Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་ཉེར་བཞི་པ། དད་ལྡན་འབྱོར་ལྡན་སྒྲིབ་པ་སྦྱོང་བའི་ཕྱིར། །གསོན་བྱང་བཞུ་ཐབས་འབྲེལ་ཚད་དོན་ལྡན་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་ཉེར་བཞི་པ། དད་ལྡན་འབྱོར་ལྡན་སྒྲིབ་པ་སྦྱོང་བའི་ཕྱིར། །གསོན་བྱང་བཞུ་ཐབས་འབྲེལ་ཚད་དོན་ལྡན་ཡོད། །next

ལེའུ་ཉེར་བཞི་པ། དད་ལྡན་འབྱོར་ལྡན་སྒྲིབ་པ་སྦྱོང་བའི་ཕྱིར། །གསོན་བྱང་བཞུ་ཐབས་འབྲེལ་ཚད་དོན་ལྡན་ཡོད། །


CMR032_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

༼ཡ༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། སྤྲོས་མེད་སྤྲོས་བཅས་ཀྱི་གསོན་བྱང་བཞུ་ཐབས་མཐའ་གཅོད་དང་


CMR032_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་འབྲེལ་ཚད་དོན་ལྡན་ཞེས་བྱ་བ་བཞུགས་སོ། །ན་མོ་བུདྡྷཱ་བོ་དྷི་སཏྭ་ཡེ། སྲས་བཅས་རྒྱལ་བའི་ཐུགས་རྗེའི་ལྷ་ལམ་ན། །གདམས་ངག་འོད་སྟོང་ལྡན་པ་འདི་ཤར་བས། །འགྲོ་བའི་སྒྲིབ་གཉིས་མུན་པ་མཐར་བྱེད་ཅིང་། །བཤེས་གཉེན་གསར་བུའི་བློ་ཡི་པདྨོ་འབྱེད། །ཀྱེ་མ་ཐོབ་དཀའི་དལ་འབྱོར་ལུས་ཐོབ་ནས། །ཚེ་འགང་སྡིག་ལ་སྤྱོད་འབྲས་ཟས་དང་ནོར། །ཆ་ཤས་ཙམ་ཞིག་བཤེས་གཉེན་རྣམས་ལ་ཕུལ། །གསོན་ཤོག་དགོས་ཞེས་ཕྱི་མའི་བདེ་སྐྱིད་རེ། །དེ་བས་སྙིང་རྗེ་བ་ནི་ཅི་ཞིག་ཡོད། །རྒྱལ་བ་རྒྱ་མཚོ་ལ་སོགས་རང་ཉིད་ཀྱི། །ཡི་དམ་གང་ཡིན་སྐད་ཅིག་དྲན་རྫོགས་གསལ། །རླུང་ཞིག་ཚུར་རྔུབ་ཁོ་ཡི་སྡིག་སྒྲིབ་རྣམས། །རང་ལ་བསྟིམས་པས་གཟི་བརྗིད་འོད་དུ་འབར། །རླུང་ཞིག་ཕར་བུས་རང་གི་བསོད་ནམས་ཚོགས། །ཁོ་ལ་བསྟིམ་པས་བདེ་བའི་རྒྱུ་འབྲས་ཐོབ། །ཁོ་ཡི་སྙིང་དབུས་པཾ་ཡིག་ནག་པོ་ལ། །ཐོག་མེད་ནས་སྒྱུ་བསགས་སྡིག་སྒྲིབ་ཐམས་ཅད་ཐིམ། །རྐང་མཐིལ་གཉིས་ལས་ཡཾ་ལས་རླུང་གཡོས་པས། །ལྟེ་བའི་རཾ་ལས་མེ་འབར་མེ་ལྕེ་དེས། །པཾ་ཡིག་གྱེན་དེད་སྣ་སྒོ་གཡས་པ་ནས། །


CMR032_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་རྭ་ཅན་གཟུགས་སུ་ཐོན་པ་དེ། །མདུན་དུ་རང་བྱུང་མེ་ཡི་དཀྱིལ་འཁོར་དབུས། །དྲན་རྫོགས་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་། །ཁྲོ་མོའི་ཆས་རྫོགས་རྡོ་རྗེ་དྲིལ་བུ་འཛིན། །མེ་ཡི་རང་བཞིན་ཞལ་ནི་རབ་གདངས་པའི། །ནང་དུ་སྡིག་སྒྲིབ་སོང་བས་དངོས་མེད་བསྲེག །ཁྲོ་མོ་མེ་དཀྱིལ་མི་དམིགས་འཇའ་ལྟར་ཡལ། །སྦྱིན་བདག་ལྟེ་འོག་གཏུམ་མོའི་མེ་འབར་བས། །མ་དག་ཕུང་ཁམས་སྐྱེ་མཆེད་སྡིག་སྒྲིབ་བསྲེག །དག་པ་ཡེ་ཤེས་ཡི་དམ་ལྷ་སྐུར་བསྒྱུར། །རང་གི་ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །ཕྱོགས་བློབཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ནི། །རྡོར་སེམས་ལ་སོགས་སྐུ་མདོག་དཀར་པོ་ཡི། །རྣམ་པར་སྤྱན་དྲངས་ཁོ་ཡི་ལུས་ལ་བསྟིམ། །ལས་དང་ཉོན་མོངས་སྒྲིབ་པ་ནད་གདོན་ཞི། །རིན་འབྱུང་ལ་སོགས་རྒྱས་པའི་སངས་རྒྱས་ཀུན། །ཛམ་སེར་ལ་སོགས་སྐུ་མདོག་སེར་པོ་ཡི། །རྣམ་པར་སྤྱན་དྲངས་ཁོ་ལ་སིབ་སིབ་བསྟིམ། །ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པར་བྱས། །ཚེ་དཔག་ལ་སོགས་དབང་གི་ལྷ་ཚོགས་རྣམས། །མཚོ་ལ་ཆར་བབས་བཞིན་དུ་དེ་ལ་བསྟིམ། །རླུང་སེམས་སྣང་བ་དབང་དུ་འདུས་པར་


CMR032_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །བདེ་མཆོག་ཕྱག་རྡོར་ལ་སོགས་དྲག་པོའི་ལྷ། །བུ་ཡུག་འཚུབ་ལྟར་སྤྱན་དྲངས་དེ་ལ་བསྟིམ། །བདུད་བགེགས་ཐར་པའི་བར་ཆད་ཚར་བཅད་བསམ། །དེ་ཉིད་ཟླ་གདན་སྟེང་དུ་མེ་དཔུང་དབུས། །གནས་གསུམ་འབྲུ་གསུམ་མཚན་པས་སྲུང་བར་བསམ། །དེ་ནི་ཕྱི་ཡི་གསོན་ཤོག་དམིགས་པ་སྟེ། །བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་དོན། །ཆོས་ཀྱི་དབང་ཕྱུག་གསུང་རྒྱུན་ལས་བྱུང་ངོ་། །དེ་ནས་སྦྱིན་བདག་ལུས་དང་རང་གི་ལུས། །གཅིག་ཏུ་བསྲེས་ལ་རྒྱལ་བ་རྒྱ་མཚོ་འམ། །ཕག་མོ་ལ་སོགས་བླ་མེད་ལྷ་རུ་བསྒོམ། །རྩ་གསུམ་འཁོར་ལོ་བཞི་ཡང་གསལ་བཏབ་སྟེ། །ལྟེ་འོག་ཨ་ཐུང་གཏུམ་མོའི་མེ་སྦར་བས། །སྡིག་སྒྲིབ་མ་དག་ཕུང་ཁམས་སྐྱེ་མཆེད་བསྲེག །བུམ་ཆེན་བཟུང་ངམ་མ་ལྕོགས་བར་རླུང་བཟུང་། །ཕྱོགས་བཅུའི་ཡི་དམ་དཔའ་བོ་མཁའ་འགྲོ་ཡི། །སྦྱོར་མཚམས་བྱང་སེམས་དཀར་དམར་སྤྱན་དྲངས་ཏེ། །སྤྱི་བོའི་ཧཾ་ལ་ཐིམ་པས་བྱང་སེམས་བབས། །རྩ་འཁོར་བཞི་གང་དགའ་བཞི་རྒྱུད་ལ་སྐྱེས། །བདེ་སྟོང་འདྲེས་པས་བདེ་དྲོད་མེ་དཔུང་འབར། །བདུད་བགེགས་བར་ཆད་དཔག་ཚད་མི་


CMR032_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བསམ། །དེ་ནི་ནང་ལྟར་གསོན་བྱང་བཞུ་ཐབས་ཏེ། །ཕ་རྒྱུད་གསང་བ་འདུས་པའི་རྒྱུད་གཞུང་དང་། །གཏུམ་མོའི་ཁྲིད་རིམ་རྣམས་ཀྱི་ཟུར་ནས་འབྱུང་། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །སངས་རྒྱས་བྱང་སེམས་རྣམས་ཀྱི་སྐུ་གསུང་ཐུགས། །རང་དང་སྦྱིན་བདག་ལུས་ངག་ཡིད་གསུམ་རྣམས། །དབྱེར་མེད་བསྲེས་ལ་ཉམས་ལེན་ངང་ལ་བཞག །དང་པོ་བསྲེས་པའི་དམིགས་པ་བྱས་མོད་ཀྱི། །དེ་ནས་དབྱེར་མེད་འདྲེས་པའི་ཉམས་རྟོགས་འཆར། །ངོ་བོ་སྟོང་པ་རང་བཞིན་གསལ་བ་དང་། །རྣམ་པ་འགག་མེད་རྒྱུའཆར་བར་ཁྱད་པར་མེད། །སྟོང་ཉིད་མེ་ཡིས་དངོས་འཛིན་སྒྲིབ་གཉིས་སྲེག །དེ་ནི་ཕྱག་རྫོགས་ཁྲིད་རིམ་ཀུན་ནས་གསལ། །གསང་བ་དེ་ཁོ་ན་ཡི་གསོན་ཤོག་ཡིན། །དེ་ལ་བྱང་བུ་ཁྲི་སོགས་སྤྲོས་བཅས་མེད། །ཡོན་བདག་སྒྲིབ་སྦྱོང་རང་གི་དཀོར་སྦྱོང་ལ། །ནམ་དྲན་ཡང་ཡང་བསྒོམ་པ་མན་ངག་ཡིན། །དེ་ནི་སྤྲོས་མེད་དམིགས་པའི་གསོན་བྱང་ངོ་། །དེ་ནས་སྤྲོས་བཅས་གཟུགས་དང་མིང་བྱུང་བྲིས། །ཀུན་རིག་ཞི་ཁྲོ་མི་འཁྲུགས་པ་ལ་སོགས། །ཆོ་ག་ཆ་ཚང་སྐབས་ལ་བབས་པའི་ཚེ། །འདི་རུ་ཁུག་དང་མཆིས་པར་


CMR032_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་མི་བརྗོད། །སྐད་ཅིག་ཉིད་ལ་འདི་དང་དབྱེར་མེད་གསལ། །སྦྱིན་བདག་དེ་དང་བྱང་བུ་དབྱེར་མེད་བསྒོམ། །གལ་ཏེ་སྦྱིན་བདག་ས་ཐག་རིང་ན་ཡང་། །བདག་བསྐྱེད་རི་རབ་ཙམ་བསྒོམ་དྲུང་དུ་འོང་། །ཚེ་འདས་ཟེར་ས་རྣམས་སུ་ཚེ་ལྡན་འཛུད། །ཟས་བསྔོ་ལམ་བསྟན་གནས་སྤར་གསུམ་པོ་སྐྱུར། །དེ་མིན་གཤིན་པོའི་དུས་དང་འདྲ་བ་ལ། །གཏུམ་མོའི་མེ་སྦར་ལས་བཞིའི་ལྷ་ཚོགས་བསྟིམ། །དམིགས་པ་གོང་དུ་བཤད་པ་དེ་ཉིད་སྦྱར། །བསོད་ནམས་རི་བོ་ལ་སོགས་བཀྲ་ཤིས་བརྗོད། །དེ་ནི་སྤྲོས་བཅས་གསོན་ཤོག་ཕྱག་ལེན་ཡིན། །དེ་ནི་རང་ལུགས་རང་གི་ཉམས་མྱོང་དང་། །རྡོ་རྗེ་མཁའ་འགྲོའི་རྒྱུད་དང་ལམ་འབྲས་དང་། །དཀྱིལ་ཆོག་ཀུན་གྱི་སློབ་མ་སྟ་གོན་སྐབས་། །ཟ་བྱེད་རྡོ་རྗེ་མཁའ་འགྲོ་བསྐྱེད་བྱས་ནས། །ཏིལ་ནག་ཁོ་ན་སྦྱིན་སྲེག་གཅིག་པུ་དེས། །གསོན་ཤོག་གོ་ཆོད་མིང་ཡིག་བསྲེག་པའི་ལུགས། །རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱིས་མཛད་དང་། །འབྲི་གུང་ཞབས་དྲུང་མཛད་པའི་ཡིག་ཆ་ལ། བརྟེན་ནས་དེང་སང་བླ་མ་ཀུན་གྱིས་མཛད། །ནད་པ་ཡུན་རིང་ན་འམ་སྐག་ཆེ་ན། །སྐག་


CMR032_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་དཀྱིལ་འཁོར་ཞལ་བསྒྱུར་བྱེད་པའི་ཐབས། །གཏོ་གཅིག་ཡོད་པ་བསྒོམ་པ་རྣམས་ཀྱིས་བྱེད། །བླ་མས་བྱེད་རྒྱུའི་དཀྱིལ་འཁོར་ཞལ་བསྒྱུར་ནི། །འགུག་གཞུག་ཟས་བསྔོ་གནས་སྤར་མ་གཏོགས་པ། །ཕྱིར་ལྡོག་གཞུང་ལྟར་བྱས་ནས་ཚེ་དབང་བསྐུར། །དེ་ཡིས་སྐག་ཆེན་འཆི་བ་བཟློག་པར་བཤད། །དེ་ནི་སློབ་དཔོན་འགའ་ཡི་གསུང་ལས་བྱུང་། །ཁྲུས་དང་དུག་བཅོམ་དབང་བསྐུར་ལ་སོགས་པ། །ནད་གདོན་འཇོམ་པའི་མཆོག་ཏུ་བཤད་པ་ཡིན། །སྦྱོང་རྒྱུད་གྲྭ་ལྔ་སོགས་ལས་གསལ་ལྟར་ཡིན། །སྙེ་མོ་ལ་སོགས་གཙང་ཕྱོགས་ཡུལ་གྲུ་འགར། །གསོན་དགེ་བྱེད་ཟེར་ཞག་འགའ་ཆོ་ག་བསོག །མཇུག་ཏུ་སྦྱིན་བདག་དེ་ལ་ཕྱིར་ལྡོག་ནི། །འགུག་གཞུག་ཟས་བསྔོ་གནས་སྤར་མ་གཏོགས་བྱེད། །ཐེག་དམན་མདོ་སྡེ་བདེན་བཞིའི་ཆོས་འཁོར་ལས། །རང་གིས་བྱས་པའི་ལས་འབྲས་ཆུད་མི་ཟ། །མ་བྱས་པ་ཡི་ལས་དང་འཕྲད་མི་སྲིད། །གཞན་གྱིས་བྱས་པ་རང་ལ་སྨིན་པ་མེད་། །གསུངས་ཕྱིར་ཚེ་འདས་རྗེས་ནས་ཆོས་བྱས་ཀྱང་། །དམིགས་མེད་བསྔོ་བས་རྒྱ་ཡིས་མ་ཐེབས་ན། །གཤིན་པོས་མི་འཐོབ་གསོན་པོ་ཉིད་ལ་སྨིན། །དེ་ཕྱིར་རྗེ་བཙུན་


CMR032_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལ་རས་ཆེན་གྱིས། །མདངས་གསུམ་ནོར་བུ་བོར་བ་ལ། །རྐུན་མའི་རྒྱབ་ཏུ་རྡོ་འཕངས་འདྲ། །གསུངས་ཕྱིར་གསོན་ཚེའི་དགེ་བ་ཡོད་ངེས་ཟེར། །དེ་ཡང་ལེགས་པར་དཔྱད་ན་མི་འཐད་མེད། །དེ་ཚེ་དཀོན་མཆོག་རིན་ཆེན་དཔལ་ཞིང་སོགས། །ལམ་སྦྱང་བཏོན་ལ་འགལ་བ་མེད་པ་སྟེ། །སོ་སོའི་སྐྱེ་བོའི་ཚོགས་ལམ་ནས་བཟུང་སྟེ། །སངས་རྒྱས་ས་རུ་འགྲོ་བའི་ལམ་སྟོན་ཡིན། །ད་ལྟ་ཁྲིད་རྣམས་ཞུ་བའང་དེ་ཡིན་མོད། །དེ་བཞིན་པདྨ་འདམ་སོགས་ལམ་སྟོན་ཡང་། །འདོན་དུ་རུང་སྟེ་མྱུར་དུ་མི་འགྲོ་ཡང་། །ལོ་ཟླ་འགའ་ཞིག་སོང་ནས་འགྲོ་དགོས་པའི། །ས་རྒྱུས་མེད་པའི་ལམ་དེ་བསླབ་དང་འདྲ། །དེ་ནས་རྣམ་ཤེས་སྤར་ཆོག་མི་བྱ་བར། །ལོ་བརྒྱ་ཐུབ་སོགས་ཚེ་འཕེལ་བཀྲ་ཤིས་བྱ། །དེ་དག་བཤེས་གཉེན་འགའ་ཡི་གསུང་ལས་བྱུང་། །སྔོན་ཚེ་ཆོས་ཀྱི་དབང་ཕྱུག་ཞལ་བཞུགས་སྐབས། །གསོན་ཤོག་རྒྱུད་སྡེ་རྣམས་ནས་གསུངས་པ་མེད། །རུང་དང་མི་རུང་རྩོད་གཞི་མང་པོ་བྱུང་། །གང་ནས་བཤད་ཅེས་རྗེ་ཡི་དྲུང་དུ་ཞུས། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་བཤད་ཅེས་གསུངས། །དེ་རུ་དམིགས་རིམ་དོན་གྱིས་གསལ་


CMR032_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱི། །མིང་དང་གཟུགས་བྲིས་སྲེག་པ་མི་གསལ་ཡང་། །ངན་སོང་སྦྱོང་བའི་རྒྱུད་ལས་གསུངས་པ་ནི། །མིང་ལ་ཡང་དབང་བསྐུར་བར་གྱིས་ཤིག །ཅེས་གསུངས་པ་ཡི་དོན་ལ་འཐུས་པ་སྟེ། །སྤྱིར་དུ་རྒྱུད་ཚིག་ཤོ་ལོ་ཀ་རེར་ཡང་། །དངོས་བསྟན་དོན་དང་ཤུགས་ལས་བསྟན་པའི་དོན། །འབྲུ་དོན་ཚིག་དོན་རྣམ་པ་བཞི་རེ་འབྱུང་། །ཤི་བྱང་དངོས་སུ་བསྟན་པའི་ཞོར་ཉིད་ལ། །གསོན་བྱང་ཡང་ནི་ཤུགས་ལ་བསྟན་པ་ཡི། །སྲོང་བཙན་སྒམ་པོས་རང་རོ་རང་གིས་སྐྱེལ། །རང་གི་ཕུང་པོ་རང་གིས་སྲེག་ཐབས་གསུངས་། །དེ་ཡང་དོན་གྱིས་གསོན་བྱང་ཉིད་དུ་ངེས། །དེ་བཞིན་གཏུམ་མོའི་ཁྲིད་རིམ་ཐམས་ཅད་དང་། །ཕྱག་རྫོགས་བསྲེ་བ་རོ་སྙོམས་དམིགས་རིམ་ཀུན། །བདག་གཞན་ཀུན་གྱི་སྒྲིབ་གཉིས་སྲེག་ཐབས་ལགས། །དེ་ཕྱིར་གསོན་ཤོག་མ་གསུངས་སྨྲ་མི་རུང་། །སྔོན་དུས་མཆོག་གི་སྤྲུལ་སྐུས་གསོན་ཤོག་མཛད། །རྒྱལ་བའི་དབང་པོས་སྐུ་ཚེ་ལ་གནོད་གསུངས། །དེ་ཕྱིར་མ་མཛད་ཟེར་བ་མི་བདེན་ཏེ། །བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་དེ་ལས། །དེ་ལྟར་བསྒོམ་ན་ཏིང་ངེ་འཛིན། །ཉམས་པར་མི་འགྱུར་འཕེལ་བར་


CMR032_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །གསུངས་ཕྱིར་སྐུ་ཚེར་གནོད་དོན་མ་མཆིས་སོ། །གསོན་ཤོག་མང་པོ་བཞུས་ན་སྦྱིན་བདག་དེ། །།ཚེ་ཐུང་ཟེར་བ་མི་བདེན་སེར་སྣའི་གཏམ། །ནུས་ལྡན་མང་པོས་དགུག་གཞུག་གནས་སྤར་རྣམས། །ཡང་ཡང་བྱས་ན་ཚེ་ལ་གནོད་མོད་ཀྱིས། །དེ་དག་བྱེད་སྲོལ་མེད་པས་ག་ལ་གནོད། །རིན་འབྱུང་ཚེ་དཔག་ཛམ་བྷ་ལ་ལ་སོགས། །བསྟིམ་པས་ཚེ་བསོད་སླར་ལ་འཕེལ་བ་ཡིན། །གླུད་གཏོར་ཁྲུས་དང་དུག་བཅོམ་ལ་སོགས་ཀྱིས། །རྐྱེན་བཟློག་རིམ་གྲོ་ཞོར་ལ་འོང་བ་ཡིན། །ཤི་གསོན་བྱང་བུ་བྱེད་ལུགས་ཕལ་ཆེར་འདྲ། །དུར་ངོ་ཡོད་ཀྱང་དུར་ལོས་འོང་བ་ཡིན། །བླ་མ་བརྩོན་འགྲུས་རྒྱ་མཚོ་ཞེས་བྱ་བའི། །བསྐུལ་བ་པོ་དེས་ཡི་གེ་པ་བྱས་ཏེ། །ཤིང་སྦྲུལ་སྨིན་དྲུག་ཟླ་བའི་ཉེར་དགུའི་ནུབ། །དགུ་གཏོར་ཚར་སྐབས་རཱ་ག་ཨ་སྱས་སྨྲས། །ལུང་འདྲེན་ཚིག་རྣམས་ཡིད་ལ་མ་ངེས་པས། །ཐེ་ཚོམ་ཡོད་ན་ལུང་ཁུངས་རྒྱུད་རྣམས་གཟིགས། །དོན་རྩ་བསྒོམ་བྱ་ཡིད་ལ་གསལ་བ་རྣམས། །གབ་སྦས་མེད་པར་གཞན་ལ་ཕན་ཕྱིར་བཀོད། །འགྲོ་དོན་འབྲེལ་ཚད་དོན་དང་ལྡན་པར་ཤོག །ལེའུ་ཉེར་བཞི་པའོ་མངྒ་ལཾ།། །།


previousལེའུ་ཉེར་བཞི་པ། དད་ལྡན་འབྱོར་ལྡན་སྒྲིབ་པ་སྦྱོང་བའི་ཕྱིར། །གསོན་བྱང་བཞུ་ཐབས་འབྲེལ་ཚད་དོན་ལྡན་ཡོད། །next