Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་ཉེར་གཅིག་པ། ཚེ་འདས་གཤིན་པོའི་སྒྲིབ་པ་སྦྱོང་བའི་ཕྱིར། །ལྷོ་སྒོའི་དམིགས་རིམ་ཐར་པའི་ལམ་སྟོན་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་ཉེར་གཅིག་པ། ཚེ་འདས་གཤིན་པོའི་སྒྲིབ་པ་སྦྱོང་བའི་ཕྱིར། །ལྷོ་སྒོའི་དམིགས་རིམ་ཐར་པའི་ལམ་སྟོན་ཡོད། །next

ལེའུ་ཉེར་གཅིག་པ། ཚེ་འདས་གཤིན་པོའི་སྒྲིབ་པ་སྦྱོང་བའི་ཕྱིར། །ལྷོ་སྒོའི་དམིགས་རིམ་ཐར་པའི་ལམ་སྟོན་ཡོད། །


CMR032_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

༼ཞ༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། ཀུན་རིག་རྣམ་གྲོལ་སྒོ་ཆེན་གྱི་ལྷོ་སྒོའི་ཆོ་གའི་དམིགས་རིམ་ཐར་པའི་ལམ་སྟོན་ཞེས་བྱ་བ་བཞུགས་སོ། །ན་མསརྦ་ཏ་ཐཱ་ག་ཏ་བིད་ཡེ། །སྦྱོང་རྒྱུད་གཙུག་དགུའི་རྒྱུད་རྒྱལ་ལྷ་ཡི་རྔ། །ཡོ་ག་མཁས་པ་གསུམ་གྱིས་བརྡུངས་བའི་སྒྲ། །ཚངས་པའི་དབྱངས་ལྟར་ཀུན་གྱི་རྣ་བར་སྙན། །དེ་ཕྱིར་རྣམ་གྲོལ་སྒོ་ཆེན་ཕྱག་ལེན་ནི། །ཀུན་གྱིས་ཤེས་ཤིང་དམིགས་རིམ་གཞུང་ཚིག་གསལ། །འོན་ཀྱང་ལྷོ་སྒོའི་ཆོ་ག་བསྡུས་དྲགས་པས། །དམིགས་རིམ་ཅུང་ཞིག་སློབ་དཔོན་ཞལ་ལས་ཤེས། །བློ་གསལ་རྣམས་ལ་ཕན་ཕྱིར་འདིར་བརྗོད་ན། །བདག་མདུན་གཉིས་ལས་མདུན་བསྐྱེད་གཙོ་ཆེ་ཞིང་། །ཚེ་འདས་ལྷོ་ཕྱོགས་གཤིན་རྗེའི་ཡུལ་སོང་བ། །དཀྱིལ་འཁོར་ལྷོ་ཡི་སྒོ་ནས་འགུག་དགོས་པས། །བདག་བསྐྱེད་དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས། །ལས་ལྷ་རྡོར་སེམས་སམ་ནི་གཙོ་རྐྱང་སྐུ། །རང་ཉིད་བྱས་ཏེ་དཀྱིལ་འཁོར་ལྷོ་སྒོའི་འགྲམ། །སེང་གེའི་ཁྲི་ལ་འདུག་པའི་ང་རྒྱལ་


CMR032_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་། །བྱང་བུ་བསྐྱེད་ཚར་འགུག་གཞུག་བྱེད་པའི་སྐབས། །རང་གི་ཐུགས་ཀའི་འོད་ཀྱིས་གཙོ་བོ་བསྐུལ། །གཙོ་བོའི་འོད་ཀྱིས་སྒོ་བ་བཞི་པོ་བསྐུལ། །སྒོ་བ་བཞི་ལས་རང་འདྲ་གྲངས་མེད་སྤྲོས། །བྱམས་པའི་ལྕགས་ཀྱུས་ཚེ་འདས་སྙིང་ནས་བཟུང་། །སྙིང་རྗེའི་ཞགས་པས་ཚེ་འདས་མགུལ་ནས་བཅིང་། །རང་དབང་མེད་པར་བཀུག་ནས་བྱང་བུར་བསྟིམ། །ལྕགས་སྒྲོག་མ་ཡིས་དགའ་བའི་ལྕགས་སྒྲོག་བསྡམ། །མ་ཚར་བར་དུ་གཞན་དུ་མི་འཁྱར་བྱས། །དྲིལ་བུ་མ་ཡིས་བཏང་སྙོམས་དྲིལ་བུ་ཡིས། །ཤིན་ཏུ་དགའ་ཞིང་ཡིད་སེམས་བདེ་བ་བསྐྱེད། །ཐུགས་རྗེས་འཛིན་བྱེད་ལྕགས་ཀྱུའི་དམིགས་པའོ། །དེ་ནས་ལྟུང་བ་སློང་བའི་དམིགས་པ་ནི། །གལ་ཏེ་ངན་སོང་གསུམ་དུ་ལྷུང་ཚར་ན། །མདུན་བསྐྱེད་གཙོ་བོའི་ཐུགས་ཀའི་འོད་ཟེར་ནི། །ལྕགས་ཀྱུའི་དབྱིབས་ཅན་རྩེ་གསུམ་འོག་ཏུ་འཕྲོས། །ངན་སོང་གསུམ་ནས་ཚེ་འདས་ཡར་འཐེན་ཏེ། །རང་དབང་མེད་པར་བྱང་བུར་ཐིམ་པར་བསྒོམ། །ལྟུང་བ་སློང་བའི་སྔགས་དང་ཕྱག་རྒྱ་བྱ། །གལ་ཏེ་སྡིག་པས་ཕྱིར་འཐེན་མི་དྲོངས་ན། །མདུན་བསྐྱེད་ཐུགས་ཀའི་འོད་ཟེར་འཕྲོས་པ་ཡིས། །སྡིག་


CMR032_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚེ་འདས་སོ་སོར་ཕྱེས་ནས་ཀྱང་། །དྲངས་བསྒོམ་སྡིག་པ་གྲོལ་བའི་སྔགས་རྒྱ་བྱས། །དེ་ཡན་ཚེ་འདས་བཀུག་པའི་རིམ་པའོ། །སྤྱིར་ནི་སྦྱོང་བ་བྱེད་ལུགས་ངོས་བཟུང་བ། །དུས་གསུམ་སངས་རྒྱས་མན་ནས་སྲིན་བུ་ཡན། །སྲོག་གཅོད་གཤེད་མ་ལས་ཀྱི་གཤིན་རྗེར་གསུངས། །འགྲོ་བ་ཀུན་གྱི་དབུགས་ནི་ལེན་པ་པོ། །དཔལ་ལྡན་ལྷ་མོ་ཡིན་པར་རྒྱུད་ལས་གསུངས། །གཞན་ཡང་དྲི་ཟ་ཀུན་ཏུ་ཁྱབ་བྱེད་དང་། །གནོད་སྦྱིན་རྟོགས་འདོད་འབྱུང་པོ་བ་ར་ཧི། །དེ་སོགས་ནག་ཕྱོགས་བདུད་རིགས་མང་པོ་ཡིས། །འཆི་ཁར་དབུགས་ལེན་ཕུང་པོ་བདག་དུ་འཛིན། །ཚེ་འདས་གཟུགས་བཟུང་གསོན་པོ་རྣམས་ལ་གནོད། །ཚེ་འདས་ལ་བསྔོས་ཟས་སྐོམ་བར་ནས་འཇོམས། །ཚེ་འདས་ཡིན་པར་བརྫུས་ནས་ཆ་ཕྲིན་བསྐུར། །དེ་འདྲ་དཔག་ཏུ་མེད་པར་ཡོད་པའི་ཚུལ། །ཚེ་འཕོས་ཇི་ལྟར་འགྱུར་བའི་མདོ་ལས་གསུངས། །དེ་དག་རྣམས་ནི་ཕྱེ་བར་མ་བྱས་ཉྩན། །གསོན་པོ་རྣམས་ལ་གནོད་པས་གསོན་བདུད་ཟེར། །གཤིན་པོ་ཡར་འགྲོ་མི་བཅུག་བཅག་པའི་ཕྱིར། །དེ་ལ་གསོན་བདུད་གཤིན་ལྕགས་ཞེས་བྱའོ། །དེ་ལ་རིགས་ནི་


CMR032_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་ན་ཡང་། །ཕོ་གདོན་མོ་གདོན་ཀླུ་གདོན་གསུམ་དུ་བཟུང་། །ཀླུ་གདོན་ཞི་བ་ཕོ་གདོན་དྲག་པོ་དང་། །མོ་གདོན་ཞི་དྲག་ཕྱེད་མས་སྦྱང་བར་གསུངས། །ཅོག་ལྡོག་ཟླུམ་པོ་ཞི་བའི་གཏོར་མ་གསུམ། །ཨ་ཀཱ་རོ་ཡིས་བདུད་རྩིར་བྱིན་གྱིས་བརླབ། །བྷྱོ་བི་ཤྭ་ལན་གསུམ་གཡས་བསྐོར་ཚེ། །དགའ་མགུ་བུ་ལོན་ལན་ཆགས་བྱང་བར་བསམ། །ཆངས་རྗེས་ཟུར་ལྔ་འདོད་ཡོན་ལྔ་པོ་མཚོན། །སོར་མོའི་རྗེས་དྲུག་རིགས་དྲུག་ལན་ཆགས་བྱང་། །འབུར་ཆུང་བཅུ་གཉིས་ལོ་བདུད་བཅུ་གཉིས་ཚིམ། །ཏིང་ལོ་མར་མེའི་གཟུགས་ཡིན་ལམ་སྒྲོན་དང་། །ཆངས་བུ་སྦྱིན་པ་ཞི་བར་ལན་ཆགས་སྦྱངས། །སུམ་བྷ་ནི་ནི་ཁྲོ་བོ་གནོད་མཛེས་སྔགས། །ལན་གསུམ་བརྗོད་ཅིང་གཡོན་དུ་བསྐོར་བའི་ཚེ། །ཆངས་བུས་ཚིམ་ཞིང་ཁྲོ་བོའི་སྔགས་ཀྱིས་སྐྱག །གླིང་བར་མུན་པའི་ནང་དུ་སོང་བར་བསམ། །དེ་ནི་ཞི་དྲག་ཕྱེད་མར་སྦྱང་བའོ། །དེ་ནས་བདེན་སྟོབས་བརྗོད་པས་དཀར་ཕྱོགས་འགྲོ། །ནག་ཕྱོགས་གདུག་པ་ཅན་རྣམས་མི་འགྲོ་བས། །བདག་གིས་མདུན་བསྐྱེད་གཙོ་བོ་ཡིད་ཀྱིས་བསྐུལ། །གཙོ་བོའི་དགོངས་པ་སྒོ་སྲུང་བརྒྱད་ལ་གཏད། །འཇིགས་


CMR032_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཧཱུཾ་སྒྲའི་བསྟོད་པ་བརྗོད་ཙམ་གྱིས། །ཁྲོ་བོ་བརྒྱད་ལས་རང་འདྲ་དཔག་མེད་འཕྲོས། །དཔེར་ན་བྱ་སྤུ་རླུང་གིས་གཏོར་བ་བཞིན། །བགེགས་རྣམས་བསྐྲད་ནས་ཁྲོ་བོ་རང་རང་བསྟིམ། །དེ་ནི་དྲག་པོའི་སྒོ་ནས་སྦྱང་བའོ། །དཔེར་ན་བྱིའུ་ཁྲ་ཡིས་བཏང་བ་བཞིན། །གཤེད་དང་ཕྲལ་ནས་ཚེ་འདས་ལུས་སེམས་བདེ། །བག་ཕེབས་བཤད་པའི་ཆོས་རྣམས་ཉན་པར་བསམ། །དེ་ནས་རྫས་གཅིག་བརྟེན་པའི་སྦྱིན་སྲེག་ནི། །ཚེ་འདས་སྙིང་གར་ཡི་གེ་ཀཾ་ནག་པོ། །དེ་ལ་ལུས་ངག་ཡིད་གསུམ་སྒྲིབ་པ་ཐིམ། །ཀཾ་ཡིག་སྣ་བུག་གཡས་ཐོན་ཏིལ་ལ་ཐིམ། །མེ་ཉིད་ཞི་བའི་ཐབ་ཁུང་མེ་དཔུང་དབུས། །ཁྲོ་བོ་ཧཱུྃ་མཛད་མཐིང་ནག་རྡོར་དྲིལ་འཛིན། །ཞལ་ནི་མེ་ཡི་རང་བཞིན་གདངས་པའི་ནང་། །སྡིག་པ་བསྲེགས་ནས་ཁྲོ་བོ་མི་དམིགས་བསམ། །ཧཱུྃ་མཛད་སྒོམ་པ་བྱ་སྤྱོད་ཀུན་ལ་འཐད། །ཁྲོ་བོ་མ་སྒོམ་ན་ཡང་མི་འགལ་ཏེ། །ཕྱག་ན་རྡོ་རྗེས་འགྲོ་དྲུག་སྒྲིབ་སྦྱང་སྲེག་།རོ་རྣམས་རྒྱ་མཚོར་འདོར་བའི་ཚུལ་ཡིན་ཏེ། །མེ་དེ་ཆུ་རུ་འདོར་བས་འཐུས་པར་གསུངས། །ལ་ལས་ཟ་བྱེད་རྡོ་རྗེ་མཁའ་འགྲོ་བསྐྱེད། །དེ་ནི་བླ་མེད་རྒྱུད་ཡིན་མི་


CMR032_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་དོ། །བྱེ་མ་གཙང་མ་མི་ཡིས་མ་བརྫིས་པ། །སྡིག་སྒྲིབ་བསྲེག་པར་བྱ་བའི་རྟེན་འབྲེལ་གྱིས། །སླ་ངར་བརྗོས་ལ་གྲང་རྗེས་ཡུངས་ཀར་བསྲེ། །ཀུན་རིག་བསྙེན་དུས་བསྔགས་ནས་འཚགས་ན་མཆོག །མེད་ཀྱང་ཆོ་གའི་བསྙེན་པ་བྱེད་པའི་སྐབས། །ཕུ་འགྲིམ་བྱེད་པ་ཤིན་ཏུ་གལ་ཆེ་སྟེ། །མ་སྔགས་བྱེ་མ་བཏབ་པས་ཅི་ཞིག་ཕན། །རང་གི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ། །ལྷ་ཚོགས་ཐུགས་ཀར་ཟླ་སྟེང་ས་བོན་མཐར། །རང་སྔགས་ཕོ་གཡས་མོ་གཡོན་དྲག་ཏུ་འཁོར། །དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས་། །རང་རང་མཛོད་སྤུའི་སྒོ་ནས་ཕྱིར་ཐོན་ནས། །བྱེ་མ་དང་ནི་འོད་ཟེར་དབྱེར་མེད་པ། །ཚེ་འདས་ལ་ཐིམ་དུག་ལྔའི་སྡིག་སྒྲིབ་རྣམས། །བ་མོར་ཉི་ཟེར་ཕོག་པ་ལྟ་བུར་བསྒོམ། །རྒྱས་པར་དཀྱིལ་འཁོར་ཡོངས་རྫོགས་ལྷ་སྔགས་དང་། །བྲབ་སྔགས་འདོན་ཅིང་འབྲིང་པོ་རྩ་རིག་དང་། །བྲབ་སྔགས་གཉིས་བཟླས་བསྡུ་ན་རྩ་རིག་ཆོག །ཚན་ཆེར་སྔགས་པའི་བྱེ་མ་ཡོད་གྱུར་ན། །མི་དང་དུད་འགྲོའི་རོ་དང་རུས་པ་ལ། །ཕྱིར་ལྡོག་མིན་ཀྱང་འདེབས་རྒྱུ་བསྐུར་ན་ཕན། །དེ་ནས་ཁྲུས་ཀྱི་གོ་བ་ལེན་པ་ནི། །ཐུབ་རྣམས་


CMR032_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་སྒྲིབ་ཆུ་ཡིས་མི་བཀྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ཏེ།། །འོན་ཀྱང་གདམས་ངག་བསྟན་ནས་སེལ་གསུངས་པ། །སྔགས་དང་ཏིང་འཛིན་མེད་པའི་ཆུ་གཙང་གིས། །ཕ་མའི་རུས་པ་བཀྲུས་ན་ཕན་ནོ་ཞེས། །ཕྱི་རོལ་པ་རྣམས་སྨྲ་བ་དགག་ཕྱིར་ཡིན། །སྔགས་ཅན་ཆུ་ཡིས་རང་གཞིན་ཁྲུས་བྱས་ན། །ལུས་ཅན་སྡིག་པ་འདག་ཅེས་རྒྱུད་ལས་གསུངས། །ལྷ་ལ་དྲི་མ་མེད་ཀྱང་ཁྲུས་གསོལ་བས། །རང་གཞན་སྒྲིབ་པ་དག་པའི་རྟེན་འབྲེལ་ཡིན། །མདུན་བསྐྱེད་དཀྱིལ་འཁོར་ཤར་གྱི་ཁྱམས་དེ་ན་། །ཁྲུས་ཀྱི་ཁང་པ་རིན་ཆེན་ཀ་བས་བཏེག །ལོགས་གསུམ་ཧད་པོར་ཡོད་པ་བསིལ་གཡབ་འདྲ། །དེ་ནང་མདུན་བསྐྱེད་དཀྱིལ་འཁོར་ལྷ་ཚོགས་རྣམས། །མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་བསམ། །མེ་ལོང་དེ་དང་དེ་གཉིས་དབྱེར་མེད་ཡིན། །དེ་ལ་ཁྲུས་གསོལ་སྐུ་ཕྱི་ན་བཟའ་གསོལ། །རྣམ་རྒྱལ་བུམ་པར་ལྷ་ཞུའི་བདུད་རྩི་དེས། །ལྷ་ཁྱུ་ཚོགས་སྐུ་ལུས་བཀྲུས་པའི་བྱིན་རླབས་ཅན། །ཁྲུས་ཆབ་བུམ་པ་གཞན་ནམ་ལས་བུམ་བླུགས། །དེ་ཡིས་བྱང་བུ་ལ་ནི་ཁྲུས་བྱ་སྟེ། །རྣམ་པ་བདུད་རྩི་ངོ་བོ་དཀྱིལ་འཁོར་ལྷ། །


CMR032_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཕྱིན་དྲུག་རྫོགས་པའི་རང་བཞིན་ཆུས། །ཁྲུས་བྱས་ཉོན་མོངས་དྲུག་པོ་དག་པར་བསྒོམ། །དེ་ནས་དུག་བཅོམ་བྱེད་པའི་དམིགས་པ་ཡང་། །ཀུ་ཤ་རྨ་བྱའི་སྒོ་བཅས་ལག་ཏུ་ཐོགས། །རྨ་བྱ་དུག་རྣམས་འཇོམས་པའི་མཆོག་ཡིན་ཅིང་། །ཁ་དོག་ལྔ་ནི་ཡེ་ཤེས་ལྔ་པོ་མཚོན། །དེ་དབུས་ཟླ་དཀྱིལ་སྟེང་དུ་ཧཱུྃ་དཀར་པོ། །དེ་མཐར་རྩ་རིག་སྔགས་ཀྱིས་བསྐོར་བ་ལས། །འོད་ཟེར་ཁ་དོག་རྣམ་ལྔ་འཕྲོས་པ་ཡིས། །ཚེ་འདས་རྒྱུད་ཀྱི་དུག་ལྔའི་དུག་རྣམས་ཀུན། །རྩིག་གསེང་དུ་བ་རླུང་གིས་དེད་པ་ལྟར། །ཕྱི་རུ་བྱུང་དམིགས་སྒྲོ་ཡིས་བྱབ་ཚུལ་བྱ། །ངག་ཏུ་གཞུང་གི་བདེན་ཚིག་དེ་རྣམས་བརྗོད། །དེ་ནས་གཟུངས་བརྗོད་ཆུ་ཡིས་ཁྲུས་གཅིག་བྱ། །དེ་ནས་ས་ཆུ་མེ་གསུམ་མདུན་དུ་བཞག །ཡོད་ན་རླུང་གཡབ་མེད་ན་མེ་ལོང་བཞག །ཚིགས་བཅད་བརྗོད་ཅིང་བསྐོར་ལ་དོར་བའི་ཚེ། །གང་བའི་ནང་དུ་དུག་སོང་ཟེར་བའི་དོན། །ཚེ་འདས་རྒྱུད་ཀྱི་འབྱུང་བཞི་སོ་སོའི་དུག ། འབྱུང་བཞི་སོ་སོའི་རྫ་ས་ལ་ཐིམ་པར་བསྒོམ། །རྒྱས་པར་རྩ་རིག་བསྡུ་ན་ཚིགས་བཅད་ཀྱིས། །བྱང་བུ་ལ་ནི་བསྐོར་ཞིང་ཕྱིར་ལ་དོར། །མཇུག་ཏུ་གཟུངས་བཅས་ཁྲུས་གཅིག་


CMR032_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཡིན། །གང་སེར་མ་ནི་ཤིས་བརྗོད་ཡིན་པ་སྟེ། །བདག་དང་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས། །ཚེ་འདས་ལ་ནི་མེ་ཏོག་ཆར་འབེབས་ཤིང་། ཚངས་པའི་དབྱངས་ཀྱིས་ཤིས་པ་བརྗོད་པར་བསམ། །དེ་ནས་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བ། །ཚེ་འདས་ལུས་ནི་གྲངས་མེད་སྤྲུལ་བྱས་ནས། །རང་གིས་རམ་བུ་བཀྱག་ཅིང་ཕྱག་འཚལ་བསམ། །གང་གི་དྲིན་གྱིས་བླ་མར་ཕྱག་འཚལ་དང་། །སྨྲ་བསམ་བརྗོད་མེད་ཆོས་སྐུར་ཕྱག་འཚལ་ཏེ། །རྒྱས་པར་ཆོས་དབྱིངས་ཡེ་ཤེས་ཤོ་ལོ་ལྔ། །བསྡུ་ན་ཆོས་སྐུ་ནམ་མཁའ་ཤོ་ལོ་གཅིག །དེ་ནི་ལོངས་སྐུའི་ལྷ་ལ་ཕྱག་བཙལ་ཡིན། །དེ་ནས་ཐབས་མཁས་ཐུགས་རྗེས་སྟོན་པ་ལ། །དེ་ནས་གྲགས་ཆེན་ཤེས་རབ་སངས་རྒྱས་སྟོང་། །སྐུ་ཡི་དཀྱིལ་འཁོར་དབང་ཕྱུག་རྡོ་རྗེ་ལ། །མཁྱེན་རབ་ཐུགས་རྗེས་མཆོག་གི་སྤྲུལ་སྐུ་ལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བྱང་སེམས་ཀུན། །དེ་བཞིན་སྒྱུ་སྤྲུལ་སྐུ་དང་ནི་སྤྱི་ལའོ། །དེ་ནས་ཚེ་འདས་ལུས་ཀུན་གཅིག་ཏུ་བསྡུས། །དཀྱིལ་འཁོར་ལྷ་ལ་སྐྱབས་ཚོལ་སྨྲེ་སྔགས་ནི། །རང་གིས་ངོ་ཆེན་ཚུལ་དུ་ཞུ་རོགས་དང་། །ཚེ་འདས་


CMR032_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་རྙིང་དོར་དང་ལུས་གསར་ལེན། །ད་ལྟ་བར་དོའི་ཡིད་ལུས་དང་བཅས་པ། །ཅི་མཛད་ཁྱེད་ཤེས་ཚུལ་དུ་འབུལ་བསམ་ཞིང་། །གཙོ་རྒྱལ་མ་ནི་དབྱངས་བཅས་གྱེར་བ་ཡིན། །དེ་ཡང་ལྷོ་སྒོའི་ཆོ་ག་ཞེས་བྱའོ། །དེ་ནས་རང་ཉིད་གཙོ་རྐྱང་ང་རྒྱལ་གྱིས། །ཚེ་འདས་ཁྲིད་ནས་མདུན་བསྐྱེད་དཀྱིལ་འཁོར་ལ། །བསྐོར་བ་ལན་གསུམ་བྱས་ནས་ཤར་སྒོ་ཡི། །གཡས་འགྲམ་རྣམ་རྒྱལ་བུམ་པ་བཞུགས་པ་སྟེ། །གཡོན་འགྲམ་སེང་གེའི་ཁྲི་ལ་རང་ཉིད་བཞུགས། །རང་མདུན་འཁོར་ལོ་དཀར་པོ་རྩིབས་བརྒྱད་སྟེང་། །པདྨ་དཀར་པོ་འདབ་བརྒྱད་ལྟེ་བ་ལ། །ཚེ་འདས་པུས་བཙུགས་ཐལ་སྦྱར་མེ་ཏོག་ཐོགས། །རས་དཀར་དྲི་མེད་གྱོན་ནས་ཐལ་སྦྱར་བསམ། །ཚེ་འདས་ཉིད་ཀྱིས་རྗེས་ཟློས་བྱེད་བསྒོམ་ལ། །རྒྱུད་ལས།་མིང་ལ་ཡང་དབང་བསྐུར་བར་གྱིས་ཤིག །གཟུགས་བརྙན་ལ་ཡང་དབང་བསྐུར་བར་གྱིས་ཤིག །གསུངས་ཕྱིར་དབང་བསྐུར་སྤྱི་དང་མཐུན་པར་བྱ།་་་་དབང་གི་དམིགས་རིམ་ཞལ་ཁྲིད་རྣལ་འབྱོར་རྒྱུད་སྒྲུབ་ངན་སོང་སྒོ་གཅོད་ལ་བལྟ་བར་བྱའོ། །མཆན། །སློབ་མའི་དབང་བསྐུར་ཁོ་ནས་ཆོག་མོད་ཀྱི། །ཚེ་འདས་དེ་ཉིད་སྐྱེ་བ་གཞན་རྣམས་སུ། །རྡོ་རྗེ་སློབ་དཔོན་གོ་


CMR032_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་ཐོབ་བྱའི་ཕྱིར། །རྡོ་རྗེ་སློབ་དཔོན་དབང་ཡང་རུང་བ་ཡིན། །སྐྱེ་བ་གཞན་དུ་འཁོར་ལོས་བསྒྱུར་རྒྱལ་སོགས། །འབྱོར་པ་ཐོབ་ཕྱིར་རྒྱལ་སྲིད་དབང་བསྐུར་རུང་། །དེ་ནས་འདོད་ཡོན་ཟས་བསྔོའི་དོགས་གཅོད་ལ། །ཕ་མ་སྔར་དུས་ཤི་ལ་ལོ་དུས་བཞིན། །ཟས་བསྔོ་བྱ་ཚུལ་མདོ་ཞིག་མདོ་མང་བཞུགས། །སྔོན་ཚེ་བོད་འདིར་རྒྱལ་རབས་ཉེར་ལྔ་ལ། །དམ་ཆོས་མ་དར་བོན་ལུགས་དར་ཆེ་བས། །རྒྱལ་པོ་རྣམས་ལ་བང་སོའི་མཆོད་པ་ཟེར། །ཕལ་པ་རྣམས་ལ་ལོ་དུས་ཤི་བའི་ཚོད། །གཏད་ཡར་ཞེས་པ་མཆོད་པ་རྒྱ་ཆེར་དང་། །བྱང་བུ་ལ་ནི་རྟ་ཡི་སྲབ་མདའ་གཏད། །བྱང་བུ་རྟ་གོང་བསྐྱོན་ལ་བྱ་རུ་ཟེར། །དེ་བཞིན་ཁལ་མའི་སྣ་ཐག་གོ་ཁྲབ་སོགས། །ཟས་དང་ཆོས་ཀ་བྱང་བུ་ལ་བསྔོས་ནས། །དེ་རྣམས་སློབ་དཔོན་ཉིད་ཀྱིས་ཁྱེར་སྲོལ་བྱུང་། །བནྡེའི་ལུགས་ལ་དེ་རྣམས་མེད་པའི་ཕྱིར། །བོན་རྣམས་མ་མགུ་བན་ལ་མ་དད་པས། །ཨོ་རྒྱན་ལ་ལྟ་སོགས་པཎྜི་ཏ་རྣམས་ཀྱིས། །བོན་ལ་དཔེ་བླངས་ཟས་གཏད་ཆོ་ག་ནི། །དཀར་ཆོག་ཅེས་བྱ་ཙཀྲི་གཏད་རྒྱུ་མཛད། །དེ་ཉིད་དེང་སང་ཧོར་སོག་ཕྱི་འབྲོག་ལ། །ཀུན་རིག་ཞི་ཁྲོ་


CMR032_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལའང་སྦྱར་རོ་སྐད། །དེ་ཡི་ལུགས་ལ་ཤ་ཡང་གཏད་རྒྱུ་ཡོད། །དེ་མིན་ཀུན་རིག་མི་འཁྲུགས་རང་རྐང་ལ། །ཚེ་འདས་རྒྱུད་སྡེ་འོག་མའི་ལྷར་བསྐྱེད་པས། །འདོད་ཡོན་ཤ་ཆང་བཤམས་པ་མི་འཐད་དོ། །བསྔོས་པ་མ་གཏོགས་བཤམས་པས་མི་འཐོབ་པས། །འདོད་ཡོན་ལྔ་པོ་ཕྱག་ལེན་བཞིན་དུ་བསྔོ། །བར་དོའི་ཡིད་ལུས་དྲི་ཡིས་ཚིམ་པའི་ཕྱིར། །གསུར་ནི་བྱེད་པའི་རྒྱུ་མཚན་དེ་ལྟར་ཡིན། །སྦྱོང་རྒྱུད་འགྲེལ་པར་ཁྱི་སྙིང་ཕུ་བ་ལ། །ཆགས་བཞིན་འདོད་ཡོན་མ་བསྔོས་མི་འགྲོ་གསུངས། །དཔེར་ན་གལ་ཆེན་འགྲིམ་པ་ཐག་རིང་དུ། །འགྲོ་ཁ་བཟའ་བཏུང་གཟབ་ནས་གཏོང་དང་འདྲ། །བར་དོའི་སྐབས་སུ་བཀྲེས་སྐོམ་ཞི་བ་དང་། །སྐྱེ་བ་གཞན་དུ་འབྱོར་པའི་རྟེན་འབྲེལ་འགྱུར། །འབྲོག་པ་རྣམས་ཀྱིས་ཚེ་འདས་རྣམ་ཤེས་ཀྱིས། །བཙོག་ལྟ་བྱེད་འདུག་བསམ་ནས་སྡུག་དོགས་ཟེར། །འདོད་ཡོན་གསོན་པོ་རྣམས་ཀྱིས་ཟ་སྲོལ་སྣང་། །ཟོས་ཀྱང་མི་རུང་བ་ནི་མེད་ན་ཡང་། །བྱ་ཁྱི་སྤྲང་པོ་སོགས་ལ་བྱིན་ན་ལེགས། །དེ་ནས་བྱང་བུ་བཞུ་བའི་ཕྱག་ལེན་ནི། །དེ་ཡན་རང་ཉིད་དཀྱིལ་འཁོར་ཤར་སྒོའི་དྲུང་། །གཙོ་རྐྱང་ངམ་ནི་རྡོར་


CMR032_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྐུར་བཞུགས་པ། །བདག་བསྐྱེད་དཀྱིལ་འཁོར་གཙོ་བོའི་ཐུགས་ཀར་ཞུགས། །རང་ཉིད་བདག་བསྐྱེད་གཙོ་བོའི་ང་རྒྱལ་བྱ། །དེ་ནས་བདག་མདུན་རིགས་ལྔ་ཡུམ་བཞི་དང་། །ལྷ་ཚོགས་ཀུན་གྱི་སྐུ་ལས་འོད་ཟེར་ནི། །ཁ་དོག་སྣ་ལྔ་མེ་ཡི་རང་བཞིན་འཕྲོས། །སློབ་མ་རྡོར་སེམས་སྐུ་རུ་བསྐྱེད་མོད་ཀྱང་། །ད་དུང་བག་ཆགས་ཡིད་ལུས་དབང་ཆེ་བས། །མ་དག་ཆ་ཡི་ཕུང་པོ་ལྔ་པོ་དེ། །རིགས་ལྔའི་སྐུ་ལས་ཡེ་ཤེས་རྣམ་ལྔ་ཡི། །མེ་འཕྲོས་བསྲེགས་པས་རིགས་ལྔའི་ངོ་བོར་བསྒྱུར། །ཡུམ་བཞིའི་སྐུ་ལས་འཕྲོས་པའི་མེ་དཔུང་གིས། །ཤ་ཁྲག་དྲོད་དབུགས་ཁམས་ཀྱི་བག་ཆགས་སྲེག །སེམས་དཔའ་རྣམས་ལས་འཕྲོས་པའི་མེ་དཔུང་གིས། །མིག་སོགས་དབང་པོ་དྲུག་གི་བག་ཆགས་སྲེག །སྒེག་སོགས་ལྷ་མོ་ལས་འཕྲོས་མེ་དཔུང་གིས། །གཟུགས་སྒྲ་དྲི་སོགས་ཡུལ་ལྔའི་བག་ཆགས་སྲེག །ལྷ་ཚོགས་ཀུན་གྱི་དཔྲལ་མགྲིན་ཐུགས་ཀ་ནས། །འོད་སྤྱི་ཟེར་མེ་དཔུང་དཀར་དམར་མཐིང་འཕྲོས་པས། །ལུས་ངག་ཡིད་ཀྱི་སྒྲིབ་གསུམ་བག་ཆགས་སྲེག །ཚེ་འདས་ལུས་ཀྱི་རྣམ་པ་བསྲེགས་ཏེ་སྦྱངས། །སེམས་ནི་ཨ་ཡིག་དཀར་པོ་དྲི་


CMR032_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གྱུར། །རྩ་བརྒྱུད་བླ་མའི་ཐུགས་ཀྱི་རྟོགས་པ་དང་། །དཀྱིལ་འཁོར་ལྷ་ཚོགས་ཐུགས་ཀྱི་ཡེ་ཤེས་དང་། །རྣལ་འབྱོར་རང་གི་ཉམས་ལེན་རྟོགས་པ་དང་། །ཚེ་འདས་སེམས་རྒྱུད་དབྱེར་མེད་གཅིག་ཏུ་བསྲེ། །འབྲེལ་པ་ཐོགས་ཆོག་ཀརྨ་པ་མཁྱེན་སོགས། །ཉམས་ལེན་ལྟ་བའི་ངང་ནས་རྒྱང་འབོད་བྱ། །ཤེར་སྙིང་ནང་གི་གཟུགས་མེད་སྒྲ་མེད་ནི། །ཆོས་མེད་བར་གྱི་ཚིག་སྡུམ་དེ་བརྗོད་ནས། །ཀཾ་ཀ་ནི་དང་རྩ་རིག་བཟླས་ཤིང་བསྲེག །དེ་ནས་དཀོན་མཆོག་རིན་ཆེན་སོགས་བརྗོད་ཚེ། །ཤར་སྒོའི་འགྲམ་གྱི་རྣམ་ཤེས་ཨ་ཡིག་དེ། །ཡར་ཡར་བཀྱག་ནས་བདག་མདུན་གཉིས་ཀྱི་བར། །བར་སྣང་ཁམས་སུ་ཟླ་བའི་གདན་ལ་བཞག །དེ་ནས་ལམ་བསྟན་མཚམས་འདིར་དོགས་གཅོད་ནི། །དཀྱིལ་འཁོར་གཙོ་བོ་རྣམ་སྣང་ཡིན་པའི་ཕྱིར། །རྣམ་སྣང་ཞིང་ཁམས་སྟུག་པོ་བཀོད་པ་རུ། །ལམ་སྟོན་འོས་ཀྱང་མི་བྱེད་པ་ཡི་དོན། །དེ་རུ་ས་བརྒྱད་མ་ཐོབ་སྐྱེ་མི་སྲིད། །ལས་ལྷ་རྡོ་རྗེ་སེམས་དཔའ་ཡིན་པ་དང་། །ཚེ་འདས་རྡོ་རྗེ་སེམས་དཔར་བསྐྱེད་པའི་ཕྱིར།། །མངོན་དགའི་ཞིང་དུ་ལམ་སྟོན་འོས་ན་ཡང་། །ས་ཐོབ་སེམས་དཔའ་མ་གཏོགས་དེར་


CMR032_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྐྱེ། །སྦྱོང་རྒྱུད་གླེང་གཞིར་ལྷ་བུ་དྲི་མེད་དེ། །མནར་མེད་གནས་ནས་ལྷ་ཡུལ་དྲངས་པའི་ཕྱིར། །དགའ་ལྡན་གནས་སུ་ལམ་བསྟན་འོས་ན་ཡང་། །དེ་རུ་སྐྱེས་ཀྱང་ཕྱིར་ལ་ལྟུང་བ་སྲིད། །མཚམས་མེད་བྱས་དང་དམ་ཆོས་སྤངས་མ་གཏོགས། །སྨོན་ལམ་བཏབ་ན་སྐྱེ་བར་ནུས་པ་དང་། །དེ་རུ་སྐྱེས་ནས་ཕྱིར་མི་ལྡོག་པ་ནི། །འོད་དཔག་མེད་ཀྱི་སྨོན་ལམ་སྟོབས་ཡིན་པར། །འོད་མདོ་ཞིང་བཀོད་མདོ་སྡེ་གཉིས་ལས་གསུངས། །དཀྱིལ་འཁོར་འདི་དང་ཞིང་དེ་འབྲེལ་བའི་དོན། །བཅོམ་ལྡན་རྣམ་པར་སྣང་མཛད་ཆེན་པོ་འདི། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པར་གསུངས། །དོན་ལ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ཡིན། །སྤྱན་རས་གཟིགས་ལ་འབྲེལ་པ་ཆེར་བཞག་རྣམས་། །བདེ་བ་ཅན་དུ་ཁྲིད་ནས་འོང་ངོ་ཞེས། །འོད་དཔག་མེད་ཀྱི་དྲུང་དུ་དམ་བཅའ་མཛད། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་གྲངས་མེད་ཀྱང་། །དངོས་ཉིད་བདེ་བ་ཅན་དུ་སྒྱུ་རྟག་ཏུ་བཞུགས། །དེ་དོན་མདོ་སྡེ་རྣམས་ལས་རྒྱ་ཆེར་གསུངས། །བསྡུས་དོན་བཀའ་ཆེན་བཀའ་འབུམ་རྣམས་ན་གསལ། །དཀྱིལ་འཁོར་འདི་དང་འབྲེལ་ཕྱིར་དེར་ལམ་


CMR032_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན། །དེ་ཡང་རྔ་སྒྲའི་རྒྱལ་པོའི་གཟུངས་ཀྱི་ཚིག །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །འོད་དཔག་མེད་ཀྱི་ཞིང་ཁམས་ཡོད། །སུ་ཞིག་དེ་ཡི་མཚན་འཛིན་པ། །ཞིང་མཆོག་དེ་རུ་སྐྱེ་བར་གསུངས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །འོད་དཔག་མེད་པའི་མཚན་བཟུང་ནས། །ཞིང་མཆོག་དེ་རུ་འགྲོ་བར་གྱིས། །ཞེས་པའི་ཚིག་གིས་ལམ་སྟོན་ཏེ། །ནམ་མཁའི་ཟླ་སྟེང་ཨ་ཡིག་དེ། །ཚེ་འདས་རྣམ་པར་ཤེས་པ་དངོས། །དབང་བསྐུར་ཡེ་ཤེས་སེམས་དཔའ་དང་། །དབྱེར་མེད་གཅིག་ཏུ་གྱུར་པར་དམིགས། །རང་ཉིད་ཀུན་རིག་བདག་བསྐྱེད་ནི། །སྐུ་ཆེ་རི་རབ་ཙམ་བསམ་ལ། །ཤངས་ནས་རླུང་ཞིག་བུས་པ་ནི། །ཤུགས་དྲག་བསྐལ་པའི་འཐོར་རླུང་བཞིན། །ཟླ་བ་ཨ་ཡིག་བཅས་པར་ཕོག །སྤྲིན་མེད་དྭངས་པའི་སྐར་མདའ་བཞིན། །བདེ་བ་ཅན་དུ་ཏ་ལེར་སོང་། །འོད་དཔག་མེད་པའི་མདུན་དྲུང་དུ། །།མེ་ཏོག་པདྨའི་སྦུབས་སུ་བསྟིམ། །པདྨ་འདམ་སོགས་ངག་གིས་གྱེར། །སྔགས་དེ་རྫོགས་ཚེ་ཡུད་ཙམ་ཞིག །མི་དམིགས་ལྟ་བའི་ངང་ལ་བཞག །དེ་མ་ཐག་ཏུ་བརྫུས་སྐྱེས་སུ། །གསེར་མདོག་མཚན་དཔེས་བརྒྱན་པའི་


CMR032_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ལུས། །དགེ་སློང་ཆ་ལུགས་ཅན་དུ་གྱུར། །སྔོན་གནས་རྗེས་དྲན་མངོན་ཤེས་ཀྱིས། །སློབ་དཔོན་བཀའ་དྲིན་རྗེས་སུ་དྲན། །སྐད་ཅིག་གློག་འགྱུ་ཇི་བཞིན་དུ། མདུན་གྱི་ནམ་མཁར་འོངས་ནས་ཀྱང་། །ཨེ་མའོ་སོགས་ཆེད་དུ་བརྗོད། །གཏང་རག་མཆོད་པ་བྱས་ནས་ཀྱང་། །སླར་ཡང་བདེ་ཆེན་ཞིང་གཤེགས་བསམ། །དེ་དག་ཡིད་ལ་བསྒོམ་བཞིན་དུ། །གཞུང་ཚིག་གཙྪན་བར་བརྗོད། །དེ་ནས་བསྔོ་བས་རྒྱས་འདེབས་བྱ། །བྱང་ཐལ་རྩ་རིག་བརྗོད་བཞིན་དུ། །སཱཙྪ་འདེབས་སམ་གདབ་ཏུ་བཅུག །ཆུས་མི་འཇིག་པའི་གནས་སུ་བསྐྱལ། །རྗེས་ཆོག་མན་ཆད་གཞུང་ལྟར་རོ། །བླ་མ་བརྩོན་འགྲུས་རྒྱ་མཚོ་ཡིས། །བསྐུལ་ནས་ཡི་གེ་པ་བྱས་ཏེ། །ཤིང་སྦྲུལ་སྨིན་དྲུག་གནམ་གང་དང་། །མགོ་ཟླའི་ཚེས་གཅིག་དགོང་ཐུན་མཚམས། །རཱ་ག་ཨ་སྱས་སྨྲས་པ་ཡིན། །ལུང་འདྲེན་མང་པོ་མ་མཆིས་ཀྱང་། །སློབ་དཔོན་རྣམས་ཀྱི་གསུང་རྒྱུན་དང་། །སྒྱུ་གཞུང་ཚིག་མཚུངས་ཕྱིར་ཐེ་ཚོམ་མེད། །ཕྱི་རབོས་དགེ་བཤེས་གསར་བུ་རྣམས། །འདི་ལ་བརྟེན་ནས་འགྲོ་བའི་དོན། །རྒྱ་ཆེ་རྒྱུན་མི་འཆད་པར་ཤོག །ལེའུ་ཉེར་གཅིག་པའོ་མངྒ་ལཾ།། །།


previousལེའུ་ཉེར་གཅིག་པ། ཚེ་འདས་གཤིན་པོའི་སྒྲིབ་པ་སྦྱོང་བའི་ཕྱིར། །ལྷོ་སྒོའི་དམིགས་རིམ་ཐར་པའི་ལམ་སྟོན་ཡོད། །next