Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་དྲུག་པ། བློ་ཆུང་རྨོངས་པས་ཉམས་ལེན་བདེ་བའི་ཕྱིར། །མཚམས་ཀྱི་ཞལ་གདམས་ཐར་ལམ་དཀར་པོ་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་བཅུ་དྲུག་པ། བློ་ཆུང་རྨོངས་པས་ཉམས་ལེན་བདེ་བའི་ཕྱིར། །མཚམས་ཀྱི་ཞལ་གདམས་ཐར་ལམ་དཀར་པོ་ཡོད། །next

ལེའུ་བཅུ་དྲུག་པ། བློ་ཆུང་རྨོངས་པས་ཉམས་ལེན་བདེ་བའི་ཕྱིར། །མཚམས་ཀྱི་ཞལ་གདམས་ཐར་ལམ་དཀར་པོ་ཡོད། །


CMR032_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

༼མ༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །མཚམས་ཀྱི་ཞལ་གདམས་ཐར་ལམ་དཀར་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་མུ་དྲ་ཡེ། བཀའ་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །བཀའ་བརྒྱུད་རྣམ་ཐར་རི་ཁྲོད་འགྲིམ་ལུགས་ནི། །ཡིད་ལ་ཤར་ཡང་ཉམས་སུ་མ་ལོན་ཕྱིར། །ཇི་བཞིན་སྨྲ་བར་ཤེས་ཀྱང་སྨྲ་མི་སྤོབས། །རང་གིས་ལག་བླངས་ཉམས་སུ་ལོན་ཚོད་ཙམ། །རང་འདྲའི་སྐལ་དམན་རྣམས་ལ་ཕན་སྲིད་པས། །འཕྲལ་དུ་ཡིད་ལ་གང་ཤར་བཀོད་པ་ནི། །ཞེན་ལོག་སྒོམ་གྱི་རྐང་པ་ཡིན་པའི་ཕྱིར། །འཇིག་རྟེན་ཚེ་འདིའི་བྱ་བ་ཐམས་ཅད་ནི། །བྲམ་ཟེའི་མདུན་དུ་བཤང་བ་བཞག་པ་བཞིན། །ཞེན་པ་གཏིང་ནས་ལོག་པ་གལ་ཆེ་གསུངས། །འཕྲལ་དུ་ཟས་གོས་གནས་མལ་གལ་ཆེ་ཡང་། །ཞག་གཅིག་སྡོད་པའི་མགྲོན་པོའི་བསམ་པ་བཞིན། །ཡུན་རིང་མི་ཐོགས་འཆི་བ་ཡིད་ལ་བཅང་། །ཤི་ནས་ལྷ་དང་མི་རུ་སྐྱེས་ན་ཡང་། །བདེ་སྐྱིད་མི་རྟག་འགྱུར་བའི་སྡུག་བསྔལ་བསམ། །བླ་མེད་ཉྩ། བྱང་ཆུབ་འབྲས་བུ་མ་གཏོགས་པ། །འཁོར་བའི་བདེ་སྐྱིད་གང་ལའང་ཡིད་མི་སྨོན། །དེ་ནི་འཁོར་བར་ཞེན་པ་ལྡོག་ལུགས་ཡིན། །དཔེར་ན་སྔོན་གྱི་བཀའ་གདམས་པ་ཀུན་


CMR032_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །དོ་དགོང་འཆི་བར་དོགས་ནས་མེ་མི་གསོ། །དེ་དོན་ཆོས་ལ་བརྩོན་འགྲུས་བསྐུལ་ཕྱིར་ཡིན། །ནམ་ཡང་མི་རྟག་མྱུར་དུ་འཆི་ན་ཡང་། ལོ་འགའ་བྱང་ཆུབ་སྒྲུབ་ལོང་ཡོད་ཕྱིར་དང་། །ཕྱི་མ་བདེ་ཆེན་ཞིང་ཁམས་བགྲོད་ཕྱིར་དུ། །ཚེ་སྒྲུབ་བྱས་པས་བྱ་བཏང་མིན་མི་འགྱུར། །དཔེར་ན་དྭགས་པོས་སྒྲོལ་དཀར་བསྒྲུབས་པ་བཞིན། །དེ་ནས་ཕ་ཡུལ་ཞེན་པའི་འཁོར་ཤིང་སྟེ། །གཉེན་ལ་གདུང་སེམས་དགྲ་ལ་སྡང་སེམས་འཕེལ། །དེ་ཕྱིར་ཕག་གྲུ་རས་ཆེན་ལ་སོགས་པ། །ཕ་ཡུལ་སྤངས་ནས་ཕྱོགས་དེར་མ་ཕེབས་སྐད། །འོན་ཀྱང་ཕ་ཡུལ་སྤངས་པའི་མི་ཡུལ་དུ། །ཆགས་སྡང་འཕེལ་ན་ཕ་ཡུལ་དེ་རང་ཡིན། །ཕ་ཡུལ་ཡིན་ཡང་ཆགས་སྡང་ཆེར་མེད་ནི། །མ་སྤང་ན་ཡང་བྱ་བཏང་མིན་མི་འགྱུར། །དཔེར་ན་མར་དྭགས་ས་སྐྱ་འབྲི་སྟག་རྣམས། །ས་མིང་བླ་མའི་མཚན་ལ་ཐོགས་དང་འདྲ། །ཕ་ཡུལ་མི་ཡུལ་གང་ན་འདུག་ཀྱང་འདྲ། །སུ་ལའང་མཛའ་ཆེས་མཁོན་ཆེས་སྤང་བར་བྱ། །གཉེན་དང་ཉེ་དུ་འཁོར་བའི་བཤལ་ཐག་སྟེ། །ཅི་ཡོད་བྱིན་ཀྱང་མི་མགུ་རེ་འཁང་མང་། །ལེགས་པར་དཔྱད་ན་འགྲོ་དྲུག་ཕ་མ་ཡིན། །དེ་ཕྱིར་ཉེ་དུར་ཧ་


CMR032_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཅང་གདུང་སེམས་སྤང་། །ཉེ་དུར་འཁོན་པའང་བྱ་བཏང་མ་ཡིན་ཏེ། །ཆོས་ལ་ཚུད་ན་ཉེ་དུ་ཐབས་ཀྱིས་བསྐོར། །དེས་ནི་བསྟན་དང་ཉེ་དུ་གཉིས་ཀར་ཕན། །དཔེར་ན་འབྲི་སྟག་ས་སྐྱའི་གདུང་རིགས་བཞིན། །རང་དྲིན་ཡོད་ཚེ་བུ་ཚ་དྲིན་དུ་ཆུགས། །སུ་ལ་སུ་དགོས་མི་ཤེས་བོད་འབངས་རྣམས། །དེ་སྐད་གུ་རུ་པདྨའི་ཞལ་ཆེམ་གསུངས་། །ནོར་རྫ་ས་དགྲ་བོའི་གཡབ་མོ་སྡུག་བསྔལ་རྒྱུ། །མེད་ན་ཐབས་ཆག་ཡོད་ན་དགྲ་འདྲེའི་གཡབ། །ཅི་ཙམ་ཡོད་ཀྱང་མི་ངོམས་ད་རུང་འདོད། དེ་ཕྱིར་ཟས་ནོར་སེམས་ཀྱི་ཆགས་ཞེན་སྤང་། །དབུལ་ཞིང་ཕོངས་ཀྱང་སྡིག་པས་ནོར་མི་བསྒྲུབ། །བཀྲེས་ནས་ཤི་ཡང་མ་བྱིན་ལེན་པ་སྤང་། །དཔེར་ན་མི་ལས་ཟྭ་ལ་དཀའ་ཐུབ་བཞིན། །ཆུ་དང་རྡེའུ་ས་སོགས་བཅུད་ལེན་བྱ། །དེ་ནི་འདོད་པའི་མཐའ་ནི་སྤང་བ་སྟེ། །ཟས་ཀྱི་ཕྱིར་དུ་མི་དགེ་སྤངས་བ་ཡིན། །ཤུགས་ཀྱིས་བྱུང་ན་སྤང་ཡང་མི་དགོས་ཏེ། །ཟས་ཀྱི་རྣལ་་འབྱོར་ལྡན་པས་གང་བྱུང་སྤྱོད། །ཆང་དང་བསྔོས་ཤ་གཉིས་ནི་དུག་ལྟར་སྤང་། །དགེ་སློང་དགེ་ཚུལ་ཞུས་ནས་དགོང་བཅད་བྱ། །རྒྱུན་དུ་གདན་གཅིག་ཐུབ་ན་མཆོག་ཡིན་


CMR032_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཟས་ཞིམ་འདོད་ཕྱིར་སྡིག་པས་བསྒྲུབ་པ་དང་། །ཅི་འདོད་ཡོད་ཀྱང་མི་ཟ་དཀའ་ཐུབ་གཉིས། །གཉིས་ཀ་གོལ་ས་ཡིན་པར་ཐུབ་པས་གསུངས། །དེ་ཡང་ཧ་ཅང་འགྲང་ཆེས་ལྟོགས་ཆེས་སྤང་། །འགྲང་ལྟོགས་རན་པར་བྱ་བ་མི་ལས་གསུངས། །ཟས་ཀྱི་མཆན་ནས་ཉེར་མཁོ་གོས་ཡིན་ཏེ། །གོས་ཀྱི་ཕྱིར་དུ་མི་དགེ་མི་བསག་ཅིང་། །ངན་ངོན་ལྷག་སྐྱོབ་ཙམ་གྱིས་ཆོག་པར་འཛིན། །དེ་ཕྱིར་སྟོན་པ་རབ་ཏུ་བྱུང་བའི་དུས། །གསེར་སྲང་བརྒྱ་ཕྲག་རི་བའི་གོས་སྤངས་ནས། །ཕྱག་དར་ཁྲོད་པའི་གོས་ནི་བསྣམས་པ་ཡིན། །ཤུགས་ཀྱིས་རྙེད་ན་ཆེད་དུ་མི་སྤངས་ཏེ། །གསེར་སྲང་བརྒྱ་ཕྲག་རི་བའི་གོས་རྙེད་ཀྱང་། །དགེ་སློང་རྣམས་ལ་གྱོན་པར་གནང་བ་ཡིན། །དེ་ཡང་དམར་དང་སེར་དང་ངུར་སྨྲིག་ལས། །རྒྱ་ཁ་སྔོ་ལྗང་དཀར་པོ་ལ་སོགས་སྤང་། །ཇི་ལྟར་སྙིང་ནས་བྱ་བཏང་ཡིན་གྱུར་ཀྱང་། །ཆོས་གོས་རྣམ་གསུམ་ལྷུང་བཟེད་སྤང་མི་རུང་། །ཆོས་གོས་སྣམ་སྦྱར་ཆ་ཚད་མི་ལྡན་སྤང་། །འཁར་གསིལ་ཆུ་ཚགས་གདིང་བ་རྙེད་ཀྱང་བཅིང་། །དེ་རྣམས་རྙེད་ཀྱང་མི་བཅང་རྒེབ་བེ་སོགས། །འདུལ་ཁྲིམས་འགལ་བའི་ཆ་ལུགས་བྱེད་པ་ནི། །


CMR032_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟའི་སངས་རྒྱས་མངོན་སུམ་བཞུགས་མདོ་དང་། །ཡུལ་འཁོར་སྐྱོང་གི་མདོ་ལས་ལུང་བསྟན་བཞིན། །དཀོན་མཆོག་འབངས་སོགས་ཡབ་སྲས་རྣམས་ཀྱིས་བཀག །ཟས་གོས་འཛོམས་ནས་སྤང་དཀའ་གཏམ་ཡིན་ཏེ། །བསྟོད་པ་ཐོས་ན་ང་རྒྱལ་སེམས་འཕང་མཐོ། །ང་རྒྱལ་དེ་ནི་ཐར་པའི་བར་ཆད་ཡིན། །བསྟོད་འོས་མེད་པར་བསྟོད་ན་བསོད་ནམས་འཛད། །ཤི་བའི་ཚེ་ན་སྙན་གྲགས་རྗེས་མི་འབྲང་། །དེ་ཕྱིར་བསྟོད་ར་བྱུང་ཡང་དགའ་བ་སྤང་། །ངན་སྨྲས་བྱེད་པ་ཐོས་ན་ཁོང་ཁྲོ་སྐྱེ། །དེ་དུས་ངོ་བོ་བལྟས་ན་བོགས་སུ་ཐོན། །མ་ཉེས་ངན་སྨྲས་བྱུང་ན་སྒྲིབ་པ་འཛད། །དེ་ཕྱིར་ངན་སྨྲ་བྱུང་ཡང་དགའ་བ་བསྒོམ། །ངག་འདོན་མི་བྱ་ལྟ་བའི་ཀློང་དུ་བསྒྱུར། །གལ་ཏེ་བསྟན་པའམ་རང་གི་ཆོས་བརྒྱུད་ལ། །གནོད་པའི་སྐུར་འདེབས་ཡིན་ན་དག་བྱ་གསུངས། །དེ་ནས་རི་ཁྲོད་འགྲིམ་པའི་གནས་བཤད་པ། །དང་པོ་དཔའ་བོ་མཁའ་འགྲོས་བྱིན་བརླབས་ཤིང་་། །བར་དུ་ཨོ་རྒྱན་ཆེན་པོས་ཞབས་ཀྱིས་བཅགས། །རིམ་པར་གྲུབ་ཆེན་རྣམས་ཀྱིས་ངོས་བཟུང་བའི། །རྩྭ་རིའི་གནས་ལག་གནས་ཕྲན་དུ་གཏོགས་པའི། །གནས་ཆེན་


CMR032_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་རྩ་གནས་ཕྲན་སྟོང་རྩ་གཉིས། །དེ་དག་རྣམས་སུ་ཞག་གཅིག་བསྒྲུབ་པ་དེ། །གཞན་དུ་ལོ་གཅིག་བསྒྲུབས་ལས་ལྷག་པ་ནི། །ལུང་བསྟན་བཀའ་རྒྱ་མ་ལས་གསུངས་པའི་ཕྱིར། །དེ་འདྲར་སྒྲུབ་གནས་བྱས་ན་མཆོག་ཏུ་བསྔགས། །དེ་ལྟ་མིན་ཀྱང་བཀའ་བརྒྱུད་གོང་མ་ཡི། །སྒྲུབ་གནས་སམ་ནི་ཞབས་ཀྱིས་བཅགས་པའི་གནས། །དེ་འདྲར་བསྒྲུབ་དགོས་སྒྲུབ་ཐབས་ཀུན་ནས་གསུངས། །དེ་ཡང་གནས་ཉམས་གནས་འཁྲེབ་སྤང་བྱ་སྟེ། །དང་པོ་གནས་དེ་བྱིན་རླབས་ལྡན་གྱུར་ཀྱང་། །དམ་ཉམས་སྡོམ་ཉམས་མང་པོས་སྤྱོད་ངན་གྱིས། །གནས་ལ་གྲིབ་ཕོག་ཉམས་ལེན་འཕེལ་སྐྱེད་མེད། །རྟོགས་པ་མཆོག་ཐོབ་ནུས་པར་ལྡན་ཡིན་ན། །ཚོགས་འཁོར་སྦྱིན་སྲེག་རབ་གནས་བྱས་པ་ཡིས། །གནས་ཉམས་སོར་ཆུད་ཉམས་རྟོགས་འཕེལ་མོད་ཀྱི། །གསར་བུ་ཉམས་རྟོགས་དམའ་བ་འདུག་མི་བྱ། །གནས་འཁྲེབ་ལ་ཡང་རྣམ་པ་གཉིས་ཡིན་ཏེ། །གནས་སྒོ་མ་ཕྱེད་ཕྱེ་དུས་རྟེན་འབྲེལ་འཆུག་།གནས་བདག་དཔའ་བོ་མཁའ་འགྲོ་ཤིན་ཏུ་རྩུབ། །ཏིང་འཛིན་དྲོད་ཉུལ་ཆོ་འཕྲུལ་ཅི་ཡང་སྟོན། །རྟོགས་པ་མཐོ་ན་བོགས་ཐོན་དངོས་གྲུབ་ཐོབ། །དཔེར་ན་མི་


CMR032_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལིང་པའི་བྲག་བཞུགས་བཞིན། །རྟོགས་པ་དམའ་ན་བར་ཆད་སྲོག་དང་བྲལ། །དཔེར་ན་སྤུ་བོའི་རྨ་ཡི་རྐུང་ལུང་བཞིན། །གནས་དང་དགོན་སྡེ་རི་ཁྲོད་ལ་སོགས་པ། །དང་པོ་བཀྲ་ཤིས་བྱིན་རླབས་ལྡན་གྱུར་ཀྱང་། །བར་སྐབས་སྤྱོད་པ་ངན་པས་དམ་སྲི་ཞུགས། །སུ་བསྡད་བཀྲ་མི་ཤིས་ཤིང་བར་ཆད་རྒོད། །ནུས་པ་ལྡན་པས་སྲེག་མནན་བྱིན་འབེབས་བྱ། །དེ་མིན་གསར་བུ་བསྡད་ན་བར་ཆད་འཁྱེར། །དེ་ལྟར་གནས་རྙིང་རྙེད་པར་མ་གྱུར་ན། །ཕ་ཡུལ་མི་ཡུལ་སྐབས་སུ་གང་བབས་ཀྱི། །ཡུལ་གྱི་དཔོན་དང་གཞི་བདག་ཆོས་ལ་དགའ། །ཁྱད་པར་ས་དེའི་བདག་པོས་བཀའ་གནང་དགོས། །དེ་མིན་དགེ་སློང་ཡིན་ན་ལྟུང་བ་ཆེ། །མཐུན་རྐྱེན་འཛོམས་ཤིང་ས་དཔལ་བཟང་བའི་ས། །ཁང་པ་རྙིང་པའམ་ནི་གསར་དུ་བརྩེགས། །གནས་རི་བཟང་པོའི་ས་སྣ་གང་རྙེད་བཏབ། །དེ་ཡིས་ས་གཞིར་རབ་གནས་བྱས་དང་འདྲ། །ཡབ་སྲས་ལ་སོགས་བླ་སྒྱུ་མའི་ཞབས་རྗེས་བཤམ། །དེས་ནི་ས་དེ་ཞབས་ཀྱིས་བཅགས་པ་དང་། །ཁྱད་པར་མེད་པ་མགོན་པོའི་རྒྱུད་ནས་གསུངས། །ཐོག་མར་ཁྱིམ་མམ་གནས་དེ་གར་སྐྱིད་སར། །


CMR032_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་དབང་སྐུ་དང་གླེགས་བམ་མཆོད་པ་བཤམ། །སྤྱན་འདྲེན་ལ་སོགས་ས་གཞི་བྱིན་རླབས་ལྟར། །བཀའ་གདམས་ལུགས་ཀྱི་ས་གཞི་བྱིན་རླབས་ཡིན། །དེ་ནས་ས་གཞི་གསེར་གྱི་རྡོ་རྗེ་ནི། །རྒྱ་གྲམ་སྲ་ཤིང་བརྟན་པའི་ལྟེ་བ་ན། །མེ་ཏོག་པདྨའི་སྡོང་པོ་ཆེན་པོ་སྐྱེས། །པདྨའི་འདབ་མས་ས་ཕྱོགས་དེ་ཀུན་ཁྱབ། །དེ་སྟེང་ཟླ་བའི་དཀྱིལ་འཁོར་སྟེང་དུ་ཧྲཱི༔ །དེ་ལས་རང་ཉིད་ཐུགས་རྗེ་ཆེན་པོ་ནི། །འགྲོ་འདུལ་དཀར་པོ་ཕྱག་བཞི་གཞུང་ལྟར་བསྒོམ། །ས་ཕྱོགས་དེ་ཡི་ལྷ་འདྲེ་མི་གསུམ་ལ། །བྱམས་དང་སྙིང་རྗེ་ཐུན་གཅིག་བསྒོམས་བྱས་པས། །ཐམས་ཅད་འདུས་ནས་དད་ཅིང་གུས་པ་ཡིས། །ཡིག་དྲུག་འདོན་ཅིང་ཕྱག་དང་སྐོར་བ་བྱེད། །ཡུལ་ཕྱོགས་འདི་ཡི་རྩྭ་ཤིང་ཆུ་དང་ས། །ཅི་དགར་སྤྱོད་ཅེས་ལྷ་འདྲེས་ཕུལ་བར་བསམ། །དེ་ལྟར་མིན་ན་མ་བྱིན་ལེན་དུ་འགྱུར། །དེ་ནི་རི་ཆོས་ལུགས་ཀྱི་བྱིན་རླབས་ཡིན། །དེ་ནས་ཁང་པ་གསར་བརྩེགས་ཡིན་ན་ནི། །ས་བསླང་ལྟོ་འཕྱེ་དཀྱིལ་འཁོར་དུས་བཞིན་བྱ། །ཁང་རྙིང་ཡིན་ན་དཀར་བགེགས་གཏོར་མ་བཤམ། །དཀར་གཏོར་གནས་བདག་གཉུག་མར་གནས་ལ་བསྔོ། །གནས་འདི་བདག་ལ་


CMR032_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གཡོར་དང་བྱང་ཆུབ་བསྒྲུབ། །བདག་གི་དགེ་རྩའི་ཆ་ཤས་ཁྱོད་ལ་སྦྱིན། །ངེད་རང་གཉིས་ཀའི་དོན་དུ་ཆོས་སྤྱོད་པས། །འདི་ལ་ཕྲག་དོག་མ་བྱེད་སྟོངས་གྲོགས་མཛོད། །ཅེས་བརྗོད་གཏོར་མ་རྒྱབ་རིའི་ཕྱོགས་སུ་འབུལ། །དེ་ནས་བགེགས་གཏོར་བགེགས་རིགས་སྤྱི་དང་ནི། །ཁྱད་པར་ཡུལ་འདྲེ་གནས་འདྲེ་རྣམས་ལ་བསྔོ། །བདག་གིས་འདི་རུ་བྱང་ཆུབ་བསྒྲུབ་པ་ལ། །ཁྱེད་རྣམས་སྡང་སེམས་བར་ཆད་མ་བྱེད་དང་། །ནམ་ཞིག་བདག་གིས་བྱང་ཆུབ་ཐོབ་པའི་ཚེ། །ཁྱེད་ཅག་རྣམས་ཀྱི་སྡུག་བསྔལ་སེལ་བ་དང་། །བདེ་སྐྱིད་ཐམས་ཅད་བདག་གིས་བསྒྲུབ་པར་བྱ། །ཞེས་བརྗོད་བགེགས་ཀྱི་གཏོར་མ་ཕྱིར་ལ་དོར། །དེ་ནས་བུམ་པར་སྨེ་བརྩེགས་རྣམ་འཇོམས་སོགས། །གཟུངས་སྒྲུབ་བྱས་པའི་ཆུ་ཡིས་མེ་ལོང་ངོས། །ཁང་པ་དེ་ལ་ཕྱི་ནས་ཁྲུས་གསོལ་བྱ། །ནང་དུ་གཟུངས་ཆུ་གཏོར་ཞིང་སྤོས་ཀྱིས་བདུག །ཁང་པ་སྟོང་པར་ལུས་ཚེ་གདོན་ཞུགས་སམ། །རོ་གྲིབ་ལ་སོགས་ཡོད་ཀྱང་དེ་ཡིས་བསང་། །དེ་ནས་ཁང་པ་སྲ་བྷཱའི་སྔགས་ཀྱིས་སྦྱང་། །སྟོང་པའི་ངང་ལས་སེང་ཁྲི་པད་ཟླའི་སྟེང་། །བློ་ལས་བྱུང་བའི་རྣམ་པར་སྣང་མཛད་ནི། །


CMR032_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །བསྐྱེད་ནས་སྤྱན་དྲངས་དབང་བསྐུར་རྒྱས་གདབ་བྱ། །མཆོད་བསྟོད་བྱས་ཏེ་འོད་ཞུ་ཁང་པར་གྱུར། །དེ་ནི་གནས་དང་ཁང་པ་བྱིན་རླབས་ཡིན། །བདེ་མཆོག་རྒྱུད་ལས་སྒྲུབ་པའི་གྲོགས་ལ་ནི། །བུད་མེད་ཌཱཀྐིའི་མཚན་ལྡན་དགོས་གསུངས་པ། །གྲུབ་ཆེན་རྩེ་རླུང་རང་དབང་ཐོབ་རྣམས་ཡིན། །པད་འབྱུང་དྲིལ་བུ་པ་དང་མར་པ་བཞིན། །སོ་སོའི་སྐྱེ་བོ་རབ་ཏུ་བྱུང་རྣམས་ཀྱིས། །བུད་མེད་ཕྱོགས་སུ་ཉེ་བར་མི་བྱ་སྟེ། །ཁང་པར་ཡུད་ཙམ་བསྡད་ཀྱང་ལྟུང་བ་ཡིན། །དེ་ཕྱིར་རི་ཁྲོད་ཐེམ་པའི་ནང་ཉིད་དུ། །འཇའ་ལུས་ཌཱ་ཀིའི་ལྷ་མོ་མ་གཏོགས་པ། །མི་ཡི་བུད་མེད་བྱུང་ན་བཀའ་ཆད་ཐོངས། །ཞེས་བརྗོད་ཆོས་སྐྱོང་རྣམས་ལ་བཀའ་བསྒོ་བྱ། །སྒོ་རྩར་ཐོ་བརྩེགས་དེ་དོན་ཀུན་ལ་བསྒྲག །འདི་ནི་གལ་ཆེ་ཤིན་ཏུ་གནད་ཆེའོ། །གསང་བ་སྤྱི་ཡི་རྒྱུད་ལས་སྒྲུབ་པའི་གཡོག །རྒྱ་ཆེར་གསུངས་ཀྱང་དེ་ཡི་དོན་བསྡུས་ན། །བླ་མ་གཞན་ལ་དམ་ཚིག་ཆག་པ་དང་། །སྡོམ་པ་ཤོར་དང་དམེ་ཕོ་མཛེ་ཅན་དང་། །རང་གི་ཆོས་ལུགས་བླ་མར་ལོག་ལྟ་ཅན། །སྨྱོ་ནད་ཅན་དང་སྡིག་ཅན་སྒྲུབ་གཡོག་སྤང་། །དད་ལྡན་


CMR032_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་ཡོན་ཏན་དོན་དུ་གཉེར། །གཅོང་ནད་ཞ་གྲུམ་སོགས་མེད་གཡོ་སྒྱུ་ཆུང་། །གང་སྨྲས་ཉན་པའི་སྒྲུབ་གཡོག་བསྟེན་པར་བྱ། །སྒྲུབ་གཡོག་ངན་པ་ནམ་ཡང་མི་བསྟེན་ཏེ། །ཉེ་གནས་མཆོག་གྱུར་ཤེས་རབ་བརྩོན་འགྲུས་ཡིན། །གཅིག་པུར་རང་ཚོ་ཐུབ་ན་ཆོས་པ་རབ། །དེ་ནས་སྒྲུབ་པའི་མཐུན་རྐྱེན་སྟ་གོན་ནི། །གཉེན་འདུན་སོགས་ལ་རེ་བ་མི་བཅའ་བར། །ཐུབ་པས་གནང་བའི་བསོད་སྙོམས་སྒྲུབ་རྒྱགས་ཡིན། །བསོད་སྙོམས་བཟང་པོ་བྱུང་བར་ཆགས་པ་སྤང་། །ངན་ནམ་མ་བྱུང་ན་ཡང་ཁོང་ཁྲོ་སྤང་། །རྙེད་དང་མ་རྙེད་སེམས་ཀྱིས་རོ་སྙོམས་ཤིང་། །སྦྱིན་འབྲས་བྱང་ཆུབ་ཐོབ་པའི་བསྔོ་སྨོན་བྱ། །བུང་བ་ལྟ་བུ་གྲོང་དུ་རྒྱུ་གསུངས་པས། །དཔེར་ན་བུང་བས་མེ་ཏོག་བཟང་ངན་ལ། །ཆགས་དང་སྡང་བའི་བསམ་པ་མི་བྱེད་ཅིང་། །མེ་ཏོག་ཁ་དོག་དྲི་ལ་མི་གནོད་པར། །སྦྲང་རྩིའི་བཅུད་འཇིབ་ཚང་དུ་འགྲོ་བ་ལྟར། །གང་རྙེད་ཁྱེར་ཏེ་སྒྲུབ་པའི་གནས་སུ་འགྲོ། །རང་ཉིད་ངེས་པར་ཆོས་དང་མཐུན་གྱུར་ན། །བསོད་སྙོམས་ཆོས་རྒྱགས་ཕོངས་པར་མི་འགྱུར་ཏེ། །ཤཱཀ་ཐུབ་མངོན་པར་སངས་རྒྱས་ཐོབ་སྔ་བས། །


CMR032_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་བསྒྱུར་རྒྱལ་ལྔ་བརྒྱར་སྐྱེ་དགོས་པས། །བསོད་ནམས་མ་མཁོ་ཉན་ཐོས་འཚོ་བར་བསྔོས། །དེ་ཕྱིར་འབྲུ་དང་མུ་ཏིག་མཉམ་བརྗེས་ཀྱི། །མུ་གེ་བྱུང་ཡང་འཚོ་བས་མི་ཕོངས་གསུངས། །དེ་ཉིད་སེམས་འཆང་སྒྲུབ་རྒྱགས་སེམས་ཁྲལ་སྤང་། །འོན་ཏེ་སྔོན་གྱི་སྦྱིན་འབྲས་ཁྱད་པར་གྱིས། །སྤྱི་དང་མི་མཚུངས་རང་ཉིད་བཀྲེས་གྱུར་ན། །སྒབ་འདྲེ་མེད་ཅིང་སྒྲུབ་རྫས་མི་དཀའ་བའི། །ཡེ་ཤེས་པ་ཡི་ནོར་ལྷ་ཅུང་ཟད་བསྙེན། །དེ་ནི་རུང་བར་མཉམ་མེད་དྭགས་པོས་གསུངས། །གདམས་ངག་ངེས་ཤེས་མེད་པར་སྒྲུབ་བརྩོན་པ། །གེགས་དང་གོལ་ས་འབྱུང་བའི་རྒྱུ་ཡིན་སྤང་། །དབང་ལུང་མ་ཐོབ་སྒྲུབ་པ་བྱེད་པ་ནི། །ཆུ་བཤིགས་མར་འདོད་འདྲ་སྟེ་འབྲས་བུ་མེད། །བྱིན་རླབས་ཅུང་ཟད་བྱུང་ཡང་ངན་སོང་རྒྱུ། །དེ་ཕྱིར་དབང་ཁྲིད་མན་ངག་རྫོགས་པ་གཅེས། །དེ་ནས་སྒྲུབ་པའི་སྟ་གོན་བྱ་བ་ནི། །འབྱོར་པ་ཆེ་ཞིང་ཤེས་རབ་ལྡན་པ་ན། །སྒྲུབ་ཆེན་ཆ་ལག་ཐམས་ཅད་ཚང་བར་བསག །འབྲིང་ལ་སྒྲུབ་ཕྲན་ཐ་མ་སྤྲོས་མེད་ལུགས། །རང་གི་འབྱོར་པ་ཤེས་རབ་དག་དང་དཔག །གནས་དེར་ཕྱིན་ནས་ཟླ་ཤས་ཙམ་གྱི་བར། །ཆུ་ཤིང་ལ་སོགས་


CMR032_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་རྐྱེན་སྒྲུབ་པའི་ཚེ། །ཐག་རིང་མི་འགྲོ་ལྡོག་མཚམས་ཚུལ་དུ་བྱ། །དེ་ནས་རང་གིས་རང་ལ་ཁྲིད་བཙུག་སྟེ། །དཔེ་ཆ་ཡོད་ན་ཁྲིད་དཔེ་བླ་མའི་ཚུལ། །ཁྲིད་དཔེ་མེད་ན་ཡིད་ཀྱིས་གསལ་འདེབས་ཤིང་། །དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ། །ལས་འབྲས་འཁོར་བའི་ཉེས་དམིགས་བསྒོམ་པ་བཞི། །རེ་རེ་ལ་ཡང་ཞག་པོ་གསུམ་མམ་བདུན། །ངེས་ཤེས་སྐྱེ་ཞིང་སྣང་བ་འགྱུར་ངེས་བསྒོམ། །དེ་བཞིན་སྐྱབས་སེམས་རྡོར་སེམས་མཎྜལ་དང་། །བླ་མའི་རྣལ་འབྱོར་ཁྱད་པར་སྔོན་འགྲོ་བཞི། །རེ་རེ་ལ་ཡང་ཞག་པོ་བདུན་རེ་ཙམ། །རེ་རེ་དག་ལ་རྩེ་གཅིག་ཕུར་ཚུགས་བསྒོམ། །དེ་ནས་སྒྲུབ་པའི་སྣ་སེལ་བྱ་བ་ནི། །བསང་དང་ཆུ་གཏོར་ཕྱག་དང་བསྐོར་བ་དང་། །སཱཙྪ་ཞལ་ནས་གསུངས་པའི་བཀའ་བཀླག་སོགས། །རེ་རེའང་ཉིན་རེ་ཙམ་རེ་གང་ཐོན་འབད། །དེ་ནས་སྒོ་ཙར་ཐོ་ནི་དཀར་པོ་བརྩེགས། །གཞི་བདག་དཀར་གཏོར་ཕུལ་ལ་བཀའ་བསྒོ་ཀྵ་ནི། །བདག་གིས་མཚམས་སྒྲུབ་མཐའི་རུ་མ་ཐོན་པར། །ཕྱི་ཡི་བར་ཆད་ནང་དུ་མ་གཏོང་ལ། །ནང་གི་དངོས་གྲུབ་ཕྱི་རུ་མ་གཏོང་པར། །གནས་མགྲོན་གཉིས་ཀྱི་དམ་ཚིག་


CMR032_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྲུངས་ཞེས་བརྗོད། །བགེགས་གཏོར་རྒྱས་པར་བཏང་ཞིང་བགེགས་བསྐྲད་དེ། །རྫས་རྒོད་དམ་ནི་གུ་གུལ་དུད་པས་བདུག །འདི་སྐབས་མཚམས་རྡེལ་འཇོག་དགོས་ཡོད་ན་ནི། །ཤོག་བུར་མིང་བྲིས་རྡེའུ་བཏུམས་ནས་ནི། །རང་མདུན་བཞག་ལ་མི་དེ་ཡིན་པར་བསྒོམ། །མཚམས་གཡོག་གཏུག་དགོས་ཡོད་ན་མདུན་དེར་བཞག །དེ་ནས་སྲུང་བའི་འཁོར་ལོ་གསལ་བར་བསྒོམ།་་་་་གེགས་སེལ་བདུད་རྩི་ཐིག་པ་ལས་འབྱུང་བ་ལྟར་སྲུང་འཁོར་དྲུག་རིམ་མམ་ཡང་ན་དགུ་རིམ་སོགས་མ་ནོར་བར་བསྒོམ་པ་གནད་ཆེ་གསུངས། མཆན། །རང་ཉིད་ཁྲུས་བྱས་མལ་གོས་སྤོས་ཀྱིས་བདུག །གདན་འོག་གཡུང་དྲུང་དཀར་པོ་གཡས་འཁྱིལ་བྲི། །མལ་ས་སྤོ་དང་གདན་སྤྲུགས་མི་རུང་ཕྱིར། །ལེགས་པར་གཟབ་ནས་བཅོས་མི་དགོས་པར་བྱ། །གནས་ཁང་དེ་ནི་ཡི་དམ་གཞལ་ཡས་ཁང་། །མལ་སྟན་སེང་ཁྲི་པདྨ་ཟླ་བའི་གདན། །རང་ཉིད་ཡི་དམ་ལྷར་གསལ་རྡོར་སྐྱིལ་བཅའ། །སྒྲུབ་པ་ཅི་ཙམ་འདུག་པའི་དམ་བཅའ་བཟུང་། །དམ་བཅའ་རིང་ན་བདུད་ཀྱི་བར་ཆད་འཇུག །དམ་བཅའ་ཐུང་བཅུག་དོན་ལ་རིང་དུ་བསྲིང་། །མཚམས་བསྡམས་ནས་ནི་ཡུན་རིང་མ་སོང་སྐབས། །ཉེ་དུ་ཡོན་བདག་དབོན་རིགས་


CMR032_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ། །གློ་བུར་ནད་དང་གདོན་གྱིས་ཉེ་བར་འཚེ། །ད་རེས་འབྱོན་དགོས་གལ་ཏེ་མ་བྱོན་ན། །ཁ་གཏམ་མེད་དམ་བསྡིག་རྒྱུ་ཡོད་སྐད་ཟེར། །ནན་ཆེ་ཡུས་ཚེ་ཚིག་རྙིང་མནའ་ཡིས་མཐུད། །དེ་ནི་བདུད་ཀྱིས་ཉམས་ཚད་གླགས་ལྟ་ཡིན། །རེ་བ་ཆེའམ་བཙན་པོ་ཡིན་ཀྱང་རུང་། །དེ་ཡི་ངོ་བཟློག་མི་འགྲོ་གལ་ཆེ་སྟེ། །དེ་དུས་སོང་ན་བར་ཆད་ཀྱིས་ཁྱེར་བས། །ནམ་ཡང་སྒྲུབ་པ་ལམ་དུ་འགྲོ་མི་སྲིད། །ཉེ་དུ་བརྩེ་བ་ཤི་ཆད་བྱུང་ན་ཡང་། །བསྔོ་སྨོན་རྒྱས་འདེབས་མ་གཏོགས་འགྲོ་མི་རུང་། །རང་ཉིད་གློ་བུར་ནད་ཀྱིས་བཏབ་ན་ཡང་། །མཚམས་ཁང་ནང་ནས་རྩ་སྟོན་རུང་མོད་ཀྱི། །ཇི་ལྟར་ཐུ་ཡང་མཚམས་ནི་མི་ཀློད་དེ། །ཤི་ཡང་མལ་སྟན་སྟེང་དེར་ཤི་ནུས་བྱ། །དེ་ཡིས་བར་ཆད་གཡུལ་ལས་རྒྱལ་བ་སྟེ། །ཤི་བར་མི་འགྱུར་བདུད་ཀྱང་ཁ་སྐྱེངས་འབྲོས། །རོ་སྙོམས་ལུགས་དང་གཅོད་ལུགས་མ་ཡིན་པས། །ལྷ་རྗེར་མི་སྟོན་སྨན་ནི་མི་ཟ་སོགས། །ལ་མི་རུང་ཕུང་པོར་བརྙས་བྱེད་རྩ་ལྟུང་ཡིན། །དེ་ནས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ། །ཆོས་ཀྱི་དབང་ཕྱུག་ཞལ་ནས་ཐོས་པའི་དོན། །དབང་རྣོན་ཆོས་ཀྱི་རྗེས་འབྲང་ཉམས་ལེན་


CMR032_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དབང་རྟུལ་དད་པའི་རྗེས་འབྲང་ཉམས་ལེན་གཉིས། །ཆོས་ཀྱི་རྗེས་འབྲང་པཎྜི་ཏ་ཡི་ལུགས། །བྱུང་ན་དེ་ཉིད་མཆོག་ཏུ་གྱུར་མོད་ཀྱི། །དད་པའི་རྗེས་འབྲང་ཀུ་ས་ལི་། ཡི་ལུགས། །དེང་སང་ཕལ་ཆེར་དེ་ཉིད་ཡིན་ནོ་གསུངས། །དེ་ལའང་ཐ་མ་འབྲིང་དང་རབ་གསུམ་སྟེ། །དབང་ལུང་ཐོབ་ཀྱང་གོ་བ་ཤེས་རབ་དམན། །ཁྲིད་རིམ་ཐོབ་པས་སེམས་ངོ་སྲུང་ཤེས་ཙམ། །དད་ལྡན་འཆི་བ་དྲན་པས་ཉམས་ལེན་འདོད། །ཐ་ན་ཡི་གེ་ཙམ་ཡང་མི་ཤེས་པ། །དེ་འདྲས་་་་དབང་པོ་ཐ་མ། རི་ཁྲོད་འགྲིམས་ཤིང་མཚམས་སྡོམ་ན་་།ཐོ་རངས་གཉིད་ནི་སད་མ་ཐག་པའི་དུས། །བླ་མ་སངས་རྒྱས་ཀུན་འདུས་ངོ་བོར་དྲན། །དཔལ་ལྡན་རྩ་བའི་བླ་མ་མཁྱེན་ནོ་ཞེས། །གདངས་དབྱངས་མི་ཤེས་འབོད་པ་ཆེར་བྱེད་པ། །གསོལ་བ་ཁྱི་སྐད་མ་རུ་འདེབས་ཞེས་བྱ།། །དེ་ཡིས་གཉིད་དཀྲོག་རིག་པ་དྭངས་པ་དང་། །སྐྱབས་འགྲོ་སེམས་བསྐྱེད་སེམས་ཅན་བདེ་ལྡན་སོགས། །ཀུན་གྱིས་ཤེས་པ་དེ་ལ་ཚར་གསུམ་བརྗོད། །རང་ལུས་ཐུགས་རྗེ་ཆེན་པོར་ཝལ་གྱིས་བསྒོམ། །སྤྱི་བོར་བླ་མ་འོད་དཔག་མེད་པ་བསྒོམ། །མ་ནམ་བཞི་སྐོར་དེ་ལ་ཚར་གསུམ་འདོན། །


CMR032_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དྲུག་སྐད་ནི་ཆེ་ཆུང་རན་པར་བཟླས། །ས་ཕྱོགས་དེ་ཉིད་བདེ་བ་ཅན་དུ་མོས། །སྲོག་ཆགས་ཐམས་ཅད་སྤྱན་རས་གཟིགས་སུ་བསྒོམ། །དེ་ལ་སེམས་གནས་དམིགས་པ་མ་གསལ་བར། །ཡིག་དྲུག་བཟླས་པ་གཟུགས་ཀྱི་བཟློས་པའམ། །སྣང་བ་སྐུ་ཡི་ཁྱེར་སོ་ཞེས་བྱ་ཡིན། །འགྲོ་ཀུན་སྤྱན་རས་གཟིགས་སུ་གྱུར་པ་དེས། །རང་གི་རམ་བུ་བཀྱག་བསམ་ཡིག་དྲུག་བཟླས། །དེ་ནི་སྒྲ་ཡི་བཟླས་པ་ཞེས་བྱའམ། །གྲག་པ་གསུང་གི་ཁྱེར་སོ་ཞེས་བྱ་སྟེ། །ཡིག་དྲུག་སྒྲ་ལ་རིག་པ་གཏད་པ་ཡིན། །དེ་ཡིས་བསྐྱེད་རིམ་དོན་རྩ་འདུས་པའོ། །དེ་ནས་རང་གི་སྙིང་གའི་དཀྱིལ་དུ་ནི། །ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་བསྒོམ། །དེ་ལ་རིག་པ་གནས་སུ་ཅི་ཐུབ་བྱ། །ཧ་ཅང་མི་འཕྲོ་དེ་ལ་སེམས་གནས་ན། །སེམས་འཛིན་ཞི་གནས་དོན་རྩ་དེ་ལ་འདུས། །དེ་ནས་ཡིད་ལ་ཅི་ཡང་མི་བསམ་པར། །སེམས་ཀྱིས་སེམས་ལ་ཧྲིག་གེར་བལྟས་ལ་བཞག །གཟུགས་དང་ཁ་དོག་དངོས་པོ་མ་མཐོང་ཡང་། །རྣམ་རྟོག་འགྱུ་བ་ཐོལ་ཐོལ་སྐྱེས་པའི་ཚེ། །བྱུང་ས་འགྲོ་ས་གནས་ས་རྩད་གཅོད་བྱ། །མ་རྙེད་དེ་ཡི་ངང་ལ་མཉམ་པར་བཞག །དེ་ཡིས་


CMR032_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མཐོང་དོན་རྩ་འདུས་པ་ཡིན། །དེ་ནས་རྒྱུན་དུ་རྩད་གཅོད་མི་དགོས་ཏེ། །ནམ་དྲན་དུས་སུ་རང་ངོར་ཅེར་གྱིས་ལྟ། །མ་མཐོང་ངང་ལ་ཀློད་དེ་ཤིག་གེར་གཞག །རྣམ་རྟོག་སྐྱེས་ན་ཆུ་དང་རླབས་བཞིན་དུ། །སེམས་ལས་བྱུང་ཞིང་སེམས་ཀྱི་ཀློང་དུ་ཐིམ། །ཡིག་དྲུག་ཤུབ་བུར་བཟླས་ཤིང་དེ་ཉིད་སྐྱོང་། །ཉི་མ་ཤར་ཚེ་བརྒྱ་ཕྱག་འགའ་ཟུང་འཚལ། །ཐུག་པ་ལ་སོགས་ཟས་ཀྱི་སྤྱོད་ལམ་བྱ། །དེ་ནས་ནམ་མཁའི་མཐོང་ཞིང་སྣང་གཡེལ་སར། །སེམས་ངོ་སྐྱོང་ཞིང་ཡིག་དྲུག་བཟླས་པ་བྱ། །མོས་གུས་སྐྱེ་ཞིང་ཉམས་ཀྱི་འཆར་སྒོ་དུས༔ གསོལ་འདེབས་རྒྱང་འབོད་ལན་གསུམ་ཙམ་རེ་བྱ། །དགོང་བཅད་ཡིན་ནམ་གདན་གཅིག་སྲུང་བ་ན། །རང་གི་སྙིང་གར་སྤྱན་རས་གཟིགས་བསྒོམས་ནས། །དེ་ལ་མཆོད་པའི་མོས་པས་གུང་ཚིགས་བྱ། །སླར་ཡང་སྐྱབས་སེམས་ལ་སོགས་ད་ནངས་བཞིན། །ཉི་ནུབ་བར་དུ་ཐུན་གཅིག་བྱས་ལ་བསྒོམ། །ལུས་ལ་བད་ཀན་ལ་སོགས་ནད་ཡོད་ན་། །ཀ་བའི་ངོས་ལ་དཔེ་འམ་སྐུ་འདྲ་བཞག །བསྐོར་ཐག་ཐུང་ན་མགོ་ཡུ་འཁོར་ནས་འགྱེལ། །ཅུང་ཟད་རྒྱང་ནས་བསྐོར་བ་ཉི་ཤུ་ཙམ། །མུན་རུག་ནས་ནི་སྲོད་ཀྱི་མཚམས་


CMR032_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ། །བཛྲ་གུ་རུ་བཛྲ་ཕཊ་ལ་སོགས། །ལྷ་བསྒོམ་མི་དགོས་སེམས་ངོའི་ངང་ལ་བཟླ། །དེ་ནས་སླར་ཡང་ད་ནངས་ཅི་བཞིན་དུ། །རྒྱང་འབོད་ནས་བཟུང་རིམ་བཞིན་ཐུན་གཅིག་བསྒོམ། །དེ་ནས་ཤེས་ན་ཀུ་ས་ལི་ཡི་ནི། །ཚོགས་བསོག་ངག་ཏུ་མི་དགོས་ཡིད་ཀྱིས་བསྒོམ། །རྐང་དུང་གསུམ་བུས་ཕཊ་སྒྲ་འགའ་ཟུང་རྒྱབ། །གལ་ཏེ་ལུས་སྦྱིན་དམིགས་པ་མི་ཤེས་ན། །ཕཊ་སྒྲ་རྐང་དུང་ལ་སོགས་མི་བྱའོ། །ཐུན་འཇུག་དེ་ལ་བསྔོ་སྨོན་གང་ཤེས་བྱ། །སྙིང་གར་བླ་མ་ཡི་དམ་ངོ་བོ་ནི། །ཐིག་ལེ་དཀར་པོ་ཤེལ་གྱི་ཁ་དོག་ཅན། །འོད་ཀྱིས་ཁོང་པའི་ནང་ཀུན་གསལ་བ་ལ། །རིག་པ་གཏད་ལ་ཡིག་དྲུག་ཤུབ་བུར་བཟླས། །ཙོག་པུའམ་སེང་གེའི་ཉལ་སྟབས་གང་བདེ་བྱ། །མ་གཉིད་བར་དུ་ཉམས་ལེན་སྐྱོང་བྱས་པས། །དེས་ནི་རྨི་ལམ་འོད་གསལ་ཟིན་པར་སླ། །ལོ་ཟླ་ལ་སོགས་རིང་ཐུང་ཅི་འདུག་ཀྱང་། །ཉིན་གཅིག་བཞིན་དུ་ཉམས་ལེན་བྱེད་ལུགས་སྒྱུ་གཅིག་དེ་ནི་རྨོངས་པ་ཐ་མལ་པ་ཡི་མཚམས། །དེ་བས་ཤེས་རབ་་་་་དབང་པོ་འབྲིང་གི་ཉམས་ལེན། མཆན། ཅུང་ཟད་དྲག་པ་ན། །གཏོར་བསྔོས་པ་ཡི་གཏོར་མ་གང་འཛོམ་


CMR032_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ། །ཐོ་རངས་གཉིད་ནི་སད་པའི་དེ་མ་ཐག །སྔོན་འགྲོ་བཞི་སྦྱོར་རྒྱས་བསྡུས་གང་རུང་འདོན། །སྒྲོལ་དཀར་ལ་སོགས་ཚེ་སྒྲུབ་གང་ཤེས་དེ། །ཕྲེང་སྐོར་གཉིས་གསུམ་ཡན་ཆད་ཅི་ནུས་བཟླས། །རྒྱལ་བ་རྒྱ་མཚོ་ལ་སོགས་གསར་མ་ཡི། །ཡི་དམ་གཙོ་བོ་གང་ཡིན་མངོན་རྟོགས་སམ། །འོད་འབར་ལ་སོགས་རྙིང་མའི་ལས་བྱང་ཞིག །བཏོན་ལ་ཉི་ཤར་བར་དུ་བསྙེན་པ་བྱ། །དེ་ནས་ཇ་འམ་ཐུག་པར་མེ་འབུད་ཅིང་། །བརྒྱ་ལས་མི་ཉུང་ཕྱག་འཚལ་ལྟུང་བཤགས་སོགས། །ཉེས་ལྟུང་གང་ཡོད་དྲན་ཅིང་བཤགས་པ་བྱ། །ཤེས་ན་གཏོར་མ་ཆ་བཅུ་འཛམ་གཏོར་བཏང་། །དེ་ནས་ཇ་ཐུག་གང་ཡོད་ལ་སྤྱོད་ཅིང་། །སྐབས་དེར་གྲུབ་ཐོབ་གོང་མའི་གསུང་འབུམ་མམ། །སེམས་ལ་ཕན་པའི་དཔེ་ཆ་གང་ཡང་རུང་། །མང་པོ་མ་ཡིན་ལྡེབ་མ་གསུམ་བཞི་བལྟ། །སླར་ཡང་ད་ནངས་བཞིན་དུ་ཐུན་བཟུང་སྟེ། །དགོང་ཀའི་བར་དུ་དེ་ཡི་བསྙེན་པ་བྱ། །དེ་ནས་ཇ་སོགས་གང་ཡིན་མེ་བཏང་ལ། །ཆོས་སྤྱོད་གང་ཤེས་བརྗོད་དོགས་འདོན་རེས་དང་། །མདོ་སྒྲུབ་སེང་གདོང་བདུད་ཟློག་ཆག་མེད་བྱ། །ཉི་ནུབ་མི་རྣམས་ཁྱིམ་དུ་སོང་སྐབས་དེར། །རང་གི་ཆུ་ལེན་


CMR032_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ན་རྐུ་ཐབས་བླང་། །དེ་ནས་ཕུག་གཏོར་གསོས་ལ་བྲན་བྱས་ཏེ། །རྙིང་མ་ཡིན་ན་ལས་བྱང་སླར་ལ་ཝིག །གསར་མ་ཡིན་ན་མདུན་བསྐྱེད་ཚང་བར་འདོན། །ཆོས་སྐྱོང་ལས་བྱང་ཤེས་ན་དེ་ལ་སྦྱར། །མི་ཤེས་ན་ཡང་གཏོར་བསྔོས་གང་ཤེས་བྱ། །གཅིག་པུར་ཆོམ་རྐུན་གཅན་གཟན་གནོད་དོགས་ན། །གཏོར་བསྔོས་ཚེ་དེར་རྔ་བརྡུང་རྒྱུན་དུ་བྱ། །དེ་ཡི་གཅན་གཟན་མི་འོང་རྐུན་པོས་རྩི། །དོགས་པ་མེད་ན་རྔ་བརྡུང་མི་བྱ་སྟེ། །སྔགས་ནག་མིག་ལྟོས་ཡིན་པས་ལེགས་རྒྱུ་མེད། །དེ་ནས་རྒྱས་པར་ལུས་སྦྱིན་ཤེས་པའམ། །མི་ཤེས་ཀུ་ས་ལ་ཡི་ཚོགས་གསོག་བྱ། །དེ་དག་རྣམས་ཀྱི་བར་སྐབས་ཐམས་ཅད་དུ། །ཡི་དམ་བསྙེན་པ་ཆུ་བོའི་གཞུང་ལྟར་བཟླས། །བསྐྱེད་རིམ་དང་ནི་སེམས་ངོ་རེས་མོས་བྱ། །དེ་ལ་གོམས་ནས་ཟུང་འཇུག་ཨེ་འོང་བལྟ། །ཉལ་ཁ་བདག་བསྐྱེད་བསྡུ་བའི་དམིགས་རིམ་དེ། །བསྒོམས་ནས་སེམས་ངོའི་སྟེང་དུ་བཞག་ཉལ་ཀླུ་བས། །འོད་གསལ་འཛིན་པའི་གདམས་པ་དེ་ཉིད་ཡིན། །དེ་ལས་ལྷག་ཙམ་ཤེས་རབ་ཡོད་པའི་རིགས། །གཉིད་ནི་སད་མ་ཐག་ཏུ་ནམ་མཁའ་ནས། །དཔའ་བོ་མཁའ་


CMR032_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས་ཌཱ་མ་རུ་འཁྲོལ་བས། །གཉིད་ནི་སད་པ་ཡིན་པའི་མོས་པ་བྱ། །ཁ་མ་བཤལ་བར་སྔགས་མི་ཟླ་གསུངས་པས། །གཟུངས་སྔགས་བཟླས་པའི་བུམ་ཆུའི་སྔགས་ཆབ་བླངས། དེ་ནས་བཟླས་བརྗོད་ནུས་པ་སྟོབས་འབྱིན་སོགས། །ངག་གི་བྱིན་རླབས་རྒྱས་པར་བྱ་བའམ། །དབྱངས་གསལ་ལན་གསུམ་བརྗོད་པས་ཆོག་པ་སྟེ། །དེ་ཉིན་བཟླས་ཚད་དུང་ཕྱུར་འགྱུར་དུ་གསུངས། །དམིགས་པ་ལྕེ་ནི་རལ་གྲི་རབ་རྣོ་བ། །ཡུ་བ་པདྨ་དཀར་པོ་དྷིས་མཚན་པ། །བསྒོམས་པས་ངག་མནན་ལ་སོགས་ཉེས་སྐྱོན་སེལ། །དེ་ནས་སྔོན་འགྲོ་བཞི་སྦྱོར་བྱེད་པའམ། །སྐྱབས་འགྲོ་སེམས་བསྐྱེད་སྣང་བ་འགྱུར་ངེས་བྱ། །དེ་ནས་གཏུམ་མོ་ལ་སོགས་དམིགས་རིམ་གྱིས། །རླུང་རོ་བུས་ཤིང་བུམ་ཅན་ཐུན་གཅིག་བསྒོམ། །དེ་ཡིས་ཁམས་དངས་ནད་སེལ་ཚེ་ཡང་རིང་། །དེ་ནས་སྒྲོལ་དཀར་ཚེ་དཔག་ལ་སོགས་པ། །ཚེ་སྒྲུབ་གང་ཤེས་བསྙེན་པ་རབ་ཞིག་བྱ། །མང་ཉུང་རང་ལ་སྐག་སོགས་ཡོད་མེད་བསྟུན། །དེ་ནས་རྩ་བའི་ཡི་དམ་གང་ཡིན་གྱི། །གསར་མ་ཡིན་ན་བདག་བསྐྱེད་ཚར་གཅིག་དང་། །རྙིང་མ་ཡིན་ན་བདག་མདུན་ཟུང་འཇུག་གི །ལས་


CMR032_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཚར་གཅིག་ཛབ་དགོངས་ཡན་ཆད་འདོན། །དེ་ནས་ཉི་ཤར་བར་དུ་བསྙེན་པ་བྱ། །དེ་ཡང་གསར་མ་ཡིན་ན་བདག་བསྐྱེད་བསྡུ། །ཟུང་འཇུག་སྐུར་ལྡང་ཐུན་མཚམས་སྤྱོད་པ་སྟེ། །ཇ་ཐུག་བསྐོལ་སོགས་བྱ་བ་གང་དགོས་བྱ། །ནུབ་ཏུ་ཁ་བལྟས་བདེ་ཆེན་ཞིང་ཁམས་ནི། །འོད་དཔག་མེད་པ་གཙོ་འཁོར་མངོན་སུམ་ལྟར། །ཡིད་ཀྱིས་གསལ་བཏབ་བརྒྱ་ཕྱག་འཚལ་བའམ། །ཧ་ཅང་མི་མང་འགའ་ཟུང་འཚལ་བ་ན། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫཤྲཱི་ཡེ། ན་མ་སུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤི་ཡེ་སྭཱ་ཧཱ། གཅིག་བརྗོད་ཕྱག་གཅིག་འབུམ་ཐེར་འགྱུར་བ་ཡིན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དེ་ནི་ཞིང་དེར་སྐྱེ་བའི་རྒྱུ་ཡིན་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ནས་འོད་ཀྱི་རྒྱལ་སྒྱུ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ། །དེ་ལ་ཕྱག་འཚལ་དཀོར་སྒྲིབ་བྱང་བ་ཡིན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་


CMR032_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མགོན་པོ་ཀུན་ཏུ་གཟིགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ལ་ཕྱག་འཚལ་ལོ། །རིག་པའི་རྒྱལ་པོ་མཆོག་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་གསུམ་རེ་རེར་ཕྱག་རེ་འཚལ་ན་ཡང་། །གངྒཱའི་ཀླུང་ནི་དྲུག་ཅུ་རྩ་གཉིས་ཀྱི། །བྱེ་མ་སྙེད་ཀྱི་སངས་རྒྱས་མཚན་བརྗོད་ཅིང་། །ཕྱག་འཚལ་བ་དང་བསོད་ནམས་མཉམ་མོ་ཞེས། །འཇམ་དཔལ་ཞིང་བཀོད་མདོ་དང་པད་དཀར་མདོ། །ཕྱག་རྡོར་དབང་བསྐུར་རྒྱུད་ལས་གསུངས་པ་ཡིན། །དཀའ་ཚེགས་མེད་པར་བསོད་ནམས་རྒྱ་ཆེན་པོ། །ཐོབ་ཐབས་ཤེས་ན་མི་དེ་མཁས་པ་ཡིན། །མདུན་གྱི་ཀ་བར་དཔེ་ཆའམ་སྐུ་གཟུགས་བཅིང་། །ཨོཾ་ན་མོ་བྷ་ག་ཝ་ཏེ་རཏྣ་ཀེ་ཏུ་རཱ་ཛཱ་ཡ། །ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ། སམྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྟེ་རནྡྷེ་མ་ཧཱ་རཏེ་རཏྣ་བི་ཛ་ཡེ་སྭཱ་ཧཱ། །ད་ནངས་ལན་གཅིག་བརྗོད་པར་བྱས་ནས་ཀྱང་། །ཆབ་བསིལ་ལ་སོགས་ལངས་འདུག་བྱེད་པའི་ཚེ། །ཀ་བ་དེ་ལ་བསྐོར་བ་འོང་བར་བྱ། །བསྐོར་བ་གཅིག་གིས་བསྐོར་བ་འབུམ་ཐེར་འགྱུར། །དེ་བཞིན་ཆབ་བསིལ་བཏང་བར་བྱ་བའི་ཚེ། །


CMR032_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལུས་གསེར་གྱི་བུམ་པ་ཆེན་པོ་ནས། །བདུད་རྩིའི་རྒྱུན་བབས་ཡི་དྭགས་དྲི་ཆུ་ལ། །དགའ་བ་ཐམས་ཅད་ངོམས་ཤིང་ཚིམས་བསམ་ལ། །ཨོཾ་ཨཱམུ་ཏྲ་ཨཱཿཧ་རེ་སྭཱ་ཧཱ། །ཡི་དྭགས་དྲི་ཆུ་ལ་ལོངས་སྤྱོད་པ་རྣམས་ཚིམ་པར་གྱུར་ཅིག །ཅེས་བརྗོད་དེ་བཞིན་དྲི་ཆེན་འདོར་བའི་ཚེ། །དྲི་མ་ཟས་ཚོགས་ཕུན་སུམ་ཚོགས་པར་བསམ། །ཨོཾ་ཨཱབིཥྛ་ཨཱ་ཧ་རེ་བྱུསྭཱ་ཧཱ། །སརྦ་པྲ་ཏ་ནཾ་ཁ་ཁ་ཁཱ་ཧི། ཡི་དྭགས་དྲི་ཆེན་ལ་ལོངས་སྤྱོད་པ་རྣམས་ཚིམ་པར་གྱུར་ཅིག །ཅེས་བརྗོད་དྲི་ཆེན་དྲི་ཆུའང་ཚོགས་སུ་འགྱུར། །ཉི་མ་ཤར་དྲོས་དེ་ལ་འཛམ་གཏོར་སོགས། །གཏོར་མ་བརྒྱ་རྩ་འམ་ནི་རྒྱས་པར་གཏོང་། །ཀླུ་ཐེབས་ཡོད་ན་ཀླུ་གཏོར་གང་འགྲུབ་བཏང་། །ཀླུ་ནི་ལྡོག་དུས་ཕན་ལས་གནོད་པ་ཆེ། །དེ་ནས་སྔ་དྲོའི་བཟའ་བཏུང་ཚར་བ་དང་། །སློབ་གཉེར་བྲིས་དང་དཔེ་ལྟས་ཅུང་ཞིག་བྱ། །བསྐྱེད་རིམ་བརྟན་ན་ཆོ་ག་ཝིག་མི་དགོས། །བསྐྱེད་རིམ་དམིགས་པས་གསལ་་འདེབས་ཁོ་ནས་ཆོག །མི་གསལ་ན་ནི་བདག་བསྐྱེད་སླར་ལ་ཝིག །དེ་ནས་བསྙེན་པ་ཅི་འགྲུབ་ཅུང་ཟད་བྱ། །གདན་གཅིག་དགོང་བཅད་ལ་སོགས་ཡིན་པ་ན། །མདོ་ལྟར་


CMR032_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཕུད་མཆོད་ཆངསབུ་ལ་སོགས་བཞག །སྔགས་ལྟར་ཡི་དམ་ལུས་དཀྱིལ་གསལ་བཏབ་ནས། །ལྟེ་འོག་གཏུམ་མོ་ཡེ་ཤེས་མེ་ཡིན་ལ། །ཁ་ནི་ཐབ་ཁུང་ལྕེ་ནི་མེ་ལྕེ་ཡིན། །ལག་པ་དགང་གཟར་བླུགས་གཟར་རང་བྱུང་སྟེ། །དེ་ལྟར་བསྒོམ་རྒྱུ་མ་ཡིན་ཤེས་པས་ཆོག །ཟས་རྣམས་བསྲེག་རྫ་ས་བདུད་རྩིའི་རང་བཞིན་བསམ། །ལུས་ཀྱི་ལྷ་ལ་སྦྱིན་སྲེག་འབུལ་བར་དམིགས། །ཡི་དམ་སྔགས་ཀྱང་ཡིད་ཀྱིས་བཟླས་ཤིང་བཟའ། །དེ་ནི་ནང་གི་སྦྱིན་སྲེག་ཅེས་བྱ་སྟེ། །སྦྱིན་སྲེག་གོ་ཡང་ཆོད་པར་གསུངས་པ་ཡིན། །ཨ་མྲྀ་ཏེ་ཧཱུཾ་ཕཊ། །བཟླས་པའི་ཆུ་ཡིས་ཆབ་ཀྱང་བླངས་རུང་ཞིང་། །བགེགས་ཀྱི་བར་ཆད་སྲུང་བའི་མཆོག་ཏུ་གསུངས། །དེ་མིན་སྒྲུབ་ཚེ་ཆུ་ཡིས་ཁ་མི་བཤལ། །མཚོན་རྩེ་ཁ་རུ་མི་བཅུག་ལྕེ་མི་ཟ། །མེ་ལ་ཕུ་མི་བྱ་བར་སྦྱད་པ་ཚགས། །སྐུ་དང་སེན་མོའི་རྩེ་ཡང་མི་བྲེག་གསུངས། །གཟུངས་ཆུ་མིན་པའི་ཆུ་ཡིས་ལུས་མི་བཀྲུ། །བྱིན་རླབས་ཚོགས་འཁོར་ལ་སོགས་མ་བྱས་པའི། །ཤ་ཆང་སྒོག་པ་ལ་ཕུག་མི་ཟ་གསུངས། །དེ་ཚོ་ངག་ནུས་ཆེ་བའི་དམ་ཚིག་ལགས། །ངག་ནུས་འདོད་པ་མེད་ན་འགལ་བ་ཆུང་། །ཤ་ཆང་སྒོག་པ་ལ་ཕུག་ལ་


CMR032_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ། །ཚོགས་འཁོར་བྱས་ནས་ཟོས་ན་ཉེས་པ་མེད། །དེ་རྣམས་རྒྱ་གར་ཀུ་ས་ལི་ཡི་ལུགས། །བོད་ཡུལ་སྒོམ་ཆེན་རྣམས་ཀྱི་མཚམས་ཀྱི་ལུགས། །དབང་རྟུལ་དད་པའི་རྗེས་འབྲང་ཞེས་བྱའོ། །དེ་ནས་དབང་རྣོན་ཆོས་ཀྱི་རྗེས་འབྲང་ནི། །མཁས་པ་པཎྜི་ཏ་ཡི་ཉམས་ལེན་ཏེ། །དབང་ལུང་མང་ཐོབ་དེ་རྣམས་ཕྱག་ལེན་ཤེས། །ཐོབ་དང་ཤེས་པ་ཙམ་དུ་མི་བཞག་པར། །གསར་རྙིང་རྒྱུད་སྡེ་ཀུན་ལ་ཉམས་ལེན་བྱེད། །ཉམས་སུ་བླངས་ཙམ་མ་ཡིན་རྟགས་ཐོན་བྱེད། །རྒྱུན་དུ་ཉམས་ལེན་གཅིག་ཏུ་མ་ངེས་ཏེ། །སྒྲུབ་པ་གང་ཡིན་ཕྱག་ལེན་ཐེབས་ངེས་བྱེད། །དེ་ཡང་རབ་འབྲིང་ཐ་མ་གསུམ་ཡིན་ཏེ། །རབ་ནི་ཤེས་རབ་འབྱོར་པ་གཉིས་ཀ་འཛོམ། །སྒྲུབ་པའི་རྫས་དང་སྒྲུབ་གཡོག་ཐབས་མི་ཆག །རྙིང་མ་ཡིན་ན་སྒྲུབ་ཆེན་རྒྱས་པ་ནི། །སྔགས་རྒྱུན་མ་གཏོགས་ཐམས་ཅད་གཞུང་ལྟར་བྱ། །དུས་ནི་བཞིའམ་གསུམ་ནམ་ཉིན་མཚན་གཉིས། །གཞུང་བསྲང་སྒྱུ་དེ་མིན་ཛབ་ཀྱི་བསྙེན་པ་བྱ། །ཧ་ཅང་མི་བསྲིང་ཟླ་བ་གཅིག་ཙམ་སྟེ། །ཕྱི་ཡི་རྒྱལ་ཐོ་སྒོ་བྱང་མི་བསྡུ་བཞག །ནང་གི་དཀྱིལ་འཁོར་བསྡུ་ཆོག་གཞུང་བཞིན་བྱ། །གསར་མ་


CMR032_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་དཀྱིལ་འཁོར་ས་ཐིག་སོགས། །དཀྱིལ་འཁོར་ལས་རིམ་སྒྲུབ་མཆོད་བཞིན་དུ་བྱ། །ཟླ་གཅིག་ཙམ་ལས་བདག་མདུན་བསྙེན་སྒྲུབ་བྱ། །དེ་ནས་མཇུག་ཏུ་བདག་འཇུག་བླང་བར་བྱ། །དེ་ནས་རྗེས་ཆོག་དཀྱིལ་འཁོར་བསྡུ་ཆོག་བྱ། །གསར་མ་རྙིང་མའི་སྒྲུབ་པ་གང་ཡིན་ཀྱང་། །མཇུག་དེར་ལས་བཞིའི་སྦྱིན་སྲེག་རྒྱས་པར་བྱ། །དེ་ཡིས་ལྷག་ཆད་ཁ་བསྐང་དངོས་གྲུབ་འབྱུང་། །དེ་ནས་ཞག་བདུན་ཙམ་ལ་སྤྲོས་མེད་བྱ། །ལུས་དཀྱིལ་བསྒོམ་ལ་རྩ་རླུང་འཁྲུལ་འཁོར་སྦྱང་། །དེ་ནས་ཞག་བདུན་ཙམ་ལ་ངལ་བསོ་ཚུལ། །ཤིན་ཏུ་སྤྲོས་མེད་སེམས་ངོ་ཁོ་ན་སྐྱོང་། །དེ་ཡིས་རྙིང་ལུགས་ཡོ་ག་རྣམ་གསུམ་དང་། །གསར་མའི་ལུགས་ཀྱི་སྤྲོས་བཅས་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་མེད་བསྐྱེད་རྫོགས་ཉམས་ལེན་ཚང་། །སྐབས་དེར་བསྔོ་བ་སྨོན་ལམ་རྒྱ་ཆེར་བྱ། །དེ་ནས་ཡང་ནི་དཀྱིལ་འཁོར་གཞན་ཞིག་ལ། །སྔ་མ་བཞིན་དུ་ཐམས་ཅད་རྫོགས་པར་བྱ། །དེ་བཞིན་ཡི་དམ་ཆོས་སྐྱོང་མཐོ་ཐོག་ལ། །བསྐྱེད་རྫོགས་སྒྲུབ་པ་ཉམས་ལེན་ལག་ཏུ་ལེན། །རྒྱུད་སྡེ་ཆེན་པོ་ཀུན་གྱི་བསྙེན་སྒྲུབ་ཐེམ། །རྫོགས་རིམ་ཟབ་མོའི་ཁྲིད་ཀུན་ཞོར་ལ་རྫོགས། །ཤི་


CMR032_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འགྱོད་མེད་སྐལ་པ་བཟང་པོ་ཡིན། །མ་ཤི་མ་འོངས་སློབ་མ་བྱུང་ན་ཡང་། །སྒྲུབ་པ་ཕྱག་ལེན་བྱིན་བརླབས་བརྒྱུད་པར་ལྡན། །སྒྲུབ་པའི་བསྟན་ལ་ཕན་པ་ཆེན་པོ་ཡིན། །འབྲིང་ནི་སྒྲུབ་ཆེན་རྫས་དང་ཡོ་བྱད་དཀོན། །རས་བྲིས་ཚོམ་བུ་བུམ་པ་གཏོར་མ་སོགས། །སྒྲུབ་ཕྲན་སོ་སོའི་གཞུང་ནས་འབྱུང་བ་ལྟར། །སྒྲུབ་ཆེན་གྱི་ནི་ཁ་སབ་མི་བྱེད་པར། །ལས་བྱང་སྒྲུབ་གཞུང་གཉིས་པོ་རྐྱང་པར་བྱེད། །གསར་མ་ཡིན་ན་བདག་བསྐྱེད་ཁ་རྐྱང་ལ། །ཐུན་བཟུང་བསྙེན་པ་བྱ་བ་མ་གཏོགས་པ། །ཡི་དམ་རིགས་ལ་དཀྱིལ་འཁོར་མི་དགོས་སོ། །སྒྲུབ་པ་རྫོགས་ནས་སྤྲོས་མེད་ལ་སོགས་ཀྱི། །ཉམས་ལེན་བྱ་ཚུལ་གོང་དང་མཚུངས་པ་ཡིན། །ཐ་མ་དབང་ལུང་མན་ངག་ཀུན་ཐོབ་ཀྱང་། །བློ་སྣ་མི་མང་གཅིག་ལ་དྲིལ་འདོད་པས། །སྣ་མང་མི་བསྒྲུབ་སྒྲུབ་པ་གཅིག་ལ་འབད། །ལྷ་གཅིག་སྔགས་གཅིག་སྒྲུབ་ཐབས་གཅིག་གྱུར་ཀྱང་། །སྒྲུབ་པ་གཅིག་ལ་ཟླ་གཅིག་ཕན་མི་བསྲིང་། །དེ་ཉིད་རྫོགས་བཅུག་སྦྱིན་སྲེག་བསྔོ་སྨོན་བྱ། །སླར་ཡང་སྤྲོས་མེད་བྱེད་ཚུལ་གོང་དང་འདྲ། །དེ་ནས་སྤྲོས་བཅས་སྤྲོས་མེད་སྒྲུབ་པ་དེ། །ལན་གྲངས་དུ་མར་


CMR032_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཝིག་ནས་བསྒྲུབ་པ་སྟེ། །ཇི་ལྟར་སྐལ་པ་མེད་པའི་མི་ཡིན་ཀྱང་། །ལན་བདུན་ལན་དགུ་ལ་སོགས་ཝིག་གྱུར་ན། །མི་འགྲུབ་མི་སྲིད་གསུངས་པའི་གནད་ཡིན་ཏེ། །དེ་ལ་སྤོགས་པའི་ཆོ་ག་ཞེས་བྱའོ། །སྒྲུབ་པ་གཅིག་ལ་ཡུན་རིང་བསྲིང་གྱུར་ན། །ལུས་ངག་ཡིད་གསུམ་ཇེ་ལྷོད་བཏང་སྙོམ་འགྱུར། །རྟགས་ཀྱང་མི་གསལ་བགེགས་ཀྱང་འཇུག་ཉན་ཆེ། །བསྙེན་སྒྲུབ་དལ་དྲག་ཡུན་ཐུང་བྱས་པ་ཡིས། །སུན་པར་མི་འགྱུར་སྤྲོ་བ་འཕེལ་བར་འགྱུར། །སྤྲོས་བཅས་སྤྲོས་མེད་རེས་མོས་བྱས་པ་ཡིས། །གཅིག་བོགས་གཅིག་གིས་ཐོན་ཏེ་ཉམས་རྟོགས་འཕེལ། །དེ་རྣམས་ཆོས་ཀྱི་རྗེས་འབྲང་མཁས་པའི་ལུགས། །དེ་ལྟར་མཚམས་ནི་བྱེད་པའི་དུས་དག་ཏུ། །སྒྲུབ་ཆེན་ཡིན་ན་རྒྱལ་ཐོ་ཕན་ཆད་དང་། །སྒྲུབ་ཕྲན་ཡིན་ན་དྲིལ་བུའི་སྐད་ཐོས་ཕན། །སོང་ན་བར་ཆད་འོང་བས་ཤིན་ཏུ་འཛེམ། །སྒྲུབ་ཆེན་སྒྲུབ་ཕྲན་སོང་བའི་བར་སྐབས་སམ། །རྫོགས་རིམ་སྤྲོས་མེད་སྒོམ་པའི་དུས་དག་གམ། །སྒྲུབ་རྫས་དཀྱིལ་འཁོར་ལ་སོགས་མེད་པ་ཡི། །བདག་བསྐྱེད་ཁོ་ན་བསྙེན་པའི་དུས་སྐབས་སུ། །ཕ་མ་མཆེད་གྲོགས་ཡོན་བདག་ལ་སོགས་པ། །ནའམ་ཤི་འམ་


CMR032_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྲོ་ཀ་མེད་ན། །མུན་རུབ་འགྲོ་ནས་ཐོ་རངས་ཚུར་འཁོར་བ། །དེ་འདྲ་བྱེད་པའི་ཕྱག་སྲོལ་སྔར་ནས་གདའ། །དེ་ཚེ་ཕྱི་རྒྱབ་མི་ལ་མི་གཏུགས་ཤིང་། །ངག་མཚམས་ཡིན་ན་ཁོ་རང་དེ་མ་གཏོགས། །གཞན་ལ་ངག་ནི་བསྲེ་བར་མི་བྱ་སྟེ། །འགྲོ་ཁ་རང་གི་ཉལ་ས་མལ་གོས་ནང་། །དཔེ་ཆ་སྐུ་འདྲ་རང་གི་ཕྲེང་བ་བཞག །སྒྲུབ་ཁང་བདག་བསྐྱེད་གཞལ་ཡས་ཁང་དུ་བསྒོམ། །གོས་དང་མལ་ས་བདག་བསྐྱེད་གཙོ་བོར་བསྒོམ། །དེ་ཉིད་མི་བསྡུ་རྟག་ཏུ་བཞུགས་པར་དམིགས། །དེ་ཡང་རང་ཉིད་ཡིན་པའི་ང་རྒྱལ་བསྐྱེད། །དེ་ཡི་ཐུགས་ལས་སྤྲུལ་པའི་གཙོ་རྐྱང་གཅིག་།ཡིན་པར་བསྒོམ་ནས་རང་ཉིད་འགྲོ་བ་ཡིན། །དབང་དང་བྱིན་རླབས་འཕོ་འདེབས་གང་དགོས་རུང་། །ཚུར་ལ་འཁོར་ནས་སྒྲུབ་ཁང་དཀྱིལ་འཁོར་གྱི། །སྒོ་ནས་ཞུགས་ཏེ་ཉལ་སར་འདུག་པའི་དུས། །བདག་བསྐྱེད་གཙོ་བོའི་ཐུགས་ཀར་བདག་ཞུགས་ནས། །དབྱེར་མེད་གྱུར་དམིགས་སྒྱུ་ཡི་དམ་ལྷ་སྔགས་ཤམ། །ཡིག་བརྒྱ་སྦྱར་ལ་དེ་ནུབ་ཅུང་ཟད་བཟླ། །ཕྱི་ནང་བསྐང་བ་རྒྱས་པ་ཞིག་འདོན་ནོ། །ལར་ནི་བསྙེན་སྒྲུབ་བྱེད་པའི་མཚམས་ལ་ནི། །ཚུར་ལ་མི་ཡིས་


CMR032_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ན་བུག་པ་ཟེར། །ཕར་ལ་མཐོང་ན་རལ་བ་ཞེས་བྱའོ། །ཕར་ལ་མཐོང་བ་ཐུ་བ་ཡིན་ནོ་ཟེར། །ངག་མཚམས་དམ་ན་རྡུལ་བྱུང་མ་གཏོགས་པ། །ངག་གཏམ་ཡང་ནི་མི་བྱ་མཆོག་ཏུ་ཤིས། །མཚམས་གཡོག་ཡི་གེ་མི་ཤེས་ངག་གཏམ་བྱ། །ཁ་ནས་རླངས་པ་ཤོར་བར་མ་གྱུར་ན། །ཚིག་འབྲུ་གསལ་ཡང་ངག་མཚམས་གོ་ཆོད་གསུངས། །མཚམས་གཡོག་དེ་ཡིས་ངག་གཏམ་མི་གོ་ན། །ཕྱེད་ངག་ཅེས་བྱ་སོ་ནི་བསྒྲིགས་ནས་གཏམ། །དེས་ཀྱང་ངག་བཅད་ཕྱོགས་གཏོགས་གོ་ཆོད་རྩི། །སྤྱིར་ནི་བསྙེན་སྒྲུབ་གཙོ་བོར་སྟོན་པ་ན། །མི་ཚིག་བར་མ་ཆོད་པར་བཟླ་གསུངས་པས། །བསྙེན་པའི་གྲངས་ཚད་ངག་བཅད་བསྙེན་པ་ཡིན། །ངག་མ་ཆོད་ན་དེ་ཡི་སུམ་འགྱུར་དགོས། །དེ་ཕྱིར་རྙིང་ལུགས་ངག་ནི་འཁོར་ཡུག་གཅོད། །གསར་མར་ཐུན་མཚམས་ངག་ནི་བཏང་བྱ་སྟེ། །ཆག་མེད་ཐུགས་དམ་རིམ་པ་གཞན་རྣམས་དང་། །ཞལ་བསྒོས་ལ་སོགས་གང་དགོས་བྱེད་སྲོལ་སྣང་། །རྫོགས་རིམ་རྩ་རླུང་སེམས་ངོ་སྐྱོང་སོགས་ཀྱི། །མཚམས་ནི་དམ་ཡང་ངག་གཅོད་དགོས་པ་མིན། །དེ་ནས་མཚམས་ཀྱི་དམ་བཅའ་རྫོགས་པ་དང་། །འཛོམ་ན་སྦྱིན་


CMR032_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་ལས་བཞི་རྒྱས་པར་བླུགས། །རྒྱལ་ཐོ་སྒོ་བྱང་དམ་ཡིག་ཡོད་ན་བསྡུ། །བསྔོ་བ་སྨོན་ལམ་བཀྲ་ཤིས་རྒྱས་པར་བྱ། །མི་རྣམས་ངོ་གཏུགས་རབ་ནི་ཞག་བདུན་དང་། །འབྲིང་ལ་ཞག་ལྔ་ཐ་མ་གསུམ་མམ་གཅིག །ཐག་རིང་མི་འགྲོ་གནས་སྲུང་ཚུལ་དུ་འདུག །དེ་ནས་རང་གཞན་དོན་དུ་གར་དགོས་འགྲོ། །དེ་ཡིས་མཚམས་ཀྱི་ཞལ་གདམས་ཧྲག་བསྡུས་ཚང་། །ཞིབ་པར་གོལ་ས་གཅོད་དང་གེགས་སེལ་དང་། །བོགས་འདོན་རྟགས་ཡིག་སྤྱི་ལྟར་རིམ་གྱིས་བཤད། །དེ་སྐད་ཤིང་སྦྲུལ་གླང་ཟླའི་ཡར་ཚེས་ཚུ་ལ། །བླ་མ་བརྩོན་འགྲུས་རྒྱ་མཚོས་བསྐུལ་བའི་ཕྱིར། །རཱ་ག་ཨ་སྱས་ཐུན་མཚམས་གསུམ་ལ་སྨྲས། །ཡི་གེ་པའང་བཱིརྱ་སཱ་ག་ར། །བློ་ཆུང་འགའ་ལ་ཕན་ཐོགས་རྒྱ་ཆེར་ཤོག །ལེའུ་བཅུ་དྲུག་པའོ་མངྒ་ལཾ།། །།


previousལེའུ་བཅུ་དྲུག་པ། བློ་ཆུང་རྨོངས་པས་ཉམས་ལེན་བདེ་བའི་ཕྱིར། །མཚམས་ཀྱི་ཞལ་གདམས་ཐར་ལམ་དཀར་པོ་ཡོད། །next