱ་གར་རྒྱ་ནག་ཧོར་དང་བོད། །ས་ཡི་ཆགས་ཚུལ་ལ་བརྟེན་ནས། །སྐྱིད་སྡུག་དར་གུད་ཕྱུག་དབུལ་སྒྱུ་སོགས། །སོ་སོར་བྱུང་བའི་ལོ་རྒྱུས་ནི། །ཕུར་པའི་ས་དཔྱད་གཞུང་དུ་གསལ། །དེ་ཕྱིར་ཁང་པ་ལ་སོགས་པ། །གསོན་པོའི་ས་འདི་གལ་ཆེའོ། །སྲོག་དང་བླ་དང་རྣམ་ཤེས་


CMR032_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །སྲོག་ནི་གཤེད་མ་འདྲེ་ཡིས་བཅད། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲང་། །བླ་དེ་ཚེ་འདས་གཟུགས་བཟུང་ནས། །དུར་ས་དེ་ལ་གནས་པ་ཡིན། །དུར་ས་ལེགས་ན་བླ་དེ་དར། །གསོན་པོ་རྣམས་ལ་མགོན་སྐྱོབས་ནུས། །ཕ་མྱེས་བླ་ཡིས་སྲུང་ཞེས་བྱ། །དུར་ས་ངན་ན་བླ་དེ་གུད། །གསོན་པོ་རྣམས་ལ་སྐྱབས་ཚོལ་བས། །མི་ཁྱག་ན་ཚ་གོད་ཁ་འབྱུང་། །དེ་ཕྱིར་དུར་ས་གལ་ཆེ་སྟེ། །ས་དཔྱད་ངན་པར་རོ་བསྐྱལ་ན། །དུད་འགྲོ་ཡིན་ཀྱང་རྡུལ་དུ་བརླག །དེ་སྐད་འཕགས་པ་འཇམ་དཔལ་གྱི། །རྒྱུ་ནག་གཙུག་ལག་རྒྱུད་ནས་གསུངས། །ས་ཡི་བདེན་འབྲས་བཤད་པའི་ལེའུ་སྟེ་དང་པོའོ།། ༈ །།འཕགས་པ་འཇམ་དབྱངས་རིགས་ལྔ་དང་། །ཀོང་རྩེ་ལ་སོགས་རྒྱལ་པོ་བཞི།་་་་ཀོང་རྩེ་འཕྲུལ་གྱི་རྒྱལ་པོ། ཡེ་ཤེས་འཕྲུལ་གྱི་རྒྱལ་པོ། ཇི་རྩེ་འཕྲུལ་གྱི་རྒྱལ་པོ། ཇི་ནམ་འཕྲུལ་གྱི་རྒྱལ་པོ། །མཁས་པ་མི་བཞི་ལ་སོགས་ཀྱིས།་་་དྲང་སྲོང་ནོར་བུ་རིན་ཆེན། བྲམ་ཟེ་མུ་ཏིག །རྒྱ་ནག་ཟུར་ཕུད། རྒྱ་གཡུ་བཞེས་སྟག་ཚང་། མཛད་པའི་ས་གཞུང་བསམ་མི་ཁྱབ། །མདོ་སྡེ་སྤོམ་མགོ་ཞེས་བྱ་དང་། །ཁྲ་བོ་རི་རྩིས་ཞེས་བྱ་དང་། །གལ་པོ་ལ་བྱང་ཞེས་བྱ་དང་། །བྱ་རྒོད་ལ་དང་ཞེས་བྱ་དང་། །བྱང་


CMR032_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསེར་གཞུང་ཞེས་བྱ་དང་། །ནག་པོ་སྟག་ཤམས་ཞེས་བྱ་དང་། །མོན་མོ་མཛུབ་ཚུགས་ཞེས་བྱ་དང་། །བྱེ་མ་ལག་ཁྲིད་ཅེས་བྱ་དང་། །ཆུང་དུར་དོན་བདུན་མ་ལ་སོགས། །རྒྱ་ནག་ལུགས་ཀྱི་ས་དཔྱད་ཡིན། །རྒྱ་གར་ལུགས་ཀྱི་ས་དཔྱད་ལ། །མདོ་རྒྱུད་རྣམས་ནས་གསུངས་པ་ཡི། །སྒྲུབ་གནས་ས་དཔྱད་མང་དུ་ཡོད། །སློབ་དཔོན་པདྨས་མཛད་པ་ཡི། །ས་དཔྱད་གསེར་གྱི་ལྡེ་མིག་སོགས། །དེ་དག་ཕན་བྱའི་ས་དཔྱད་ཡིན། །ནམ་མཁའི་སྙིང་པོས་མཛད་པ་ཡི། །ནག་པོ་འབུམ་ནག་ཅེས་བྱ་དང་། །གདུག་པའི་ལྕེ་མདུང་དགུ་བསྐོར་སོགས། །གནོད་བྱའི་ས་དཔྱད་མང་དུ་ཡོད། །ལབ་ཀྱི་སྒྲོན་མས་མཛད་པ་ཡི། །གཉན་མིག་ཁྲག་མིག་ས་དཔྱད་མང་། །སྒྲུབ་པ་བྱེད་པའི་ས་དཔྱད་ལ། །རི་ཆོས་ས་དཔྱད་མང་དུ་ཡོད། ས་དཔྱད་ཀྱི་ལུང་ཁུངས་བསྟན་པའི་ལེའུ་སྟེ་གཉིས་པའོ།། ༈ །།ལུང་འདྲེན་བྱས་ན་མང་དྲགས་པས། །ལག་ཏུ་ཀླུ་བླང་བྱའི་ངག་ཁྲིད་ལ། །བྱང་གི་སྟོད་སྨད་ནུབ་བྱང་དང་། །ནུབ་ཀྱི་སྟོད་སྨད་རྒྱབ་བསྟན་ས། །ཤར་སྨད་ཤར་ལྷོ་ལྷོ་ཡི་སྟོད། །དེ་ལ་མདུན་གྱི་སྟོན་ས་བྱ། །རྒྱབ་རི་མཐོ་


CMR032_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མདུན་རི་རྒུ། །གཡས་གཡོན་ཆུ་གཉིས་མདུན་དུ་འདུས། །མདུན་དུ་ཆུ་ཤིང་ན་བ་རྒྱས། །དེ་འདྲའི་ཕྱོགས་དེར་ས་ཚོལ་བྱ། །ས་ཡི་ཀ་བ་རྣམ་བཞི་ནི། །ཤར་ཕྱེས་ལྷོ་སྤུངས་ནུབ་འདན་པ། །བྱང་ནི་ཡོལ་བ་བྲེས་འདྲ་བཟང་། །ཤར་ལམ་ལྷོ་ལམ་གྲོགས་དང་གཡང་། །ནུབ་ལམ་བྱང་ལམ་བདུད་དང་དགྲ། །གཡས་གཡོན་ཤིང་གཅིག་ངན་པ་ཡིན་། །འོག་གི་ཤིང་གཅིག་བརྟན་ཕུར་ཡིན། །སྟེང་གི་ཤིང་གཅིག་ལྟག་པའི་འཛེར། །གནམ་ནི་ཟླུམ་ཞིང་འཁྱིལ་ན་བཟང་། །གནམ་ཟུར་སྦོམ་ལ་འཁོར་ལོའི་རྩིབས། །ཕྲ་ན་བུད་མེད་འཆི་བའི་ས། །བྲག་ཟུར་རྣོན་པོ་གནམ་དུ་ཟུག །ལོ་མལ་གང་ཡིན་མི་དེ་འཆི། །ཤར་ལྷོའི་ནམ་མཁའ་མདའ་སྟོང་འདྲ། །ཡོན་ཏན་འགྲིམ་སྒོ་ཆེ་བའི་ས། །འབྱུང་བའི་སྒྲོན་ཆེན་བཞི་པོ་ནི། །གནམ་སྒྲོན་གཤིན་རྗེའི་མཆེ་བ་དང་། །བྲག་སྒྲོན་ཕུག་པ་སྐར་ཁུང་དང་། །ས་སྒྲོན་གད་པ་མདུང་རྩེ་དང་། །ཆུ་སྒྲོན་ཉི་མའི་སྲབ་མདའ་དང་། །ཤིང་སྒྲོན་རེ་བའི་གཡབ་མོ་དང་། །རླུང་སྒྲོན་གང་བུ་མདའ་སྟོང་དང་། །དེ་རྣམས་སྤྱི་ལ་ངན་པའི་སྒྲོན། །མདུན་དུ་ཆུ་ཤིང་ན་བ་རྫ་། །ཕུན་སུམ་ཚོགས་ན་དངོས་


CMR032_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་འབྱུང་། །མདུན་རི་གཡས་གཡོན་དབུས་དང་གསུམ། །ཆེ་རྒྱུད་ཆུང་རྒྱུད་འབྲིང་རྒྱུད་ས། །རྩེ་དང་བར་དང་སྨད་དང་གསུམ། །ཕ་ཁུ་དར་མ་བུ་ཆུང་ས། །རྒྱབ་རི་རྩེ་འཛིན་ས་མཁན་རང་། །ཡང་རི་དབོན་དང་མི་རྒྱུད་ས། །ཤར་ལྷོ་བུ་མོ་མག་པའི་ས། །ལོ་སྐོར་བཅུ་གཉིས་ལོ་མལ་གྱི། །ས་ནི་དགྲ་དང་གྲོགས་གང་ཡོད་། །རང་རང་ལོ་སྙིང་ཅན་གྱིས་ཐོབ། །རང་རང་ལོ་མལ་ས་ཕྱོགས་ནས། །ལོ་སྐོར་སོ་སོའི་གཟུགས་འདྲ་བ། །བྱུང་ན་སོ་སོའི་ལོ་པར་བཟང་། །ཤར་གྱི་ལམ་ནི་སྟག་སྐྱ་བོ། །གད་པས་ཆོད་ན་ས་མདའ་ཕོག །ལྷོ་ཆུ་གཡུ་འབྲུག་སྔོན་མོ་སྟེ། །ཆུ་ཆད་བྱུང་ན་དོང་དུ་ལྷུང་། །ནུབ་ཀྱི་ས་དམར་བྲག་དམར་ནི། །ནུབ་སྲུང་བྱ་ནི་དམར་མོ་སྟེ། །ལམ་གྱི་དཀྱིལ་གཏུབས་རྙི་ཡིས་ཟིན། །བྱང་གི་རྫ་ཤུར་ཕ་ཝང་བྲག །བྱུང་སྲུང་རུས་སྦལ་རྒྱ་བོ་སྟེ། །ཆུ་འགོ་ལོང་རོ་ཚྭ་ཆུས་འགྲངས། །སྐྱོན་མེད་སྲུང་བཞི་ཚང་བ་ནི། །མཐའ་བརྟེན་མི་ནི་དྲག་པོ་ཚར། །སྐྱོན་བཞིས་ཟིན་ན་མི་ངན་སྐྱེ། །ས་ཡི་སྲུང་བཞི་མ་ཚང་ན། །ཡུལ་འཁྱར་འཁྱམས་པ་སྤྲང་པོ་མང་། །འོག་ནི་ཧ་ཅང་གཟར་བ་ན། །ཅུང་


CMR032_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཆགས་ནི་དཀའ་བར་བཤད། །འོག་ཏུ་ཚ་ཁང་མ་ཎི་དང་། །སྐྱེ་ཤིང་བཙུགས་ན་ཕན་པ་ཡིན། །ས་ལ་ས་དགྲ་མེད་ན་ཡང་། །རང་གིས་ས་དགྲ་བཟོས་པ་ནི། །ཤར་དུ་མཆོད་རྟེན་ཚ་ཁང་དང་། །མ་ཎི་ཆེན་པོ་བརྩེགས་པ་ན། །གྲོང་པ་དེ་ནི་གུད་པར་འགྱུར། །ལྷོ་ན་མ་ཎི་ཚ་ཁང་དང་། །མཆོད་རྟེན་ལ་སོགས་བརྩེགས་པ་ན། །ཁ་ཡི་གྲོག་དེ་ལྕེ་ཡིས་ཕུད། །ནུབ་དང་བྱང་དུ་ཚ་ཁང་དང་། །མ་ཎི་བརྩེགས་ན་ཤིན་ཏུ་ཕན། །གྲོང་དང་ཁང་པའི་གཉའ་ལྟག་ཏུ། །བརྩིགས་ན་གཉའ་ནོན་འོང་བས་ངན། །དེ་རྣམས་སྤྱི་ཡི་ས་དཔྱད་ཡིན། །སྤྱི་ཡི་ས་དཔྱད་ཀྱི་ལེའུ་སྟེ་གསུམ་པའོ།། ༈ །།དེ་ནས་དུར་གྱི་ས་དཔྱད་ནི། །རུས་ཆེན་ཡོན་ཏན་ཆེ་བ་དང་། །སྤུ་རྒན་ཡང་ཚ་མཐོང་བ་རྣམས། །གདན་ཁྲི་བང་རིམ་མང་པོ་དང་། །མཐོ་བའི་ས་ལ་བཞག་པར་བྱ། །ལོ་ཡི་མང་ཉུང་རུས་ཆེ་ཆུང་། །དེ་དང་མཐུན་པའི་མཐོ་དམན་བྱ། །རྒན་དུར་དམའ་བར་གྱུར་པ་དང་། གཞོན་དུར་མཐོ་བར་གྱུར་པ་རྣམས། །ཤི་རེས་གཞོན་ལ་བབས་པ་ཡིན། །གཞོན་དུར་གཉའ་ནོན་ཆེ་ཆུང་ནི། །ཤི་གྲངས་མང་ཉུང་དེ་དང་བསྟུན། །རི་ཡི་སྣ་དང་བྲག་གི་


CMR032_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར། །སྣ་རུ་མི་རུང་ཅུང་ཞིག་གཟུར། །གྲི་དུར་ལུང་པའི་ཡངས་དོགས་ནི། །མདའ་འཕེན་ཙམ་ལས་ཡངས་མི་བཙལ། །དེ་ཡང་ཕ་རི་ཚུ་རི་གཉིས། །བྲག་ཟུར་ཐད་ཐད་རྒྱུ་གྲི་ཡིན། །དེ་ལ་ཤིན་ཏུ་འཛེམ་པར་བྱ། །རྒྱབ་རི་ང་རྒྱལ་ཆེ་བ་དང་། །མདུན་རི་འཇམ་ན་བཟང་བ་ཡིན། །ལོ་སྐོར་བཅུ་གཉིས་ས་དཔྱད་ལ། །ཤར་ཕྱོགས་ནགས་ཚལ་ཤིང་གཅིག་ནི། །ཁྱི་འབྲུག་གླང་ལུག་ལོ་པའི་བདུད། །སྟག་ཡོས་ལོ་པའི་སྲོག་ལ་ཕན། །ལྷོ་ཕྱོགས་བྲག་དམར་ས་དམར་ནི། །རྟ་སྦྲུལ་ལོ་པའི་ཚེ་བསྲིང་སྟེ། །བྱ་སྤྲེལ་ལོ་པའི་སྲོག་གཅོད་བྱེད། །ནུབ་ཕྱོགས་བྲག་དཀར་རྫ་དཀར་ནི། །བྱ་སྤྲེལ་ལོ་པའི་སྲོག་སྲུང་སྟེ། །སྟག་ཡོས་ལོ་པའི་སྲོག་བདུད་བྱེད། །བྱང་གི་ཆུ་བོ་རྒྱུན་འབབ་ནི། །བྱི་ཕག་ལོ་པའི་ཚེ་བསྲིང་སྟེ། །རྟ་སྦྲུལ་ལོ་པའི་སྲོག་གཅོད་བྱེད། །མཚམས་བཞི་གང་ཡང་རུང་བ་ནི། །ལྷ་ཁང་མཆོད་རྟེན་ཚ་ཁང་དང་། །གྱང་རལ་ཐང་ཆུང་གྲུ་བཞི་ནི། །མཚམས་བཞི་ལོ་པའི་སྲོག་ལ་ཕན། །བྱི་ཕག་ལོ་པའི་ཚེ་ལ་གནོད། །དེ་དག་དགྲ་དང་འཕྲད་གྱུར་ན། །ལོ་གསུམ་མི་འགྱང་རྟགས་སྟོན་ནོ། །གལ་ཏེ་ཁང་པ་ལ་


CMR032_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནི། །ས་དགྲ་དེ་དག་ལ་སོགས་པ། །མཚམས་བཞི་ས་ཡི་དགྲ་བྱུང་ན། །དེ་ཕྱོགས་ཁང་ཟུར་སྐྱེ་ཤིང་བཙུགས། །ལྷོ་ཕྱོགས་བྲག་དམར་ས་དམར་རྩར། །ཆུ་སྣ་དགུ་བླུག་བུམ་པ་སྦས། །ཤར་ཕྱོགས་ཤིང་གི་དགྲ་བྱུང་ན། །ཤིང་ལ་གྲི་ལྕགས་གཟེར་བུ་རྒྱབ། །བྱང་ཕྱོགས་ཆུ་ཡི་དགྲ་བྱུང་ན། །རི་ཆེན་གསུམ་གྱི་ས་བླངས་བླུག །ནུབ་ཕྱོགས་བྲག་དཀར་དགྲ་བྱུང་ན། །དར་ལྕོགས་དམར་པོ་བཙུགས་པའམ། །།རྡོ་དམར་རྣམ་བཅུ་དབང་ལྡན་བཞག །དེ་ནི་ཁང་པའི་ས་བཅོས་ཏེ། །དུར་ས་བཅོས་པས་ཐུབ་པ་མིན། །དེ་ནས་ཆུང་དུར་མན་ངག་ནི། །གཉའ་གནོན་ཆེ་ན་ཕ་འཆི་ལ། །ཆུང་ན་འཆི་སྒྲ་མི་ཆོད་པས། །ཆེ་ཆུང་ཤི་བའི་གྲངས་དང་སྦྱར། །སྟེང་དུ་ལམ་གྱིས་ཆོད་པ་ནི། །གཞན་ལ་ལྟག་པའི་གཉའ་ཤིང་སྟེ། །ཆུང་དུར་ལ་ནི་གཉའ་གནོན་ཡིན། །གཞན་ལ་གཡས་ཀྱི་ཤིང་གཅིག་ངན། །ཆུང་དུར་ལ་ནི་སྲུང་མདའ་བཟང་། །མདུན་དུ་ཐང་ཆུང་མ་པང་ཡིན། །མེད་ན་བྱིས་པ་མི་སོས་པས། །ཧ་ཅང་ཆེ་ན་མ་འཆིའོ། །མདུན་གྱི་ཐད་ནས་ཚུར་ལ་ནི། །ཆུ་བྲན་དྲག་ཏུ་འབབ་པ་དང་། །གཞུང་ཆུ་གཡུ་འབྲུག་མ་བུ་འདྲེས། །


CMR032_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གཏད་པས་སྲིད་འབྱུང་སྟེ། །རྦ་ཀློང་སྐྱ་འཚུབ་ཆུ་སྒྲ་ཆེ། །དེ་ལ་ངེས་པར་བུ་འབྱུང་སྟེ། །ཆུ་སྒྲ་རྦ་ཀློང་མེད་པ་ན། །དེ་ལ་བུ་མོ་འབྱུང་བར་འགྱུར། །གཉའ་ནོན་མ་པང་སྲུང་མདའ་དང་། །ཆུ་ཡི་མགྱོགས་སོ་དེ་ཙམ་ལས། །ས་དཔྱད་སྤྱི་རྣམས་དཔྱད་མི་དགོས།། ༈ །།དེ་ནས་གོད་གཅོད་ས་དཔྱད་ལ། །རི་བྲག་དམར་པོ་ནག་པོ་ནི། །བཙན་བདུད་གནས་པས་ཤ་ལ་དགའ། །དེ་འདྲར་མནན་ན་གོད་འབྱུང་ངོ་། །བྲག་ཆེན་མིན་པའི་བྲག་དཀར་དང་། །ཕ་བོང་དཀར་པོ་གཏན་གཟུགས་སོགས། །སྲོག་ཆགས་འདྲ་བའི་ཞབས་སུ་མནན། །མདུན་གྱི་ཐད་དེར་དཔལ་ཁ་ནི། །ཆུ་དང་ན་བ་གལ་ཆེ་ཞིང་། །དུད་འགྲོ་གང་དང་གང་ཡིན་པའི། །སོ་སོའི་བླ་ཤིང་ནགས་ཚལ་བཟང་། །ཤུག་པ་འོམ་བུ་རྟ་ཡི་ཤིང་། །ཐང་ཤིང་ནོར་ཡིན་སུར་དཀར་ལུག །སྤེན་མ་བ་གླང་སྨྲ་ག་ར། །ཤིང་ནི་གླང་མ་མང་བ་ན། །དུད་འགྲོ་མོ་ཕྱུགས་འཕེལ་སྒྱུ་བ་ཡིན། །སྟག་པ་མང་ན་ཕོ་རིགས་འཕེལ། །གཉའ་ནོན་དཔལ་ཁ་འཛོམ་པ་ན། །ཁ་ཡི་རྒྱུ་ཕྱོགས་ནོར་ཀྱང་རུང་། །གཉའ་ནོན་ཅུང་ཟད་ཆེ་དགོས་ཀྱི། །ལྟས་ངན་གཡང་


CMR032_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལེན་པ་ཡི། །ས་དཔྱད་ཀྱང་ནི་དེ་དང་འདྲ། །དུར་སའི་ལེའུ་སྟེ་བཞི་པའོ།། ༈ །།དེ་ནས་ཁང་སའི་ཁྱད་པར་ནི། །བྱང་ཕྱོགས་ཤོ་དང་ནུབ་ཕྱོགས་ཡངས། །དགྲ་དང་ན་ཚ་རྒོད་པ་ཡིན། །དེ་ཕྱོགས་བརྒྱ་མཁར་ཚ་ཁང་བརྩེགས། །ཤར་ཕྱོགས་དོགས་ན་ཚེ་ཐུང་སྟེ། །ལུང་མདའ་ཤོ་ན་གྱ་གུད་འབྱུང་། །ཕྱག་རྒྱ་བསྣོལ་བ་འདྲ་ན་བཟང་། ཁྱད་པར་དགོན་པའི་ས་ཆ་ལ། །འབྲུ་ཡི་ཕུང་པོ་སྤུངས་འདྲ་བཟང་། །གཉའ་ནས་འབོ་བ་འདྲ་བ་དང་། །འོག་ནས་སྐྱོར་བ་འདྲ་ན་བཟང་། །འོག་ཏུ་ཆུ་མིག་ཡོད་པ་ནི། །བུམ་པའི་ཞབས་རྡོལ་ཡིན་པས་ངན། །གཡས་གཡོན་ཆུ་མིག་ཡོད་པ་ནི། །ཕྱག་དཀར་གསེར་སྐྱེམས་ཡིན་པས་བཟང་། །སྟེང་གི་རྒྱབ་རིའི་ཆུ་འགོ་ནི། །སྡུག་གི་མཆི་མ་ཡིན་པས་ངན། །ཤར་ལྷོའི་བྲག་དམར་ས་དམར་ནི། །བཙན་གྱི་རྒྱུགས་སྲང་རྟ་ལ་ངན། །དེ་ཕྱོགས་མཆོད་རྟེན་གཟུགས་བཞེངས་བཞག །ནུབ་ཏུ་ཤིང་གཅིག་ཁེར་སྐྱེས་ནི། །ལྷ་འདྲེའི་མདུན་སྤུངས་ཡིན་པས་ངན། །དེ་ལ་གྲི་ལྕགས་གཟེར་བུ་རྒྱབ། །ནུབ་བྱང་མཚམས་ཀྱི་ཕུག་པ་ནི། །མ་མོའི་ཉལ་ས་ཡིན་པའི་ཕྱིར། །གྲོང་དེར་ནད་རིམས་རྒྱུན་མི་


CMR032_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཆད། །དེ་ནང་རྣམ་སྣང་སྐུ་བྲིས་བཞག །བྱང་དུ་མཚོ་ཆུང་ཡོད་པ་ན། །གྲོང་པ་དེ་ལ་རྐྱེན་ངན་མང་། །རི་ཆེན་གསུམ་གྱི་ས་བླངས་བླུག །ཉི་ཟླ་ཆུ་ཡིས་ཁྱེར་བ་དང་། །ཉི་ཟླའི་སྐྱ་ལམ་བརྟོད་པ་ནི། །ངན་ཏེ་བཅོས་ཐབས་མེད་པ་ཡིན། །རི་བོ་ཆེན་པོའི་རྩེ་དང་ནི། །ཐང་ཆེན་ཡངས་པའི་དཀྱིལ་དང་ནི། །རི་ཐང་གཉིས་ཀྱི་མཚམས་རྣམས་ནི། །ས་ཟད་ཡིན་པས་བཀྲ་མི་ཤིས། །ཁྱད་པར་སྒྲུབ་གནས་ས་དཔྱད་ནི། །ས་མདོག་དཀར་ཞིང་སུར་དཀར་སྐྱེ། །ནམ་མཁའ་ཟླུམ་ཞིང་ས་གཞི་འཇམ། །དེ་རུ་ཞི་བའི་ལས་རྣམས་འགྲུབ། །ནགས་ཚལ་མེ་ཏོག་གླིང་ཆེན་རྒྱས། །རི་བྲག་རྫོ་རྣམས་ནོར་བུའི་དབྱིབས། །དེ་རུ་རྒྱས་པའི་ལས་རྣམས་འགྲུབ། །བྲག་མདོག་ས་མདོག་དམར་ཤས་ཆེ། །ཤུག་པ་འོམ་བུ་སེ་བ་སྐྱེ། །ཕུག་པ་ཐང་ཆུང་ཟླ་གམ་དབྱིབས། །ནུབ་ཀྱི་ཕྱོགས་ནས་ཆུ་ཆེན་འབབས། །དེ་རུ་དབང་གི་ལས་རྣམས་འགྲུབ། །ལུང་གསུམ་མདོ་དང་ཆུ་གསུམ་འདུས། །ས་གཞི་གྲུ་གསུམ་ཚེར་མ་སྐྱེས། །བྲག་ནག་བྲག་དམར་ཁྲོས་པའི་གཟུགས། །དེ་རུ་དྲག་པོའི་ཕྲིན་ལས་འགྲུབ། །ཁང་པ་དུར་ས་སྒྲུབ་གནས་


CMR032_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །ཉེ་ལོགས་ཆུ་མིག་གཉན་པོ་དང་། །ལྷ་འདྲེ་གདུག་པ་ཅན་གནས་ན། །ས་དཔྱད་བཟང་ཡང་ངན་དགུ་འབྱུང་། །དྲག་སྔགས་ལ་སོགས་བསྒྲུབ་པ་ན། །ས་གཞི་ཤིན་ཏུ་གཉན་པ་དང་། །གནས་བདག་གདུག་པ་ཆེ་ན་འགྲུབ། །དེ་གཉིས་བྱེ་བྲག་ཤེས་པར་གྱིས། །ཁྱད་པར་རི་ཁྲོད་ས་ཆ་ནི། །རྒྱབ་རི་སྒོམ་ཆེན་འདྲ་བ་དང་། །སྐྱིལ་ཀྲུང་བཅས་འདྲའི་པང་དུ་བཟང་། །གསས་མཁར་ལྷ་ཐོ་བརྩེགས་པའི་ས། །རི་ཡི་རྩེ་ལ་བརྩེགས་མི་བརྩེགས། །གཞི་བདག་ལེན་དང་མི་ལེན་ཡོད། །དེ་ཕྱིར་རྩེ་རུ་བརྩེགས་མི་བྱ། །རི་ཡི་རྩེ་ལྐོག་དཀྱིལ་ཙམ་གྱི། །ས་དགྲ་མེད་ཅིང་ས་དཔལ་བཟང་། །དེ་རུ་བརྩེགས་ལ་ཉེས་འགལ་མེད། །མཎྜལ་མཆོད་འབུལ་ཚུལ་དུ་འོང་། །དེ་རྣམས་ཕྱི་ཡི་ས་དཔྱད་ཡིན། །དེ་ནས་ནང་གི་ས་དཔྱད་ནི། །སྒོ་ནི་ཤར་དུ་བཙུགས་པ་ཡི། །སྒོ་ཐེམ་ཤར་གྱི་སྟག་སྐྱ་བོ། །ཆུ་ར་ལྷོ་རུ་བཞག་པ་ཡི། །ལྷོ་ཡི་གཡུ་འབྲུག་སྔོན་མོ་ཡིན། །ཐབ་ཁ་ནུབ་བཅས་བྱ་དམར་མོ། །རང་ཐག་བྱང་བཙུགས་རུས་སྦལ་ཡིན། །དཀྱིལ་ཀ་དབུས་ཀྱི་གསེར་སྦྲེལ་ཏེ། །ཁྱིམ་གྱི་སྲུང་བཞི་ཚང་བ་ཡིན། །ཁང་པ་རྩེག་གཉིས་བྱེད་པ་


CMR032_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ན། །གདུང་མ་སྦྲུལ་ནག་ལྟོ་སྦྱོར་སྤང་། །ཁང་པ་ཆུང་ངུ་འགེབ་ན་ཡང་། །ཀ་གཅིག་རླུང་གི་འཁོར་ལོ་སྤང་། །རྩིག་པའི་སྣ་དང་གདུང་མའི་སྣ། །གདུང་མའི་འོག་ཏུ་ཉལ་ས་སྤངས། །གཟར་ཁ་ཕྱི་ལ་བསྟན་མི་བྱ། །ཁྱིམ་ཕུག་གསལ་ན་ནོར་མི་ཆགས། །ཁྱིམ་ཕུག་ཁུང་དུ་མུན་ནག་བྱ། །སྒོ་ཐེམ་རྒྱབ་ཀྱི་ས་མཐོ་ཞིང་། །ནང་དུ་འབོ་བ་འདྲ་ན་བཟང་། །སྒོ་ཐེམ་ནང་དུ་སྐས་ཐེམ་ནི། །ཐུར་དུ་ཆེ་ན་ཚེ་ལ་གནོད། །སྒོ་ཡི་གཡས་གཡོན་སྟེང་ལ་སོགས། །ཁྲོལ་མང་བཀལ་ནས་བཞག་པ་ན། །འདྲེ་ངན་ཕལ་ཆེར་ཁོག་པར་བཤད། །བྱ་ཁྲི་ལེགས་པོ་བཟོས་ནས་ཀྱང་། །གཞུ་རྣམས་སྟེང་དུ་བཀྲམ་བཞག་ན། །དགྲ་ལྷ་གཉེན་པོ་འཁོར་བ་ཡིན། །དེ་རྣམས་འཇིག་རྟེན་སྐྱེ་བོའི་ཁྱིམ། །དེ་ནས་རི་ཁྲོད་སྒྲུབ་ཁང་ས། །སྒོ་ཐོད་སྟེང་དུ་མཆིག་མི་བཙུག །ཤར་ལྷོ་མེ་ལྷར་ཐབ་ཁ་བཅའ། །ལྷོ་ནུབ་སྲིན་པོར་མགོན་ཁང་བྱ། །ནུབ་ཕྱོགས་ཀླུ་ནི་གནས་པའི་སར། །སྒྱུ་རྟ་ཕྱུགས་དུད་འགྲོ་བཏགས་ས་བྱ། །ནུབ་བྱང་རླུང་ལྷ་གནས་པའི་སར། །རླུང་འཁོར་བསྐོར་དང་གོས་གདང་བྲེ། །བྱང་ཕྱོགས་གནོད་སྦྱིན་གནས་པའི་སར། །མཛོད་བྱ་ཇ་


CMR032_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མར་ནས་སོགས་བཞག །བྱང་ཤར་དབང་ལྡན་གནས་པའི་སར། །གཟིམ་མལ་གྲ་ཁྲི་བཅའ་བར་བྱ། །ལུང་མདོའི་ཕྱོགས་སུ་སྔས་མི་བྱ། །དེ་ཕྱོགས་བླ་མ་བཞུགས་པའམ། །མདུན་དུ་རྟེན་གསུམ་གནས་ན་རུང་། །ལྷམ་དང་གཞོང་པ་སྔས་མི་བྱ། །མལ་སྐེད་གདུང་མས་བཅད་མི་བྱ། །སྤྱིར་ནི་རི་ཁྲོད་ཁང་པའི་ཚད། །གྲུ་བཞི་འདོམ་སྐོར་ཞེས་བྱ་སྟེ། །ལོགས་སུ་བདེ་བར་གཤེགས་པའི་མཐོ། །བཅུ་གཉིས་ཡིན་ཏེ་ཁྲུ་བརྒྱད་དོ། །ལོགས་གཉིས་བདུན་རེ་བྱ་བ་སྟེ། །སངས་རྒྱས་ཀྱི་ནི་མཐོ་རེ་ལ། །ཚད་མའི་མི་ཡི་ཁྲུ་ཕྱེད་དོ། །སྤོང་བའི་ཁང་པ་ཞེས་བྱའོ། །ཁང་པ་དེ་ཡི་གར་སྐྱིད་དུ། །དང་པོ་མཆོད་བཤམ་བྱས་ནས་ཀྱང་། །ཐུབ་པའི་སྐུ་བཤམས་རྟེན་འབྲེལ་བྱ། །ཁང་པའི་ལེའུ་སྟེ་ལྔ་པའོ།། ༈ །།དེ་ནས་གཅོད་ཀྱི་ས་དཔྱད་ལ། །བྲག་དཀར་རྫ་རི་དཀར་པོ་ལ། །གཙང་མའི་ལྷ་རིགས་དཀར་ཕྱོགས་གནས། །བྲག་རི་སྐུ་གཟུགས་མཆོད་རྟེན་དབྱིབས། །དབང་ཕྱུག་ལིང་གའི་གཟུགས་འདུག་ན། །དེ་རུ་གནས་རི་ཡོད་པའི་རྟགས། །ཡེ་ཤེས་དཔའ་བོ་མཁའ་འགྲོ་གནས། །གཉན་ཐོག་གཅོད་པར་མི་རུང་ངོ་། །


CMR032_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་རི་ས་སུལ་མང་པོ་འབྲེལ། །ཡང་ན་རི་སྐམ་ཆུ་མེད་པ། །གཉན་ཐོག་བཅད་ཀྱང་མི་ཆོད་པ། །རི་སྣ་ཆུ་སྣ་ལུང་པའི་སྣ། །མང་པོ་འདུས་པའི་ས་མདོ་རུ་། །གཉན་ཐོག་བཅད་ཀྱང་ཆོད་དཀའ་སྟེ། །གནས་བདག་སྣ་འདུས་མང་བའི་ཕྱིར། །རེ་རེ་ཆོད་ཀྱང་ཀུན་མི་ཆོད། །བྲག་དམར་བཙན་ལ་བྲག་ནག་བདུད། །གཡའ་རི་ན་མཚོ་ཆུ་མིག་ཀླུ། །སྤང་རི་ཕལ་ཆེར་གཉན་གྱི་རིགས། །བྲག་རི་རྒྱ་བོ་ཐེའུ་རང་ཡིན། །ཁྲག་དང་རི་རྣམས་མཚུངས་པ་སྟེ། །དབྱེ་བ་རྒྱབ་ལ་རྒུ་བ་མདུན། །ཕོ་རི་རྩེ་སྦོམ་མོ་རི་ཕྲ། །རི་ནི་ལུས་ལ་མཚོ་ནི་སྙིང་། །ཆུ་མིག་སྲོག་རྩ་ཤིང་ནི་སྐུ། །གླང་པོའི་སྤྱི་གཙུག་མི་ཡི་སྙིང་། །རྟ་དང་དུད་འགྲོའི་སྒལ་པའི་ཐོག །ཕར་ལ་ནོན་ཞིང་ས་དཔལ་བཟང་་། །དེ་རུ་གཅོད་པའི་འདུག་ས་བྱ། །དེ་ལ་གཉན་མིག་ཅེས་བྱའོ། །ཕག་འདྲའི་སྣ་དང་སྦྲུལ་འདྲའི་ལྕེ། །གཅན་གཟན་འདྲ་བའི་མཆེ་སྡེར་དང་། །རྭ་ཅན་འདྲ་བའི་རྭ་ཡི་རྩེ། །གླང་ཆེན་འདྲ་བའི་སྣ་ལྗགས་རྩེ། །རི་ཡི་སྣ་དང་བྲག་གི་ཟུར། །དེ་ལ་ཁྲམ་མིག་ཅེས་བྱ་སྟེ། །ནད་པ་གདོན་ཆེན་མཐའ་གཏད་ས། །ནད་མེད་བསྡད་ན་ནད་འབྱུང་


CMR032_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ས། །སྒར་དང་རུ་བ་ལ་སོགས་པ། །ས་དགྲ་མེད་ཅིང་ས་དཔལ་བཟང་། །དེ་འདྲར་བསྡད་ན་འཕྲལ་དུ་བདེ། །སྦྲ་གུར་ཅོག་པུའི་སྒོ་ཕྱོགས་ཀྱང་། །ཆུ་དཔལ་ལམ་དཔལ་བཟང་པོར་གཏད། །གལ་ཏེ་ས་དགྲ་འདུག་པ་ན། །དེ་ཕྱོགས་དཔེ་ཆ་རྟེན་གསུམ་བཞག །གཅོད་ཀྱི་ས་དཔྱད་ལེའུ་སྟེ་དྲུག་པའོ།། ༈ །།ས་དཔྱད་ལེའུ་དྲུག་པ་འདི། །རྒྱ་གར་ལུགས་དང་རྒྱ་ནག་ལུགས། །གཞུང་མང་འོ་མའི་རྒྱ་མཚོ་ལས། །བཅུད་བསྡུས་མར་གྱི་སྙིང་པོ་ཡིན། །བླ་མ་བརྩོན་འགྲུས་རྒྱ་མཚོ་པས། །བསྐུལ་ཕྱིར་རཱ་ག་ཨ་སྱ་ཡིས་། །ཤིང་སྦྲུལ་སྨིན་དྲུག་ཟླ་བ་ཡི། །དགོང་མོའི་ཐུན་མཚམས་རེ་རེ་ལ། །གང་དྲན་འཕྲལ་དུ་སྨོས་པ་རྣམས། །ཀརྨ་བཱིརྱ་ཉིད་ཀྱིས་བྲིས། །བཅོ་ལྔའི་ནུབ་པར་རྫོགས་པ་སྟེ། །འདི་ལ་འགལ་འཁྲུལ་ཆེ་མཆིས་ན། །མཁྱེན་པའི་སྤྱན་ལྡན་རྣམས་ལ་བཤགས། །འདི་བྲིས་དགེ་བ་གང་མཆིས་དེས། །འདི་ལ་འབྲེལ་པ་གང་ཐོབ་པའི། །ཡོན་ཏན་མཁན་རྣམས་ཞལ་དྲོ་ཞིང་། །སྦྱིན་བདག་བཀྲ་ཤིས་བདེ་ལེགས་ཤོག །ལེའུ་བཅོ་ལྔ་པའོ་མངྒ་ལཾ།།


previousལེའུ་བཅོ་ལྔ་པ། རི་ཁྲོད་ས་ཆ་གར་ལེགས་ཤེས་དགོས་ཕྱིར། །ས་དཔྱད་ཉུང་ངུ་རིན་ཆེན་ཀུན་འདུས་ཡོད། །next