Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་དགུ་པ། ན་སོ་གཞོན་ཞིང་དཀའ་ཐུབ་འདོད་པ་ལ། །བྱ་སྤྱོད་ཉམས་ལེན་ཚངས་པའི་སྒྲ་དབྱངས་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་བཅུ་དགུ་པ། ན་སོ་གཞོན་ཞིང་དཀའ་ཐུབ་འདོད་པ་ལ། །བྱ་སྤྱོད་ཉམས་ལེན་ཚངས་པའི་སྒྲ་དབྱངས་ཡོད། །next

ལེའུ་བཅུ་དགུ་པ། ན་སོ་གཞོན་ཞིང་དཀའ་ཐུབ་འདོད་པ་ལ། །བྱ་སྤྱོད་ཉམས་ལེན་ཚངས་པའི་སྒྲ་དབྱངས་ཡོད། །


CMR032_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

༼ཛ༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། མདོསྔགས་ཀྱི་ཁྱད་པར་དང་བྱ་སྤྱོད་ཀྱི་ཉམས་ལེན་ཚངས་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་པཱ་ཎི་ཡེ། བླ་མ་བརྩོན་འགྲུས་རྒྱ་མཚོ་གསན་མཛོད་དང་། །རི་


CMR032_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་འགྲིམས་ཤིང་ཉམས་སུ་ལེན་པ་ལ། །མདོ་སྔགས་གཉིས་ཀྱི་ཁྱད་པར་ཤེས་དགོས་གདའ། །མདོ་ལས་སྔགས་ནི་ཁྱད་པར་གསུམ་གྱིས་འཕགས། །མདོ་ཡི་ལུགས་ལ་ཉོན་་མོངས་དུག་གསུམ་པོ། །སྤང་བར་མ་བྱས་འབྲས་བུ་ཐོབ་ཐབས་མེད། །སྔགས་ཀྱི་ལུགས་ལ་ཉོན་མོངས་སྤང་བ་དང་། །ཉོན་མོངས་སྦྱང་དང་ཉོན་མོངས་བསྒྱུར་བ་དང་། །ཉོན་མོངས་ལམ་དུ་ཁྱེར་དང་རང་བཞིན་ཤེས། །ཐབས་ནི་དུ་མས་བྱང་ཆུབ་སྒྲུབ་ཐབས་ཡོད། །མདོ་ལུགས་བསྐལ་པ་གྲངས་མེད་གསུམ་གྱི་བར། །སྦྱིན་པའི་མཆོག་གྱུར་རང་གི་མགོ་བོ་ཡང་། །སྟོང་ཕྲག་ཚང་བར་སྦྱིན་པ་བཏང་དགོས་པས། །བུ་དང་ཆུང་མ་ལོངས་སྤྱོད་སྨོས་ཅི་དགོས། །དགྲ་བོས་ཡན་ལག་ཉིང་ལག་ཐམས་ཅད་ཀྱི། །ཤ་ནི་སྲང་ལ་འཇལ་ཞིང་བཅད་ན་ཡང་། །ཁོང་ཁྲོ་མེད་པའི་བཟོད་པ་བསྒོམ་པ་དང་། །ལོ་ནི་ཁྲི་ཕྲག་བཅུ་ཡི་བར་ཙམ་དུ། །ཏིང་འཛིན་གཅིག་ལ་གཡོ་བ་མེད་པ་སོགས། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསག་དགོས། །དེ་མ་བྱས་པར་སངས་རྒྱས་ཐོབ་ཐབས་མེད། །སྔགས་ལ་དེ་ཙམ་དཀའ་སྤྱད་མི་དགོས་པར། །བདེ་བའི་ངང་ནས་ཡུན་ཐུང་སངས་


CMR032_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འགྲུབ། །མདོ་ལུགས་དབང་པོ་རྟུལ་པོའི་དབང་བྱས་པས། །བསྐལ་པ་གྲངས་མེད་གཅིག་གི་བར་དག་ཏུ། །བསོད་ནམས་ཚོགས་བསག་སྒྲིབ་སྦྱོང་མ་བྱས་པར། །སྟོང་ཉིད་དོན་དེ་མངོན་སུམ་རྟོགས་མི་ནུས། །སྔགས་ལ་ཚེ་གཅིག་གམ་ནི་ལོ་བཅུ་གཉིས། །ལོ་གསུམ་ཕྱོགས་གསུམ་མམ་ནི་ཁྲིད་ཐོག་གཅིག །དབང་པོ་རྣོན་པོའི་དབང་བྱས་སྟོང་ཉིད་རྟོགས། །དེ་ལྟར་ཁྱད་པར་གསུམ་གྱིས་ཁྱད་པར་འཕགས། །སྔགས་ལ་རྒྱུད་སྡེ་བྱེ་བ་བསམ་ཡས་ཀྱང་། །གསར་མའི་ལུགས་ལ་རྒྱུད་སྡེ་བཞི་རུ་གྲགས། །རྙིང་མའི་ལུགས་ལ་རྒྱུད་སྡེ་དྲུག་ཏུ་བཞེད། །བལྟ་དང་རྒོད་དང་ལག་བཅང་གཉིས་གཉིས་འཁྱུད། །འདོད་པའི་འདོད་ཆགས་བཞི་པོ་འཇོམ་པ་དང་། །བྲམ་ཟེ་རྗེའུ་རིགས་རྒྱལ་རིགས་གདོལ་པའི་རིགས། །མི་རིགས་བཞི་པོ་འདུལ་ཕྱིར་རྒྱུད་སྡེ་བཞི། །རྫོགས་ལྡན་གཉིས་ལྡན་སུམ་ལྡན་རྩོད་ལྡན་དུས། །དུས་བཞི་འདུལ་བའི་ཕྱིར་དུའང་རྒྱུད་སྡེ་བཞི། །སྒྱུ་བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་བླ་མེད་དོ། །བྱ་སྤྱོད་རྣལ་འབྱོར་གསང་སྔགས་ཕྱི་ཡི་རྒྱུད། །ཡེ་ཤེས་ལྷ་ནི་ཕྱི་རོལ་ཞིང་ཁམས་བཞུགས། །ཕྱི་ནས་སྤྱན་དྲངས་མཆོད་ཅིང་དངོས་གྲུབ་


CMR032_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ། །དེ་ཕྱིར་གསང་སྔགས་ཕྱི་ཡི་རྒྱུད་ཅེས་བྱ། །བླ་མེད་ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད། །རྙིང་མའི་མ་ཧཱ་ཨ་ནུ་ཨ་ཏི་སྟེ། །གསར་རྙིང་རྒྱུད་གསུམ་དོན་ལ་ཁྱད་མེད་ཅེས། །བདག་གི་འདྲེན་མཆོག་དྷརྨེ་ཤྭ་རས་གསུངས། །ཡེ་ཤེས་ལྷ་ནི་ཕྱི་ན་ཡོད་མིན་ཏེ། །ནང་གི་སེམས་ཉིད་ཡི་དམ་ལྷ་རུ་བཞེད། །དེ་ཕྱིར་གསང་སྔགས་ནང་པའི་རྒྱུད་ཅེས་བྱ། །བྱ་བའི་རྒྱུད་ལ་རྒྱུད་སྡེ་སྟོང་ཕྲག་བཞི། །སྤྱོད་པའི་རྒྱུད་ལ་རྒྱུད་སྡེ་སྟོང་ཕྲག་དྲུག །རྣལ་འབྱོར་རྒྱུད་ལ་རྒྱུད་སྡེ་སྟོང་ཕྲག་བརྒྱད། །བླ་མེད་རྒྱུད་ལ་རྒྱུད་སྡེ་གྲངས་མེད་གསུངས། །དེ་ལྟར་རྒྱུད་སྡེ་དེ་དག་ཐམས་ཅད་ནི། །རིག་པ་འཛིན་པའི་སྡེ་སྣོད་ཅེས་བྱ་སྟེ། །མདོ་ལུགས་འདུལ་བ་མདོ་སྡེ་མངོན་པ་རྣམས། །དེ་ཡི་ལམ་སྟེགས་ཡིན་ཕྱིར་འཁོར་དུ་བཞེད། །ད་ལྟ་ཤཱཀ་ཐུབ་བསྟན་པ་མ་གཏོགས་པ། །སངས་རྒྱས་སྟོང་རྩ་གཞན་གྱིས་བསྟན་པ་ལ། །གསང་སྔགས་ཆོས་ནི་མི་འབྱུང་གསུངས་པའི་དོན། །གཏན་ནས་མི་འབྱུང་བ་ནི་མ་ཡིན་ཏེ། །སྐལ་ལྡན་རྣམས་ལ་སྙན་བརྒྱུད་ཚུལ་དུ་གནང་། །ད་ལྟ་བཞིན་དུ་མི་རྣམས་ཐམས་ཅད་ཀྱིས། །གསང་སྔགས་ཞེས་བྱའི་མིང་ཡང་མི་ཐོས་སོ། །མདོ་ལུགས་སྡེ་སྣོད་


CMR032_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་སྟོན་པ་ནི། །སྤྲུལ་སྐུ་ཤཱཀྱ་ཐུབ་པ་ཉིད་ཡིན་ཏེ། །བསྟན་པ་ལོ་གྲངས་ལྔ་བརྒྱ་ཕྲག་བཅུར་གནས། །རིམ་པ་བཞིན་དུ་དགྲ་བཅོམ་འབྲས་གནས་དང་། །དགྲ་བཅོམ་རྒྱུན་ཞུགས་ཕྱིར་མི་འོང་འབྲས་གནས། །ཕྱིར་མི་འོང་རྒྱུན་ཞུགས་ཕྱིར་འོང་འབྲས་གནས་དང་། །ཕྱིར་འོང་རྒྱུན་ཞུགས་རྣམས་ནི་རིམ་པ་བཞིན། །ཕྱིར་མི་འོང་དང་རྒྱུན་ཞུགས་འབྲས་བུར་གནས། །ཤེས་རབ་ཏིང་འཛིན་ཚུལ་ཁྲིམས་བསླབས་པ་གསུམ། །རྩ་བའི་མ་དཔེ་སྡེ་པར་ལ་གོང་བཞིན་འདུག་པ་མ་དག་པ་ཡིན་ནམ་སྙམ་ཡང་བཅོས་བསྒྱུར་མ་ཕོད། འོན་ཀྱང་གོ་དོན་ངོ་མ་གུག་རྟགས་ནང་འདི་བཞིན་ཡིན་པ་འདྲ་བསམ་ནས་ཚིག་རྐང་གཉིས་བྲིས་པ་ཡིན་ཀྱང་དཔྱད་མཆན། །ལྔ་བརྒྱ་ཕྲག་རེར་དེ་དག་ཐོབ་པ་མང་། །དེ་དག་འབྲས་བུའི་དུས་དང་སྒྲུབ་པའི་དུས། །དེ་རྗེས་ལུང་གི་བསྟན་པ་ལྔ་བརྒྱ་ཕྲག་གསུམ་ལ་རིམ་བཞིན་མངོན་པ་མདོ་སྡེ་དང་། །འདུལ་བ་རྣམས་ཀྱི་བཤད་པ་རྒྱ་ཆེར་དར། །བཤད་པ་ཙམ་ལས་འབྲས་བུ་ཐོབ་པ་ཉུང་། །དེ་ཕྱིར་ལུང་གི་བསྟན་པ་ཞེས་བྱའོ་། །དེ་རྗེས་ལྔ་བརྒྱ་ཕྲག་གཅིག་རྟགས་ཙམ་འཛིན། །བཙུན་པའི་རྟགས་དང་ཆ་ལུགས་འཛིན་ཙམ་ལས། །བཤད་སྒྲུབ་གཉིས་ཀ་ཚད་ལྡན་འཛིན་པ་ཉུང་། །ལྔ་བརྒྱ་ཐ་མ་


CMR032_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཙམ་འཛིན་པ་ཟེར། །མཆོད་རྟེན་སྐུ་གཟུགས་གླེགས་བམ་ལ་སོགས་ནི། །ཡར་འཕེལ་ཚེ་ལོ་དྲུག་བརྒྱའི་བར་དུ་གནས། །དེ་ནི་མདོ་ལུགས་བསྟན་པའི་གནས་ཚད་དེ། །བསྟན་རྩིས་བཞེད་པ་མི་མཐུན་མང་ན་ཡང་། །པད་འབྱུང་སྲོང་བཙན་སྒམ་པོ་ས་ལུགས་སོགས། །མང་པོ་གོ་བསྟུན་རིག་པས་ལེགས་དཔྱད་ན། །དེང་སང་ལྔ་བརྒྱ་དགུ་པའི་དཀྱིལ་ཙམ་སེམས། །མདོ་ལུགས་འབྲས་བུ་སྒྲུབ་པའི་བསྟན་པ་ཡོལ། །ཉམས་སུ་བླང་ཡང་འབྲས་བུ་ཐོབ་པ་དཀོན། །སྔགས་ལུགས་གྲི་གུག་བརྩེགས་པའི་རྒྱུད་ཀྱི་དོན། །སྐུ་གསུང་ཐུགས་ཀྱི་བསྟན་པ་ལྔ་བརྒྱ་གསུམ། །ཡོན་ཏན་བཞི་དང་ལྔ་བརྒྱ་ཕྲག་དགུ་སྟེ། །དེ་རྗེས་ཆོས་སྐྱོང་མགོན་པོའི་ཕྲིན་ལས་བཞི། །རེ་རེ་ལ་ཡང་ལྔ་བརྒྱ་ཕྲག་རེ་གནས། ། དུས་འཁོར་ལུགས་ལ་སྟོང་ཕྲག་མང་པོ་སྟེ། །ཁྱད་པར་རྫོགས་པ་ཆེན་པོའི་བསྟན་པ་ནི། །ཚེ་ལོ་དྲུག་ཅུའི་པ་ནས་བཅུ་ཡི་བར། །ཀུན་ཏུ་བཟང་པོའི་ཐུགས་ཀྱི་བསྟན་པ་གནས། །དེ་ཕྱིར་རྫོ་གས་ཆེན་སྒོམ་ན་གྲོལ་སླ་གསུངས། །ཁྱད་པར་ཨོ་རྒྱན་གཏེར་གྱི་བསྟན་པ་ནི། །རེ་རེ་ནུབ་ཀྱང་རེ་རེ་དར་བ་སྟེ། །ཐུབ་པའི་བསྟན་པ་མིང་མེད་གྱུར་ན་


CMR032_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །ས་ཆ་ཁོལ་བུ་ཁོལ་བུར་གཏེར་ཕྲན་རྡོལ། །བྱམས་མགོན་མ་བྱོན་བར་དུ་རྒྱུན་མི་ཆད། །བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་རྒྱུད་གསུམ་ནི། །ལོངས་སྐུ་རྣམ་སྣང་ཆེན་པོའི་བསྟན་པ་ཡིན། །མ་ཧཱ་ཨ་ནུ་ཨ་ཏིའི་རྒྱུད་གསུམ་ནི། །ཆོས་སྐུ་ཀུན་ཏུ་བཟང་པོའི་བསྟན་པ་ཡིན། །བསྟན་པ་སོ་སོ་གནས་ཚད་སོ་སོར་བཞེད། །དེ་དག་ཕལ་གྱི་སྙན་དུ་མི་འགྲོ་ཡང་། །གསར་རྙིང་རྒྱུད་གཞུང་རྒྱ་ཆེར་གཟིགས་དང་གསལ། །མདོ་སྔགས་ཁྱད་པར་འབྱེད་པའི་དབྱངས་ཆུང་འདི། །རཱ་ག་ཨ་སྱས་འཕྲལ་དུ་གང་དྲན་སྨྲས། ༈ །ན་མོ་གུ་རུ་ཨཱརྱ་པ་ལོ་ཡེ། །ལུས་ཀྱི་བྱ་བ་ཕྱག་དང་བསྐོར་བ་དང་། །གཙང་སྦ་སྨྱུང་གནས་ལ་སོགས་གཙོ་ཆེ་བས། །བྱ་བའི་རྒྱུད་ཅེས་བྱ་བ་དེ་ཡིན་ནོ། །བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །ཁྱིམ་པའམ་ནི་རབ་བྱུང་ཡིན་ཡང་རུང་། །ཆུ་དང་ཅོད་པན་དར་དཔྱང་དབང་བསྐུར་ཞུས། །ཡི་དམ་དེ་ཡི་རིག་གཏད་སྒྲུབ་ལུང་ཞུ། །རང་གིས་བྲི་འམ་གལ་ཏེ་མི་ཤེས་ན།། །ལྷ་བཟར་བསྙེན་གནས་བསྲུངས་ལ་བྲིས་བཅུག་སྟེ། །ཚོན་དང་རས་གཞིར་ཀོ་སྤྱན་མ་འདྲེས་པ། །གྲོ་ཁུའམ་ནི་ཟར་ཁུས་སྦྱིན་བྱས་


CMR032_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཡི་དམ་གང་ཡིན་དེ་ཡི་སྐུ་གཟུགས་བྲིས། །སྤྱན་འབྱེད་བྱས་མ་ཐག་ཏུ་རབ་གནས་བྱ། །སྐུ་གཟུགས་འཛོམ་ན་དཀྱིལ་འཁོར་མེད་ཀྱང་ཆོག །དཀྱིལ་འཁོར་པདྨ་འདབ་བརྒྱད་མུ་ཁྱུད་ཅན། །མེད་ན་འབྲས་ཀྱི་ཚོམ་བུ་བཀོད་ཀྱང་ཆོག །དེ་མདུན་ཤ་ཆང་སྒོག་སོགས་མ་འདྲེས་པའི། །མཆོད་པ་རྣམ་ལྔ་དཀར་གསུམ་གཏོར་མ་བཤམ། །སྒྲུབ་གཡོག་གུས་ལྡན་གཙང་སྦྲ་ཆེ་བ་དང་། །གོས་གསར་མཆོད་རྫས་སྤོས་དང་མེ་ཏོག་ཚོགས། །དེ་ནས་རང་ཉིད་དཀར་ཕྱོགས་བསྲུང་བྱས་ཏེ། །ནངས་རེ་བཞིན་དུ་ཡན་ལག་ལྔ་ཁྲུས་བྱ། །གོས་གསར་གྱོན་ཏེ་དཀྱིལ་འཁོར་དྲུང་དུ་འོང་། །ཕྱག་འཚལ་ཀུ་ཤ་གདན་དཀར་སྟེང་དུ་འདུག །སྐྱིལ་ཀྲུང་མི་བཅའ་ཙོག་པུར་ཐལ་མོ་སྦྱར། །སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་བྱས་པའི་རྗེས། །ས་ཕྱོགས་ཐམས་ཅད་སངས་རྒྱས་ཞིང་ཁམས་དང་། །མཆོད་རྫས་མཆོད་སྤྲིན་བསམ་མི་ཁྱབ་པར་དམིགས། །མཆོད་པའི་སྤྲིན་གྱི་གཟུངས་ཀྱིས་བྱིན་གྱིས་བརླབ། །དཀྱིལ་འཁོར་ཡོད་པའི་རིགས་ལ་གཞལ་ཡས་བསྐྱེད། །མེད་པའི་རིགས་ལ་པདྨའི་སྡོང་པོ་ནི། །ཡལ་ག་ལོ་འདབ་བར་སྣང་ཁམས་ཁྱབ་པ། །དེ་དབུས་


CMR032_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །པདྨ་འདབ་མ་འབུམ་ལྡན་གྱིས་པའི་དབུས། །གེ་སར་རིན་ཆེན་སྣ་ཚོགས་ཟེའུ་འབྲུའི་སྟེང་། །ཉ་རྒྱས་ཟླ་བའི་དཀྱིལ་འཁོར་གདན་དུ་བཏིང་། །གོས་ཚགས་གཟབ་སྟེ་ལག་ཏུ་སྤོས་ཐུར་ཐོགས། །ལྷ་དེ་བཞུགས་པའི་ཕྱོགས་སུ་ཁ་བལྟས་ལ། །མ་ལུས་སེམས་ཅན་མགོན་སོགས་སྤྱན་འདྲེན་བྱ། །མཁྱེན་པས་གཟིགས་ཏེ་སྐད་ཅིག་དེ་ཉིད་ལ། །གློག་ལྟར་མྱུར་བར་བྱོན་ནས་གདན་བཞུགས་བསམ། །ཕྱག་འཚལ་མཆོད་བསྟོད་མཎྜལ་ལ་སོགས་པ། །ཆོ་གའི་འགྲོས་ནི་སྨན་བླའམ་གནས་ཆོག་དང་། །ས་གཞི་བྱིན་རླབས་ལྟར་དུ་བྱས་པའི་རྗེས། །མདུན་བསྐྱེད་ལྷ་ཡི་ཐུགས་ཀར་ལྷ་ཡི་ཐུགས། །ཟླ་བའི་དཀྱིལ་འཁོར་ཉ་རྒྱས་བསྒོམ་པའི་སྟེང་། །ས་བོན་མཐའ་རུ་སྔགས་སམ་གཟུངས་དེ་ཉིད། །མེ་ལོང་ནང་གི་གཟུགས་བརྙན་ཅི་བཞིན་དུ། །ཡིག་མགོ་ཕྱི་ན་བསྟན་ཏེ་ལམ་མེར་གསལ། །སྔགས་ལ་སོ་སོའི་རང་སྒྲ་གྲག་པ་ལ། །ལྕེ་།སྔགས་ཕྲེང་འཁོར་བ་སོགས་ནི་མ་ཡིན་ནོ། །དེ་ནས་དམ་ཚིག་རྡོ་རྗེ་ཞེས་བྱ་བ། །རིན་པོ་ཆེའམ་ཤིང་ལས་བྱས་ཀྱང་རུང་། །སོར་བཞི་ཚོན་སྐུད་སྣ་སྔས་དཀྲིས་པ་ཞིག །


CMR032_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་གཡས་པས་རང་གི་སྙིང་གར་བཟུང་། །ཕྲེང་ལུང་ཀོ་བས་མི་རུང་ཏོང་སྐུད་ཀྱིས། །བརྒྱུས་པའི་ཕྲེང་བ་ལག་པ་གཡོན་པས་བཟུང་། །ཕྲེང་བ་ཤ་རྗེན་མི་རེག་གོས་གསེབ་བགྲང་། །དབུགས་ནི་ཕྱིར་ལ་འགྲོ་བའི་དུས་ཉིད་དུ། །མདུན་བསྐྱེད་ཐུགས་ཀའི་སྔགས་ལ་རིག་པ་གཏད། །དབུགས་ནི་ནང་དུ་རྔུབ་པའི་དུས་ཉིད་དུ། །མདུན་བསྐྱེད་ཐུགས་ལས་ཟླ་བ་སྔགས་བཅས་པ། །འཕྲོས་ནས་རང་གི་སྙིང་གར་ཐིམ་པར་བསྒོམ། །སྔགས་སྒྲ་མི་ཆེ་མི་ཆུང་སིལ་བུར་བགྲང་། །ཐུན་མཚམས་མ་གཏོགས་ཇ་ཡང་བཏུང་མི་ཉན། །གདན་གཅིག་ཉིན་པར་གྲོ་དཀར་གདན་གཅིག་སྟེ། །ངག་བཅད་ཉིན་པར་ཟས་སྤང་ཆུ་ཡང་སྤང་། །ཐོ་རངས་ངག་བཀྲོལ་ཐུག་པ་སླའུ་ནི། །ཁ་ངོ་དོད་པ་ཕོར་པ་གང་བཏུང་བ། །ཁོག་པའི་འབུ་སྲིན་བཀྲེས་པ་སེལ་ཕྱིར་ཡིན། །དེ་ཉིན་ཕྱག་དང་བསྐོར་བ་མི་བྱ་ཞིང་། །ཆོ་ག་ངག་ཏུ་མི་བརྗོད་ཡིད་འདོན་བྱ། །གདན་གཅིག་ཉིན་པར་ཕྱག་བསྐོར་ཆོ་ག་འདོན། །སྦྲིད་པ་འོག་རླུང་གད་མོ་ཤོར་བ་ན། །ཕྲེང་བ་ས་ལ་བཞག་ནས་ཆབ་བླངས་ཏེ། །ཆོ་ག་སླར་ཡང་བསྐྱར་ནས་འདོན་དགོས་སོ། །ཐུན་མཚམས་མ་གཏོགས་ཆབ་


CMR032_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་མི་རུང་ཞིང་། །ཚར་ནས་སླར་ཡང་ཁྲུས་དང་ཆབ་བླང་ངོ་། །འདི་སྐབས་ཉོན་མོངས་དུག་ལྔ་འདུལ་ཚུལ་ནི། །སྲོང་བཙན་སྒམ་པོ་ལྟ་བུ་མངོན་ཤེས་ལ། །ཐོགས་པ་མེད་པའི་རྒྱལ་པོ་བཙན་པོའམ། །བླ་མ་ཆེན་པོ་མངོན་ཤེས་ཐོགས་མེད་པའི། །དྲུང་དུ་ཡུད་ཙམ་ཕལ་པའི་མིས་མཇལ་ཚེ། །སེམས་ལ་རྣམ་རྟོག་ངན་པ་འགྱུ་མི་ཕོད། །འགྱུས་ན་བླ་མས་མཁྱེན་ནས་ཐུགས་ཁྲེལ་ལམ། །རྒྱལ་པོས་མཁྱེན་ནས་བཀའ་བཀྱོན་འབྱུང་ཕྱིར་རོ། །དེ་བཞིན་ཆུ་བུར་མིག་གིས་མ་མཐོང་ཡང་། །ཡེ་ཤེས་ལྷ་དེ་མདུན་དུ་ངེས་པར་བཞུགས། །དེ་ཕྱིར་ཉོན་མོངས་རྟོག་པ་འཕྲེང་མི་ཕོད། །དེ་ལ་གོམས་ནས་ཉོན་མོངས་ཤུགས་ཀྱིས་འགག །ཁྱད་པར་དཀར་ཕྱོགས་སྨྱུང་གནས་བྱེད་པ་དེས། །གཉིད་དང་འདོད་ཆགས་ཞེ་སྡང་ཤུགས་ཀྱིས་ཆུང་། །གཅིན་རྟོག་འོག་རླུང་ཉུང་ཕྱིར་གཙང་སྦྲ་སླ། །དེ་ཕྱིར་དཀར་ཕྱོགས་དགོས་པའི་དོན་དེ་ཡིན། །དེ་ནས་ཐུན་་མཚམས་འཇོག་པའི་མཚམས་དེ་རུ། །ཕྲེང་བ་བསྐྱིལ་ལ་ཕུ་བཏབ་གནས་གསུམ་རེག །སྔགས་ཀྱི་བྱིན་རླབས་རང་ལ་ཐིམ་པར་བསམ། །རིན་ཆེན་སྣོད་ནི་འབྲུ་ཡིས་བཀང་སྟེང་


CMR032_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །དཀྱིལ་འཁོར་དྲུང་ངམ་གཙང་བའི་སར་བཞག་སྟེ། །ཕྱག་འཚལ་ལངས་ལ་ཟས་ཀྱི་བྱ་བ་སོགས། །དཀྱིལ་འཁོར་དྲུང་དུ་མི་བྱ་གཞན་དུ་བྱ། །ནུབ་མོ་ཉལ་ཁ་ཐུན་ནི་འཇོག་པའི་ཚེ། །རས་བྲིས་ཡོད་ན་མདུན་བསྐྱེད་དེ་ལ་བསྟིམ། །མེད་ན་གཤེགས་ཤིང་བསྔོ་སྨོན་བཀྲ་ཤིས་བྱ། །དེ་ནས་གོས་ཚགས་བཤིག་ལ་ཉལ་བར་བྱ། །ཕྱིར་ནངས་སྐྱ་རེངས་ཤར་ནས་གོས་ཚགས་བསྡམ། །ཡན་ལག་ལྔ་ཁྲུས་བྱས་ལ་སྔར་བཞིན་ཏེ། །ཞག་ནི་གསུམ་མམ་བདུན་ནམ་ཐ་ན་ཡང་། །ལྔ་ཙམ་མཚམས་ནས་གོས་གསར་བརྗེ་ཞིང་གྱོན། །གོས་རྙིང་རླུང་སིང་བྱ་ཞིང་སྤོས་ཁར་འདོན། །མཆོད་རྫས་རྣམས་ནི་བཟའ་བར་མི་རུང་སྟེ། །ལྷ་ལ་ཕུལ་བའི་དཀོར་དེ་སྒྲིབ་པ་ཆེ། །ཟོས་ན་ལྷ་ཞལ་མི་མཐོང་སྒྲིབ་པ་འགྱུར། །ཁྱི་དང་བ་གླང་བོང་བུ་ལ་སོགས་པ། །དུད་འགྲོ་དམན་པ་རྣམས་ལ་སྦྱིན་མི་རུང་། །གཙང་ཞིང་མཐོ་བའི་གནས་སུ་བསྐྱལ་བར་བྱ། །བྱ་ཡི་རིགས་ཀྱིས་ཟོས་ཀྱང་སྐྱོན་མེད་དེ། །ནམ་མཁར་འགྲོ་བ་མཁའ་འགྲོའི་རིགས་སུ་གཏོགས། །མཇུག་ཏུ་བསྙེན་པའི་ཁ་བསྐང་སྦྱིན་སྲེག་ཀྱང་། །སྦྱིན་སྲེག་སྤྱི་དང་མཐུན་པ་མ་ཡིན་ཏེ། །འཇིག་རྟེན་


CMR032_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལྷ་དམ་ཚིག་ལྷ་ལ་སོགས། །བསྐྱེད་པ་མི་དགོས་མེ་དཔུང་དེ་ཡི་དཀྱིལ། །མདུན་གྱི་ལྷ་དེ་སྤྱན་དྲངས་མཆོད་པས་འཐུས། །སླར་ཡང་རིས་གཞི་འམ་ནི་དཀྱིལ་འཁོར་གཞུག །ཐུན་མཚམས་བདག་འཇུག་ལ་སོགས་ལེན་པ་ཡང་། །མདུན་བསྐྱེད་དཔྲལ་བ་མགྲིན་པ་ཐུགས་ཀ་ནས། །འོད་ཟེར་དཀར་དམར་མཐིང་གསུམ་བདག་ལ་བསྟིམ། །སྒྲུབ་པའི་མཇུག་ཏུ་དངོས་གྲུབ་ལེན་པའི་ཐབས། །ལྷུང་བཟེད་ནང་དུ་དཀར་གསུམ་མངར་གསུམ་དང་། །བསྲེས་པའི་ཞོ་ཟན་དག་གིས་བཀང་བྱས་ཏེ། །སྟེང་དུ་དར་ཚོན་སྣ་ལྔས་དགབ་པར་བྱ། །དེ་སྟེང་དམ་ཚིག་རྡོ་རྗེ་བཞག་བྱས་ཏེ། །མདུན་གྱི་ཐུགས་ཀའི་འོད་ཟེར་ཁ་དོག་ལྔ། །དངོས་གྲུབ་རང་བཞིན་ཟས་ལ་ཐིམ་བསྒོམ་ཞིང་། །ཉིན་ཞག་ཕྲུག་ཅིག་ཟས་དང་གཉིད་སྤངས་ནས། །ལྷུང་བཟེད་ལག་མཐིལ་གཡོན་བཞག་གཡས་པས་བཀབ། །ནམ་ལངས་བར་དུ་ལྷ་ཡི་སྙིང་པོ་བཟླས། །འོད་དང་དུ་བ་རྔ་སྒྲ་སྤོས་དྲི་འཐུལ། །དྲོད་སྐྱེས་རླངས་པ་འཐུལ་ན་དངོས་གྲུབ་ཐོབ། །རྟོགས་མ་བྱུང་ཡང་དེ་ཉིད་ཟོས་པ་ཡིས། །ཚེ་རིང་ནད་ཉུང་རྒས་པ་སྲ་བ་ཡིན། །སྒྲུབ་ཚེ་ཉི་ཟླ་འཆར་སོགས་རྨི་ལམ་ལྟས། །


CMR032_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཡིག་གཞན་དང་མཚུངས་པ་དུ་མ་འབྱུང་། །རས་བྲིས་དམ་ཚིག་རྡོ་རྗེ་རྟེན་དུ་བཅང་། །ཡི་དམ་དངོས་སུ་མོས་ལ་དད་འདུན་བསྐྱེད། །དུས་བཟང་དུས་སུ་བཤམས་ལ་མཆོད་པ་འབུལ། །དེ་མདུན་སྦྱིན་སྲེག་ཕུལ་ཞིང་གསོལ་བཏབ་ན། །ཇི་ལྟར་བསམ་པ་ཐམས་ཅད་འགྲུབ་པ་ཡིན། །དམ་ཚིག་རྡོ་རྗེ་མི་སྟོན་སྦས་ལ་འཆང་། །རས་བྲིས་སློབ་མའམ་ནི་དད་ལྡན་ལ། །ཞལ་བསྟན་ཕྱག་དང་མཆོད་པ་ཕུལ་བཅུག་པས། །སྒྲིབ་པ་དཔག་མེད་འབྱང་པར་གསུངས་པ་ཡིན། །དེ་ལྟར་བྱ་རྒྱུད་ཉམས་སུ་བླང་བ་ན། །ཡི་དམ་ལྷ་དེས་རྗེས་སུ་བཟུང་བའི་མཐུས། །མི་ནས་མིར་སྐྱེས་སྐྱེ་བ་དྲུག་ཅུ་ལ། །དེ་ལྟར་བྱ་རྒྱུད་ཉམས་སུ་ལེན་འགྱུར་ཞིང་། །དེ་ནས་ཚེ་འཕོས་མངོན་ཤེས་རྫུ་འཕྲུལ་སོགས། །ཡི་དམ་ལྷ་དེ་ཉིད་དང་མཉམ་འགྱུར་ཞིང་། །པོ་ཊ་ལ་སོགས་ལྷ་དེའི་ཞིང་ཁམས་སུ། །ལྷ་དང་ལྷ་མོའི་གཟུགས་ཅན་རིག་འཛིན་ནི། །རྟག་ཏུ་ལྷ་དེའི་ཞབས་འབྲིང་བྱེད་པར་འགྱུར། །མིང་ནི་གྲུབ་པའི་རིག་འཛིན་ཞེས་བྱ་སྟེ། །སྤྱན་རས་གཟིགས་དང་སྒྲོལ་མ་ལ་སོགས་པའི། །འཁོར་ལ་བྱེ་བ་དུང་ཕྱུར་ཡོད་པར་གསུངས། །དགོངས་པ་ངོ་བོ་རིགས་གསུམ་


CMR032_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་དང་མཉམ། །སྐབས་སུ་སྤྲུལ་པའམ་ནི་སྐྱེ་རྒྱུད་ནི། །ཕལ་ཆེར་བྲམ་ཟེའི་རིགས་སུ་སྐྱེ་འགྱུར་ཏེ། །བྱ་བའི་རྒྱུད་ཀྱི་བསྟན་པ་འཛིན་པར་བྱེད། །དཔེར་ན་བྲམ་ཟེ་སྐྱེ་བ་བདུན་པ་བཞིན། །མཐོང་ཐོས་དྲན་རེག་ཐམས་ཅད་འདྲེན་ནུས་སོ། །བྱ་རྒྱུད་ཉམས་སུ་ལེན་ཚུལ་དབྱངས་ཆུང་འདི། །རྟ་ལོ་རྒྱལ་ཟླའི་བཅུ་གཅིག་དགོང་ཐུན་མཚམས། །སྦྱིན་སྲེག་ཚར་མཚམས་བྱུང་རྒྱལ་སྨྲ་བ་པོ། །སྙིགས་དུས་དྲང་སྲོང་རཱ་ག་ཨ་སྱའོ། །ཡི་གེ་པ་ཡང་བཱིརྱ་སཱ་ག་ར།། ༈ །།ན་མོ་གུ་རུ་བཛྲ་པཱ་ཎི་ཡེ། །ལུས་ཀྱི་སྤྱོད་པ་བྱ་རྒྱུད་དང་འདྲ་ཞིང་། །སེམས་ཀྱི་ཏིང་ངེ་འཛིན་དང་གཉིས་ཀ་སྤྱོད། །དེ་ཕྱིར་སྤྱོད་པའི་རྒྱུད་ཅེས་བྱ་བ་ཡིན། །ལུས་ཀྱི་སྤྱོད་པ་བྱ་རྒྱུད་དང་མཚུངས་ཤིང་། །ཏིང་འཛིན་རྣལ་འབྱོར་རྒྱུད་དང་ཕྱོགས་འདྲ་ཙམ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་ལ་ལས་བཞེད། །ཆུ་དང་ཅོད་པན་དར་དཔྱང་དབང་གི་སྟེང་། །རྡོ་རྗེ་དྲིལ་བུ་མིང་གི་དབང་ཞུས་ཤིང་།སྔགས་ཀྱི་རྗེས་གནང་རིག་གཏད་སྒྲུབ་ལུང་ཞུ། །དེ་ནས་དཀྱིལ་འཁོར་བྲིས་སྐུ་མཆོད་རྫས་སོགས། །བྱ་བའི་རྒྱུད་དང་ཁྱད་པར་མེད་པ་ཡིན། །སྤྱོད་པ་ངག་བཅད་


CMR032_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱུང་གནས་མི་དགོས་ཏེ། །གསོ་སྦྱོང་ཡན་ལག་བརྒྱད་པ་ཉིན་བཞིན་ལས། །གདན་གཅིག་མི་དགོས་དཀར་གྲོ་དགོང་བཅད་ཆོག །དེ་དོན་མ་ཧཱ་མ་ཡའི་འགྲེལ་ཆེན་ལས། །སྨྱུང་བར་ཕྱི་དྲོའི་ཁ་ཟས་སྤངས་པའོ། །ཞེས་གསུངས་ཁྱིམ་པ་སྐྱེ་བོའི་བསྙེན་གནས་དང་། །འདི་ཡི་གསོ་སྦྱོང་ཡན་ལག་བརྒྱད་པ་གཉིས། །བསྲུང་ཚུལ་འདྲ་ཡང་དོན་ལ་མི་འདྲ་སྟེ་། །འདུལ་བ་ལས་གསུངས་བསྙེན་གནས་ཡན་ལག་བརྒྱད། །སློབ་དཔོན་ལ་ནི་ངེས་པར་ཞུ་དགོས་ཏེ། །རྟེན་གྱི་དྲུང་དུ་རང་གིས་ལེན་མི་ཆོག །འདི་ཡི་གསོ་སྦྱོང་སློབ་དཔོན་ཡོད་ན་རབ། །མེད་ན་ཉིན་རེ་བཞིན་དུ་རྟེན་དྲུང་བླང་། །འདུལ་བ་ནས་གསུངས་བསྙེན་གནས་ཡན་ལག་བརྒྱད། །ཁྱིམ་པ་རྣམས་ཀྱི་སྡོམ་པ་ཡིན་པའི་ཕྱིར། །རབ་བྱུང་རྣམས་ཀྱིས་སྲུང་བར་མི་རུང་སྟེ། །བསྲུང་ན་རབ་བྱུང་སྡོམ་ལ་གནོད་ཅེས་བཤད། །འདི་ཡི་གསོ་སྦྱོང་ཡན་ལག་བརྒྱད་པ་ནི། །ཉིན་ཞག་གཅིག་གི་སྡོམ་པ་ཡིན་ན་ཡང་། །ཐེག་ཆེན་བྱ་སྤྱོད་རྒྱུད་ཀྱི་སྡོམ་པ་སྟེ། །ཚངས་སྤྱོད་དགེ་བསྙེན་བནྡེས་དེ་བསྲུངས་ན། །དགེ་བསྙེན་ཉེས་བྱས་ཕྲ་ཞིབ་ཐམས་ཅད་དང་། །དོན་ལ་དགེ་བསྙེན་གསོ་སྦྱོང་ཡིན་པའི་ཕྱིར། །


CMR032_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་སྦྱོང་ཡན་ལག་བརྒྱད་པ་ཞེས་གྲགས་སོ། །གསོ་སྦྱོང་གོ་དོན་དགེ་བ་གསོ་བ་དང་། །སྡིག་པ་སྦྱོང་ཕྱིར་གསོ་སྦྱོང་ཞེས་བྱའོ། །དེ་བཞིན་དགེ་ཚུལ་དང་ནི་གིས། །ངག་བཅད་སྨྱུང་གནས་དཀར་ཕྱོགས་བྱས་པ་ན། །སྡོམ་པའི་ཉེས་ལྟུང་ཐམས་ཅད་སོར་ཆུད་ནས། །ཚུལ་ཁྲིམས་རྣམ་པར་དག་འགྱུར་རྒྱུད་ལས་གསུངས། །དེ་ཕྱིར་ཁྱིམ་པས་བསྙེན་གནས་སྲུང་བ་དང་། །བཙུན་པས་གསོ་སྦྱོང་ཡན་ལག་བརྒྱད་སྲུང་བ། །སྲུང་ཚུལ་འདྲ་ཡང་དོན་ལ་མི་འདྲ་བ། །མདོ་སྔགས་སོ་སོ་ཡིན་པ་མཁྱེན་པར་མཛོད། །དེ་ནས་དཀྱིལ་འཁོར་མདུན་དུ་རང་ཉིད་ནི། །སྐྱབས་འགྲོ་སེམས་བསྐྱེད་མཆོད་པ་བྱིན་རླབས་སོགས། །བྱ་བའི་རྒྱུད་དང་འདྲ་བར་བྱས་པའི་རྗེས། །སྭ་བྷཱ་ཝ་ཡི་སྔགས་ཀྱིས་སྦྱངས་བྱས་ཏེ། །སྟོང་པའི་ངང་ལས་པད་ཉིའམ་པད་ཟླའི་སྟེང་། །རང་སེམས་ས་བོན་ཡིག་འབྲུའི་འོད་ཟེར་འཕྲོས། །དོན་གཉིས་བྱས་ཏེ་འོད་ཟེར་ཚུར་འདུས་པས། །ས་བོན་ཕྱག་མཚན་ཡིག་འབྲུས་མཚན་པར་བསམ། །ལྷ་དེས་ཕྱག་རྒྱ་བཅིངས་ཤིང་སྔགས་བརྗོད་པས། །ཕྱག་མཚན་འོད་ཞུ་རང་ཉིད་ཡི་དམ་བསྒོམ། །རྒྱན་དང་ཆ་


CMR032_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སོ་སོའི་མངོན་རྟོགས་བཞིན། །གནས་གསུམ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ། །སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་གྱིས་བརླབ། །ཡེ་ཤེས་སྤྱན་དྲངས་དབང་བསྐུར་རྒྱས་གདབ་མེད། །མདུན་གྱི་དཀྱིལ་འཁོར་སངས་རྒྱས་ཞིང་ཁམས་དབུས། །རིན་ཆེན་ཁང་བཟང་གྲུ་བཞི་སྒོ་བཞི་སོགས། །ཕྱི་རོལ་པད་རྭ་རྡོ་རྗེའི་རྭ་བ་དང་། །འོད་ཀྱི་ཕྲེང་བ་ལྕགས་རིའི་ཚུལ་དུ་སྐོར། །རྡོ་རྗེའི་གུར་སོགས་འདི་ལ་ཡོད་པ་མིན། །དཀྱིལ་འཁོར་མེད་ན་པད་སྡོང་འདབ་སྟོང་སྟེང་། །ཞི་ཁྲོའི་ཁྱད་ཀྱི་ཟླ་ཉི་གང་རུང་བསྒོམ། །སྤོས་བལྟམས་དྲིལ་བུ་གསིལ་ཞིང་ལག་གཡས་ཀྱིས། །བཞུགས་པའི་ཕྱོགས་ནས་རྡོ་རྗེས་གཡབ་ཚུལ་གྱིས། །སྤྱན་འདྲེན་ཚིག་གིས་བྱོན་ནས་མདུན་བཞུགས་བསམ། །བྱོན་སྐྱེམས་ཆུ་གཉིས་འབུལ་ཞིང་ཕྱག་འཚལ་ཏེ། །དེ་རྗེས་མཆོད་པ་ལྔ་ཡིས་མཆོད་ཅིང་བསྟོད། །དཀྱིལ་འཁོར་དྲུང་དུ་གདན་ནི་གཙང་མའི་སྟེང་། །སྐྱིལ་ཀྲུང་ཕྱེད་པས་འདུག་ཅིང་སེམས་རྩེ་གཅིག་བདག་མདུན་གཉིས་ཀའི་ཐུགས་ཀའི་གཞི་དེ་ན། །ཟླ་བའི་དཀྱིལ་འཁོར་ཉ་ནི་རྒྱས་པའི་སྟེང་། །ས་བོན་འགྲེང་སྟེ་གནས་མཐར་སྔགས་སམ་གཟུངས། །སྔགས་ཕྲེང་ཡིག་མགོ་


CMR032_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བསྟན་འཁོད་པར་བསྒོམ། །མདུན་གྱི་ཟླ་བ་སྔགས་ཕྲེང་སྒྲར་བཅས་ལ། །རྩེ་གཅིག་ཡིད་གཏད་ཅི་ནུས་བཟླས་པའི་མཇུག །མདུན་བསྐྱེད་ཐུགས་ལས་སྔགས་ཕྲེང་ཟླ་བ་བཅས། །འཕྲོས་ནས་རང་གི་སྔགས་ཕྲེང་ཟླ་བར་ཐིམ། །དེ་ལ་རྩེ་གཅིག་རིག་པ་གཏད་ལ་བཟླས། །དབུགས་ཀྱི་དབྱུང་རྔུབ་དང་ནི་སྤྱད་ན་ལེགས། །མ་ཐུབ་ནའང་མ་གསལ་བར་དུ་བསྒོམ། །ཐུན་མཚམས་མདུན་བསྐྱེད་དཀར་གསུམ་གཏོར་མ་བསྔོ། །བཞུགས་གསོལ་བྱས་ནས་རང་ཉིད་དམ་ཚིག་པ། །སྟོང་པར་བསྡུས་ནས་ཐ་མལ་ལུས་ཀྱིས་ནི། །ཐུན་མཚམས་སྤྱོད་པ་བྱེད་ཅིང་འདི་ལ་ནི། །ཐུན་དུས་ཇ་སོགས་བཏུང་བར་རུང་བ་སྟེ། །ཆབ་ལེན་ལྷམ་ཕུད་ལ་སོགས་བྱ་རྒྱུད་མཚུངས། །འདི་ཡི་ལུགས་ཀྱི་དུག་གསུམ་འདུལ་བའི་ཐབས། །ཡེ་ཤེས་སེམས་དཔའ་རྒྱལ་པོ་ལྟ་བུའི་མདུན། །རང་ཉིད་དམ་ཚིག་སེམས་དཔའ་བློན་པོའི་ཚུལ། །རྒྱལ་བློན་ཚུལ་དུ་དངོས་གྲུབ་སྒྲུབ་པ་སྟེ། །སྒྱུ་དཔེར་ན་འཁོར་ལོས་བསྒྱུར་རྒྱལ་མངོན་ཤེས་ཅན། །ཤིན་ཏུ་བཀའ་ཁྲིམས་བཙན་པའི་མདུན་དེ་ན། །ཡུད་ཙམ་བློན་པོས་རང་དོན་ཞུ་འབུལ་ཚེ། །རྒྱལ་པོའི་ཞལ་བལྟ་གསུང་


CMR032_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་དགོས་པ་ཡིན། །ཞེ་ནི་ཡེངས་བའི་ལོང་མེད་སྒྲིམ་པ་ལྟར། །ཡེ་ཤེས་ལྷ་དེ་མངོན་སུམ་མདུན་དུ་དམིགས། །གཟུངས་སྔགས་སྒྲ་ལ་རིག་པ་རྩེ་གཅིག་གཏད། །ལག་གཡས་ལྷ་དེའི་དམ་ཚིག་ཕྱག་རྒྱ་ནི། །སྙིང་གར་འཆང་ཞིང་གཡོན་པས་ཕྲེང་བ་བགྲང་། །རྩེ་གཅིག་མ་ཡེངས་ཁབ་མིག་སྐུད་འཛུད་བཞིན། །དེ་ཚེ་ཉོན་མོངས་སྐྱེ་བའི་གོ་སྐབས་མེད། །ཉལ་ཁར་རས་བྲིས་ཡོད་ན་དེ་ལ་བསྟིམ། །མེད་ན་ཡེ་ཤེས་གཤེགས་ཤིང་ཤིས་པ་བརྗོད། །སྔོན་ལྟར་ཕྱིར་ནངས་ལངས་ལ་གསོ་སྦྱོང་བླང་། །དགོང་བཅད་རྒྱུན་དུ་བྱ་ཞིང་བསྙེན་པ་བྱ། །དེ་ལྟར་ཟླ་དྲུག་ཟླ་གསུམ་ཟླ་གཅིག་སོགས། །རྟགས་ནི་རྟགས་ཡིག་སྤྱི་དང་མཐུན་པ་ཡིན། །དེ་ནི་བསྙེན་པ་ཡིན་ཅིང་དུས་དེའམ། །དུས་གཞན་དུ་ཡང་རུང་སྟེ་སྒྲུབ་པ་དང་། །དངོས་གྲུབ་ལེན་པའི་ཆོ་ག་བྱ་བ་ནི། །རས་བྲིས་དཀྱིལ་འཁོར་གང་འཛོམ་དེ་ཡི་དྲུང་། །དཀར་གསུམ་མཆོད་པ་གཟབ་ཅིང་སྦྱིན་སྲེག་འབུལ། །ཚེས་གཅིག་ནས་ནི་བཅུ་བཞིའི་བར་དག་ཏུ། །བསྙེན་པ་བྱེད་ཚུལ་སྔོན་དང་འདྲ་བ་སྟེ། །བཅོ་ལྔའི་ཉིན་ནུབ་གཉིས་ལ་སྔགས་རྒྱུན་ནི། །བཟའ་བཏུང་ཚེ་ཡང་ཡིད་འདོན་མ་ཆད་བྱ། །


CMR032_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གཟས་འཛིན་འགྲིགས་ན་ཤིན་ཏུ་བཟང་བ་ཡིན། །ཉི་མ་ནུབ་ནས་ནམ་ནི་མ་ལངས་པར། །ལུས་པོ་བསྲང་ལ་གཉིད་རྨུགས་མ་ཤོར་བར། །ལག་གཉིས་ལྷ་དེའི་ཕྱག་རྒྱ་ཐུགས་ཀར་བཅའ། །ཕྲེང་བ་མི་བགྲང་སྔགས་ནི་སིལ་བུར་བཟླ། །ཐོ་རངས་དུས་སུ་ལག་པའི་ཕྱག་རྒྱ་ལ། །མེ་འབར་འོད་འཕྲོ་མེ་སྟག་འཚུབ་པའམ། །ཡི་དམ་ཐང་སྐུ་བཞད་སོགས་རྟགས་འབྱུང་སྟེ། །གྲུབ་པ་ཡིན་པས་གང་འདོད་ལས་ཚོགས་འགྲུབ། །གལ་ཏེ་རྟགས་མཚན་ཅི་ཡང་མ་བྱུང་ཡང་། །དབང་བསྐུར་རབ་གནས་སྦྱིན་སྲེག་ལ་སོགས་པ། །སྤྱོད་རྒྱུད་སློབ་དཔོན་བྱ་བ་ཐམས་ཅད་རུང་། །སྐྱེ་བ་དྲུག་ཅུར་འབྲས་བུ་ཐོབ་ཚུལ་སོགས། །བྱ་བའི་རྒྱུད་དང་ཁྱད་པར་མེད་པར་བཤད། །བོད་འདིར་སྤྱོད་རྒྱུད་མང་དུ་མ་འགྱུར་ཏེ། །འབྱུང་འདུལ་རྒྱུད་འདི་སྤྱོད་རྒྱུད་ཉིད་དུ་ངེས། །གཞན་འགའ་ཞལ་མ་འཆམས་པས་འདིར་མ་བརྗོད། །བྱ་སྤྱོད་རྒྱུད་གཉིས་ཉམས་སུ་ལེན་དཀའ་ཡང་། །སྒྱུ་ཤེས་རབ་ཡོད་ཅིང་བླ་མ་བསྟེན་པའི་དྲིན། །ཟླ་ཤས་ཙམ་རེ་འབྲེལ་པ་བཞག་པ་ན། །མི་ལུས་དོན་ལྡན་སྐལ་པ་བཟང་པོ་ཡིན། །དེ་ཕྱིར་ཡིད་ལ་ཟུངས་ཤིག་བཱིརྱ་པ། །སྤྱོད་


CMR032_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལུགས་ཀྱི་ཆོ་གའི་འགྲོས་དེ་ནི། །འབྲུག་ལུགས་ཡི་གེ་དྲུག་པའི་སྒྲུབ་ཐབས་ལགས། །དེ་མིན་མང་པོ་བདག་གིས་མ་མཐོང་ངོ་། །སྤྱོད་རྒྱུད་ཉམས་སུ་ལེན་པའི་དབྱངས་ཆུང་འདི། །རྟ་ལོ་རྒྱལ་ཟླའི་བཅུ་གཉིས་དགོང་ཐུན་ལ། །རཱ་ག་ཨ་སྱས་འཕྲལ་དུ་གང་དྲན་སྨྲས། །ཡི་གེ་པ་ཡང་བཱིརྱ་སཱ་ག་ར། །ལེའུ་བཅུ་དགུ་པའོ་མངྒ་ལཾ།། །།


previousལེའུ་བཅུ་དགུ་པ། ན་སོ་གཞོན་ཞིང་དཀའ་ཐུབ་འདོད་པ་ལ། །བྱ་སྤྱོད་ཉམས་ལེན་ཚངས་པའི་སྒྲ་དབྱངས་ཡོད། །next