Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་བདུན་པ། ཚོགས་རྫོགས་ནད་གདོན་ལམ་དུ་སློང་བའི་ཕྱིར། །ལུས་སྦྱིན་བདག་འཛིན་གཅོད་པའི་སྟ་རེ་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་བཅུ་བདུན་པ། ཚོགས་རྫོགས་ནད་གདོན་ལམ་དུ་སློང་བའི་ཕྱིར། །ལུས་སྦྱིན་བདག་འཛིན་གཅོད་པའི་སྟ་རེ་ཡོད། །next

ལེའུ་བཅུ་བདུན་པ། ཚོགས་རྫོགས་ནད་གདོན་ལམ་དུ་སློང་བའི་ཕྱིར། །ལུས་སྦྱིན་བདག་འཛིན་གཅོད་པའི་སྟ་རེ་ཡོད། །


CMR032_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

༼ཙ༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། ཉལ་ཁ་ཀུ་ས་ལི་ཡི་ཚོགས་སོགས་བདག་འཛིན་གཅོད་པའི་སྟ་སྒྱུ་རེ་བཞུགས་སོ། །ན་མོ་པྲཛྙཱ་པ་ར་མི་ཏ་ཡེ། མཚོ་རྒྱལ་སྤྲུལ་པ་རྟོག་ཚོགས་གཏད་མེད་གཅོད། །ལབ་ཀྱི་སྒྲོན་མའི་ཞབས་ལ་ཕྱག་འཚལ་ནས། །ལུས་སྦྱིན་ཀུ་ས་ལི་ཡི་


CMR032_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གསོག་བྲི། །གནས་གསུམ་ཌཱཀྐིས་བཀའ་གནང་བྱིན་གྱིས་རློབས། །སྙིང་རྗེའི་དབང་གིས་ས་ཐོབ་སེམས་དཔའ་རྣམས། །སྙིང་རྗེའི་དབང་གིས་རང་ལུས་དངོས་སུ་བཏང་། དཔེར་ན་སྟག་མོར་ལུས་སྦྱིན་ལྟ་བུ་ཡིན། །ས་ཐོབ་མིན་ན་དངོས་སུ་བཏང་མི་ནུས། །ནུས་ཀྱང་མི་རུང་གེགས་སུ་འགྲོ་བར་གསུངས། །དགེ་སྡིག་གང་ཡང་བསམ་པ་གཙོ་ཆེ་བས། །ཡིད་ཀྱིས་སྦྱིན་པར་བསྒོམ་པས་བསོད་ནམས་ཐོབ། །སྦྱིན་པའི་ནང་ནས་ལུས་སྦྱིན་མཆོག་ཡིན་ཏེ། །ལུས་སྲོག་གཉིས་ལས་འཕངས་པའི་ནོར་གཞན་མེད། །གཅོད་ལུགས་ཁོ་ན་ཉམས་སུ་ལེན་པ་ནི། །བདག་འཛིན་བློས་བཏང་གཅོད་དམིགས་ཁོ་ནས་འཐུས། །དེ་ནི་གཙོ་ཆེར་མདོ་ཡི་དགོངས་པ་སྟེ། །རང་ལུས་མི་གཙང་ཤ་ཁྲག་ཕུང་པོ་ཡིན། །འདི་ནི་གཙོ་ཆེར་ལྷ་བསྒོམ་སྔགས་བཟླས་ཤིང་། །ནུབ་མོ་ཉལ་ཁ་གཅོད་དམིགས་བསྒོམ་པའི་ཚེ། །རང་ལུས་ཕུང་ཁམས་ལྷ་ཡི་དཀྱིལ་འཁོར་དུ། །ཡིན་པར་ངོ་སྤྲོད་གསལ་བཏབ་ཡེ་ཤེས་བསྟིམ། །དེ་ཉིད་གཏུབས་ནས་སྦྱིན་པ་མི་འགལ་གནད། །ཐ་མལ་ལུས་དབུས་དབུ་མའི་རྩ་ཡི་ནང་། །རང་གི་རྣམ་ཤེས་ཐིག་ལེ་དཀར་པོ་དེ། །ལུས་ལྷ་


CMR032_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལྷ་ཚེ་དང་བསོད་ནམས་དང་། །བསྙེན་སྒྲུབ་བྱས་པའི་བྱིན་རླབས་ནུས་མཐུ་རྣམས། །གཅིག་ཏུ་འདུས་པའི་ངོ་བོར་དམིགས་བྱས་ཏེ། །དབུ་མའི་ལམ་ནས་སྤྱི་བོར་རྒྱངས་སེ་འཕོས། །དེ་ཉིད་རྡོ་རྗེ་ཕག་མོའི་སྐུར་གྱུར་ཏེ། །གྲི་གུག་ཚད་པས་ཐོད་པ་སྒར་གྱིས་འཕར། །བྷནྡྷའི་སྣོད་ཆེན་སྟོང་གསུམ་མཉམ་པར་གྱུར། །དེ་ནང་གྲི་གུག་རྩེ་ཡིས་བེམ་རོ་འཕངས། །དེ་ལ་གྲི་གུག་ཚད་ཙམ་བྱས་པ་ཡིས། །ཤ་ཁྲག་དམར་སྟིམ་བྷན་ལྡེམས་སེ་གང་། །ཨོ་ཨཱ༔ཧཱུྃ་གསུམ་བརྗོད་པའི་བྱིན་རླབས་ཀྱིས། །ཡེ་ཤེས་བདུད་ཧཱུཾ། རྩི་དཀར་ལ་དམར་མདངས་ཆགས། །རོ་བརྒྱ་ནུས་པ་སྟོང་དང་ལྡན་པར་བསམ། །མགྲོན་བསྡུས་དབང་སྡུད་དམིགས་པ་མི་བྱ་བར། །མགྲོན་རིགས་ཐམས་ཅད་དྲན་རྫོགས་དམིགས་བྱས་ཏེ། །རང་ལས་སྤྲུལ་པའི་མཁའ་འགྲོ་གྲངས་མེད་ཀྱིས། །བྷན་དྷའི་སྐྱོགས་ཀྱིས་བདུད་རྩི་དེ་ལས་བཅུས། །ནམ་མཁའི་དབྱིངས་སུ་རྩ་བརྒྱུད་བླ་མ་མཆོད། །དེ་སྒྱུ་འོག་ཡི་དམ་དེ་འོག་མཁའ་འགྲོ་མཆོད། །དེ་འོག་ཆོས་སྐྱོང་དེ་འོག་འཇིག་རྟེན་སྐྱོང་། །ས་སྟེང་ས་འོག་གནོད་བྱེད་གདོན་གྱི་ཚོགས། །རིགས་དྲུག་སེམས་ཅན་རང་རང་གར་ཡོད་


CMR032_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སར། །སྤྲུལ་པའི་མཁའ་འགྲོས་སོ་སོར་ཚིམ་པར་མཆོད། །དེ་ནི་ཀུ་ས་ལི་ཡི་ཚོགས་གསོག་སྟེ། །རང་ལུས་ཚོགས་མཆོད་འབུལ་བ་སྔགས་ཀྱི་ལུགས། །ཁྲ་འགྱེད་ཅེས་བྱ་ལུས་ཚོགས་བསྡུས་པའང་ཡིན། །ཆོས་སྐྱོང་དྲག་པོ་སྒྲུབ་པས་མ་ནོན་ཚེ། །མགྲོན་གྱི་གཙོ་བོར་ཆོས་སྐྱོང་དེ་དམིགས་ནས། །དེ་ལྟར་བསྒོམས་པས་ཆོས་སྐྱོང་གནད་ལ་ཕེབས། །འཁུ་ལྡོག་ཞི་བར་གུ་རུ་པདྨ་ཡིས། །མ་ནིང་སྒྲུབ་པའི་གཞུང་ལས་གསུངས་པ་ཡིན། །གོང་གི་དམིགས་པའི་རྗེས་སུ་རྣམ་ཤེས་ནི། །སྤར་ཝིག་བྱས་ན་ལེགས་ཤིང་མ་བྱས་ཀྱང་། །གོང་གི་བདུད་རྩིའི་ལྷག་མ་དེ་ཉིད་ནི། །ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་བསམ། །དེ་ཡང་སྦེ་སྣུམ་རླངས་པ་མ་ཡོལ་བར། །ཕྱི་ཤ་གཟུགས་དྲུག་ནང་ཆེ་བུ་དགུ་རྣམས་། །རེ་རེ་ལའང་བརྒྱ་སྟོང་གྲངས་མེད་འཕྲོ། །གང་ལ་གང་འདོད་ལྷ་འདྲེས་ཟོས་ཁྱེར་བསྒོམ། །ལྷག་མ་ཉལ་ཉིལ་དབང་ཆུང་རྣམས་ཀྱིས་ཐོབ། །དེ་ནི་དམར་འགྱེད་ཞེས་བྱ་མདོ་ཡི་ལུགས། །རྣམ་ཤེས་སྤར་རམ་དེ་ཡི་ལྷག་མ་ལ། །དཀར་གསུམ་མངར་གསུམ་བདུད་རྩིས་འཇིག་རྟེན་གང་། །དམར་ལ་མི་དགྱེས་ལྷ་འདྲེ་ཐམས་ཅད་ཚིམ། །ཕུད་


CMR032_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སངས་རྒྱས་བྱང་སེམས་བྱ་སྤྱོད་ལྷ། །ལྷག་མས་གདོན་བགེགས་རིགས་དྲུག་བར་དོ་ཚིམ། །དེ་ནི་དཀར་འགྱེད་རྩ་བ་མདོར་བསྡུས་ཡིན། །འདི་ལ་ཕཊ་སྒྲ་མ་གཏོགས་འདོན་མི་དགོས། །རྣམ་ཤེས་སྤར་བ་གོང་དང་མཐུན་པ་ལ། །གནོད་བྱེད་ལུས་གདོན་ནད་བདག་ཕུང་པོར་བསྟིམ། །རང་གི་ཐུགས་ལས་སྤྲོས་པའི་ཌཱ་ཀི་ནི། །བྱ་རྒོད་ཁྱུང་དང་ཁྭ་ཏ་འུག་པའི་གདོང་། །ཕག་ཁྱི་ལྕེ་སྤྱང་སྟག་གི་གདོང་ཅན་ཚོགས། །བྷནྡྷའི་སྐྱོགས་ཀྱིས་བདུད་རྩིའི་རྒྱ་མཚོར་བཅས། །ནམ་མཁའི་དབྱིངས་སུ་རྒྱ་བོད་གྲུབ་ཐོབ་མཆོད། །དེ་འོག་འཁོར་ལོ་སྡོམ་པའི་ལྷ་ཚོགས་མཆོད། །དེ་འོག་དཔལ་ལྡན་མགོན་པོ་ཕྱག་བཞི་པ། །སྐུ་ལྔ་མགོན་པོ་ཡབ་ཡུམ་འཁོར་གྱི་ཚོགས། །ནག་པོ་སྟོང་ཚོགས་ཤ་ཟ་འབུམ་སྡེ་དང་། །མ་མོ་བྱེ་བ་གནོད་སྦྱིན་ཁྲི་ཡི་ཚོགས། །ཁྲབ་ཆེན་བྱེ་བ་དུང་ཕྱུར་ཐམས་ཅད་མཆོད། །དེ་ནས་ལན་ཆགས་གདོན་བགེགས་རིགས་དྲུག་མཆོད། །འདི་ནི་མགོན་པོའི་རྟེན་གཏོར་བཅས་པའི་དུས། །ཟླ་ཤས་རྒྱུན་བསྙེན་བྱས་པའི་རྨི་ལམ་དུ། །འདི་ལྟར་བསྒོམ་པས་འཆི་ངེས་ནད་པ་ཡང་། །ལོ་ནི་བཅུ་གཉིས་ཚེ་བསྲིང་ནུས་ཞེས་


CMR032_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །འཁྲུལ་བའི་རྨི་ལམ་བདེན་པ་མ་མཆིས་ཀྱང་། །དྲུང་ཆེན་མཁའ་སྤྱོད་པ་ཡིས་མཛད་པ་ཡི། །མགོན་པོའི་ཚོགས་སྐབས་ནད་པར་བསྟབ་པ་ཡི། །དམིགས་རིམ་ཡི་གེ་མེད་པའི་སྙན་བརྒྱུད་ཞིག །རང་གི་ཕ་མེས་བརྒྱུད་ལ་ཡོད་དང་མཐུན། །བསྒོམ་པས་གཞན་ལ་ཕན་ཐོགས་མྱོང་བས་གྲུབ། །འདིར་ནི་དོན་བསྡུས་ཉུང་ངུ་ཚིག་གིས་བཀོད། །དེ་མིན་གོང་གི་དམིགས་རིམ་ཚན་གསུམ་པོ། །གར་ཕྱིན་གར་འགྲོ་རྣམས་སུ་བསྒོམསབྱས་པས། །གཉན་ཐོག་བརྒྱ་རྩ་དོན་གྱིས་ཆོད་འགྱུར་ཞིང་། །དང་པོ་དབང་སྡུད་དམིགས་པ་མ་བྱས་པས། །ཚར་ཚད་སློང་ཚད་བསྒུགས་ནས་སྡོད་མི་དགོས། །རྗེས་གཅོད་དམིགས་པ་མི་དགོས་འགྲོ་བས་ཆོག །དེ་སྐད་གཅོད་མཁན་སློབ་དཔོན་རྣམས་ཀྱིས་གསུངས། །དེ་ཡི་མིང་ལ་གཉན་འབྲེལ་ཞེས་སུ་གྲགས། །ངེས་པ་མེད་པས་ཚར་སློང་རིམ་གྱིས་འབྱུང་། །བར་ཆད་སེལ་ཞིང་ཉམས་རྟོགས་འཕེལ་བའི་མཆོག །རང་ཉིད་གློ་བུར་ནད་ཀྱིས་བཏབ་གྱུར་ཏེ། །ཆོ་ག་ཆོས་སྤྱོད་འདོན་པར་མི་ནུས་སྐབས། །དམིགས་པ་དེ་དག་ཡིད་ཀྱིས་བརྒྱ་ཚར་བསྒོམ། །འདོན་པ་མི་དགོས་གྲེ་ཁུང་ཕཊ་བརྗོད་ཙམ། །ཞག་རེ་ཙམ་


CMR032_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཕྲལ་དུ་བདེ་བ་ནི། །ལན་གྲངས་དུ་མར་མྱོང་བས་གྲུབ་པ་ཡིན། །ནད་པ་གཞན་ལ་དམིགས་པ་བྱེད་པའི་ཚེ། །བདག་ལུས་གཞན་ལུས་བསྲེ་ནས་རྣམ་ཤེས་སྤར། །དེ་ནི་ཕན་ཐོགས་ཆེ་སྟེ་རང་ལ་གནོད། །རང་ཉིད་ལུས་པོ་མི་བདེ་མྱོང་བས་གྲུབ། །སོ་སོར་སྤར་ནས་རྣམ་ཤེས་གཉིས་བསྲེ་འབྲིང་། །སོ་སོར་སྤར་ཞིང་སོ་སོར་མཆོད་སྦྱིན་གྱིས། །རང་ལ་གནོད་པ་མེད་པ་མྱོང་བས་གྲུབ། །རང་ལ་ཉམས་རྟོགས་ཡོད་མེད་དེ་དང་བསྟུན། །གློ་བུར་དག་ཏུ་སེར་བས་བྲབ་བྱུང་ན། །ས་རྡོ་རི་བྲག་ཕག་མོ་དམར་མོར་བསྒོམ། །སྐུ་ལས་མེ་འབར་སེར་བ་སེར་སྤྲིན་བསྲེག །སྣང་སྲིད་ཐམས་ཅད་མེ་རུ་འབར་བར་བསྒོམ། །མ་ཐུབ་གནམ་ས་གཉིས་པོ་སྟེང་འོག་བརྗེ། །ས་གཞི་གདུགས་ཕུབས་རི་རྣམས་རྩེ་ཐུར་བསྟན། །ཉི་ཟླ་སྐར་གསུམ་འོག་ནས་ཡར་འཆར་བསམ། །དམིགས་པ་གསལ་ན་མི་ཐུབ་སྲིད་མི་འགྱུར། །ཐོག་སྲུང་རང་གི་སྤྱི་བོའི་ནམ་མཁའ་ལ། །གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་ཡི། །ལྟེ་བར་ཤཱཀ་ཐུབ་རྩིབས་སྟོང་སངས་རྒྱས་སྟོང་། །དེ་ནི་སྟེང་ཐོག་སྲུང་བའི་དམིགས་པ་ཟབ། །རང་གི་རྐང་འོག་གཡུ་ཡི་


CMR032_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གྲོད་པ་ཞིག །ནེམ་ནེམ་མནན་པར་དམིགས་པས་འོག་ཐོག་སྲུང་། །ཕྱོགས་མཚམས་རྡོ་ར་ཁྲོ་བོ་མེ་རིའི་གུར། །བསྒོམས་པས་བར་ཐོག་སྲུང་བར་འགྱུར་བ་ཡིན། །ནི་ནཱ་ག་ཛ་མུན་ཏི་ཨཱ། །ཨོ་རྒྱན་རྗེ་དང་རང་བྱུང་རྡོ་རྗེའི་ལུགས། །དྲན་ཆོག་ཐོག་སྔགས་ལན་བདུན་བརྗོད་པས་ཐུབ། །ཤོག་སྔོན་གསེར་གྱིས་བྲིས་ལ་སྔགས་དེས་སྔགས། །སྦྲ་གུར་ཁང་པ་མི་སོགས་བཏགས་པས་ཐུབ། །སྒར་སོགས་རྣམ་གཡེང་མི་ཁོམ་པ་ཡི་སྐབས། །ཧ་ཅང་གལ་ཆེན་མིན་པའི་ཆར་ཞུས་བྱུང་། །ཀླུ་སྨན་སྔགས་པ་མཚོ་དང་ཆུ་མིག་བསྐུར། །དཀར་གཏོར་བསྔོས་ཤིང་དཀོན་མཆོག་བདེན་སྟོབས་བརྗོད། །ཀླུ་དང་ཡུལ་ལྷ་ཆར་འབེབས་ཕྲིན་ལས་བཅོལ། །དངོས་གཞི་གོང་ལྟར་ལུས་སྦྱིན་དམིགས་པའི་རྗེས། །རང་གི་པགས་པས་འཛམ་གླིང་ཁྱབ་པའི་སྟེང་། །ཀླུ་དང་གཞི་བདག་ཆར་ལ་དབང་བ་ཀུན། །ཁྲོམ་ཚོགས་བཞིན་དུ་ཕག་མོའི་འོད་ཀྱིས་བསྡུས། །དེ་ལ་དཀར་འགྱེད་དམར་འགྱེད་ལན་མང་བྱས། །ཕག་མོས་ཟིལ་མནན་ཆར་པའི་ལས་ལ་བསྐུལ། །ཀླུ་དང་ས་བདག་ལྷ་འདྲེ་ཐམས་ཅད་ཀྱི། །བུ་ག་དགུ་ནས་ཆར་ཞོད་ན་བུན་འཕྱུར། །འཇིག་རྟེན་ཐམས་ཅད་ཆུ་


CMR032_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རང་བཞིན་བསམ། །ཞག་གསུམ་མི་འགོར་མྱུར་དུ་འབབ་པར་བཤད། །དེ་འདྲ་ལན་མང་མྱོང་བས་གྲུབ་པ་ཡིན། །ཆར་དམིགས་མང་ཡང་འདི་ཉིད་ཁོ་ན་ཟབ། །ཆར་བཀག་དམིགས་པའི་རྩ་བ་དེ་ཉིད་ལ། །ཕག་མོས་ཟིལ་མནན་ཆར་བཀག་ལས་ལ་བསྐུལ། །སྣང་སྲིད་ལྷ་འདྲེ་གཞི་བདག་ཐམས་ཅད་ཀྱི། །བུ་ག་དགུ་ནས་མེ་དཔུང་འུ་རུ་རུ། །གནམ་ས་མེ་འབར་སྤྲིན་དང་ཆར་བསྲེག་བསམ། །གོང་གི་ལུས་སྦྱིན་དམིགས་རིམ་གསུམ་གྱི་རྗེས། །མགྲོན་རིགས་ཐམས་ཅད་སེམས་ཀྱིས་བྱས་པ་བས། །བཀུག་ཀྱང་མ་བཀུག་འོང་བ་མེད་པའི་ཕྱིར། །གཤེགས་གསོལ་མི་དགོས་མི་དམིགས་ངང་ལ་བཞག །ནད་པ་ཡིན་ན་རང་དང་ནད་པ་གདོན། །གསུམ་ཀ་གཅིག་བསྲེས་ནམ་མཁའ་གཅིག་ཏུ་བསྲེས། །ནམ་མཁས་གར་ཁྱབ་སེམས་ཀྱིས་ཁྱབ་པ་དང་། །སེམས་ཀྱིས་གར་ཁྱབ་ཆོས་སྐུས་ཁྱབ་པ་ཡི། །ལྟ་བའི་གདེང་བྱས་ཉམས་ལེན་ངང་ལ་བཞག །དེ་ནི་བཀའ་བརྒྱུད་ལུགས་ཀྱི་བསྲེ་བ་སྟེ། །བསྲེ་བ་ཞུ་ཞེས་ཟེར་མཁན་མང་སྲོལ་ཡོད། །རང་གི་འོག་རྟ་གྲྭ་ཁལ་གོད་དོགས་ན། །དུད་འགྲོ་ཤ་མེད་ཀེང་རུས་སྐམ་པོ་ལ། །བུ་ག་


CMR032_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ནས་མེ་སྟག་འཕྲོ་བར་དམིགས། །དེ་ལ་ལྷ་འདྲེས་མི་འཚེ་སྲུང་བའི་མཆོག །ནད་པ་ལ་སོགས་བྱིན་རླབས་བྱེད་པའི་ཚེ། །རང་ཉིད་སྐད་ཅིག་དམ་པ་རྒྱ་གར་གསལ། །སྐུ་དང་ཕྱག་ལས་ཡེ་ཤེས་མེ་མཆེད་པས། །ནད་པའི་ལུས་དང་ནད་དང་གདོན་ཀུན་བསྲེག །སྟོང་པར་གྱུར་རྗེས་ཁོ་ལ་རིག་པ་གཏད། །ཉམས་ལེན་སྐྱོང་བ་གཅོད་ཀྱི་བྱིན་རླབས་ཡིན། །དེ་ལྟར་ཀུ་ས་ལི་ཡི་ཚོགས་གསོག་འདི། །བསོད་ནམས་ཚོགས་ཆེན་རྫོགས་པའི་ཐབས་ཟབ་ཅིང་། །རི་ཁྲོད་གསར་པ་གཉན་ས་ལ་སོགས་སུ། །འདི་ཉིད་མེད་ན་ལྷ་འདྲེས་སྡོད་མི་བཅུག །ཏིང་འཛིན་དྲོད་ཉུལ་ཉམས་ཚད་ཆོ་འཕྲུལ་སྟོན། །འདི་ཡོད་ས་ནོན་ལྷ་འདྲེའི་སྟོངས་གྲོགས་བྱེད། །ནད་གདོན་ཆོ་འཕྲུལ་བྱུང་ཡང་གྲོགས་སུ་འགྲོ། །རི་༈ ཁྲོད་འགྲིམ་ལ་འདི་ཉིད་མེད་ཐབས་མེད། །དེ་ཕྱིར་རི་ཆོས་འདི་ཡི་རྒྱབ་ཆོས་སུ། །ཀུ་ས་ལི་ཡི་རྣལ་འབྱོར་ཨ་རཱ་གས། །རྟ་ལོ་ཐ་སྐར་ཟླ་བའི་ཚེས་བཞི་ཡི། །གུང་གི་ཐུན་ལ་ཇི་ལྟར་སྨྲས་པ་རྣམས། །གཅིག་པུར་སྡོད་འདོད་ཆེ་བའི་བརྩོན་འགྲུས་ཀྱིས། །མི་སྐབས་སེམས་རྩ་བྲེལ་ཡང་འབད་ནས་བྲིས། །ཕྱི་རབས་རི་ཁྲོད་འགྲིམ་པའི་ཉམ་ཆུང་འགར། །


CMR032_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གི་ནོར་མཆོག་འདི་འདྲ་བཞག་ཡོད་དོ། །ཀུ་སུ་ལུ་ཞེས་བྱ་བ་མ་དག་སྟེ། །རྒྱ་གར་སྐད་དུ་ཀུ་ས་ལི་ཞེས་བྱ། །བོད་ཀྱི་སྐད་དུ་འདུ་ཤེས་གསུམ་པ་ཟེར། །བཟའ་བཏུང་འདུ་ཤེས་ཆུ་གཅིན་འདོར་བ་དང་། །གཉིད་པ་གསུམ་པོ་དེ་ཉིད་མ་གཏོགས་པ། །བྱ་བ་ཐམས་ཅད་སྤངསནས་ཏིང་འཛིན་བསྒོམ། །དེ་ལ་དེང་སང་ཀུ་སུ་ལུ་པར་གྲགས། །རྒྱ་གར་ཀུ་ས་ལི་པ་ཆེ་ཆུང་གཉིས། །བོད་དུ་འདས་ལོག་ཀུ་སུ་ལུ་པ་སྟེ། །དོན་ལ་བྱ་བཏང་རི་ཁྲོད་བཟུང་ཚད་ཡིན། །ཀུ་སུ་ལུ་ཞེས་བྱ་བའི་སྒྲ་དོན་ནོ། །ལེའུ་ལྕི་བཅུ་བདུན་པའོ་མངྒ་ལཾ།། །།


previousལེའུ་བཅུ་བདུན་པ། ཚོགས་རྫོགས་ནད་གདོན་ལམ་དུ་སློང་བའི་ཕྱིར། །ལུས་སྦྱིན་བདག་འཛིན་གཅོད་པའི་སྟ་རེ་ཡོད། །next