Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་ཉེར་ལྔ་པ། འབྲེལ་ཚད་ཚེ་འདས་དག་པའི་ཞིང་ཐོབ་ཕྱིར། །ཚེ་འདས་གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་ཉེར་ལྔ་པ། འབྲེལ་ཚད་ཚེ་འདས་དག་པའི་ཞིང་ཐོབ་ཕྱིར། །ཚེ་འདས་གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་ཡོད། །next

ལེའུ་ཉེར་ལྔ་པ། འབྲེལ་ཚད་ཚེ་འདས་དག་པའི་ཞིང་ཐོབ་ཕྱིར། །ཚེ་འདས་གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་ཡོད། །


CMR032_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

༼ར༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། ཚེ་འདས་གནས་འདྲེན་གྱི་དམིགས་རིམ་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །ན་མོ་བུདྡྷ་བོ་དྷི་སཏཱའི་ལྷ་ལམ་ཁྱོན་ཡངས་པར། །ཐུགས་རྗེ་སྨོན་ལམ་སྟོབས་ཀྱི་ཆུ་འཛིན་རྔམ་མཐུག་སྟེ། །གདམས་ངག་དབྱར་རྔའི་ཆེམ་འུར་དྲག་པོ་འདིས་བསྐུལ་བས། །འགྲོ་བ་མི་རྣམས་འཁོར་བའི་ཚ་གདུང་སེལ་བའི་བདུད་རྩིའི་རྒྱུན་འབེབ་ཤོག །རྡོ་རྗེ་གདན་པ་ཆེན་པོ་ཡིས། །རྒྱུད་སྡེ་བཞི་པོ་བླ་མེད་ལྟར། །སྐད་ཅིག་དྲན་རྫོགས་བསྒོམ་གསུངས་པས་། །གདམས་ངག་འདི་ལ་ཐེ་ཚོམ་སྤུངས། །ཐོབ་དཀའི་མི་ལུས་རིན་པོ་ཆེ། །མདངས་སུམ་རྨི་ལམ་བཞིན་དུ་བོར། །སྔངས་སྐྲག་བར་དོའི་འཕྲང་ལ་འགྲིམ། །ངན་སོང་གསུམ་པོ་གཡང་ས་ཆེ། །ཚེ་འདས་དེ་དག་སྙིང་རེ་རྗེ། །རླུང་ཞིག་ཕར་ལ་བུས་པ་ཡིས། །རང་གི་བདེ་སྐྱིད་དགེ་རྩ་རྣམས། །ཚེ་འདས་རྣམས་ལ་སིབས་སེ་ཐིམ། །ལུས་སེམས་བདེ་བས་ཁྱབ་པར་བསྒོམ། །།རླུང་ཞིག་ཚུར་ལ་རྔུབ་པ་ཡིས། །ཚེ་འདས་སྡིག་སྒྲིབ་སྡུག་བསྔལ་ཀུན། །ལྷག་མེད་བསྡུས་ནས་རང་ལ་བསྟིམ། །དེ་ནི་མདོ་ཡི་དགོངས་པ་


CMR032_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དེ་ནས་སྐད་ཅིག་དྲན་རྫོགས་ལ། །རང་ཉིད་བཅོམ་ལྡན་ཀུན་རིག་ནི། །རྒྱན་དང་ཆ་ལུགས་ཡོངས་རྫོགས་པ། །སེང་གེའི་ཁྲི་ལ་བཞུགས་པར་བསྒོམ། །དྲན་རྫོགས་དམ་ཡེ་དབྱེར་མེད་ལ། །སྤྱན་འདྲེན་དབང་བསྐུར་མི་དགོས་སོ། །ཐུགས་ཀར་ཟླ་སྟེང་ཧཱུྃ་དཀར་གྱི། །མཐའ་ལ་རྩ་རིག་གཡས་སུ་འཁོར། །དེ་ལས་འོད་ཟེར་ཁ་དོག་ལྔ། །མཛོད་སྤུའི་སྒོ་ནས་ཕྱིར་ཐོན་ཏེ་། །ཚེ་འདས་དེ་ཡིས་གཙོར་བྱས་པའི། །ཁམས་གསུམ་སེམས་ཅན་ཀུན་ལ་ཕོག་།ངན་སོང་འཁོར་བར་སྐྱེ་བའི་རྒྱུ། །དུག་ལྔའི་སྡིག་སྒྲིབ་ཐམས་ཅད་དག །རྩ་རིག་ཅི་ནུས་བརྗོད་པར་བྱ། །འོད་ཟེར་ཚུར་འདུས་ཐུགས་ཀར་ཐིམ། །རྒྱལ་སྲས་ཐོགས་མེད་པས་མཛད་པའི། །ཀུན་རིག་མངོན་རྟོགས་དོན་མཐུན་ཡིན། །དེ་ནས་སྐད་ཅིག་གནས་འགྱུར་ཏེ། །རང་ཉིད་རྒྱལ་བ་མི་འཁྲུགས་པ། །ལོངས་སྐུའམ་སྤྲུལ་སྐུ་གང་ཡང་རུང་། །གླང་པོའི་ཁྲི་ལ་བཞུགས་པར་ཀླུ་བསྒོམ་། །ཐུགས་ཀར་ཟླ་སྟེང་ཧཱུཾ་མཐིང་མཐར། །གཟུངས་ཀྱིས་གཡས་སུ་བསྐོར་བ་ལས། །འོད་ཟེར་མཐིང་ག་རབ་འཕྲོས་པས། །ཚེ་འདས་ཐོག་དྲངས་འགྲོ་ཀུན་གྱི། །


CMR032_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་སྒྲིབ་པ་ཐམས་ཅད་ནི། །བ་མོར་ཉི་ཟེར་ཕོག་ལྟར་བསྒོམ། །ཀཾ་ཀ་ནི་ཡི་གཟུངས་བཟླས་སོ། །སྤྱན་སྔ་ཆོས་གྲགས་ལ་སོགས་པས། །མཛད་པའི་མངོན་རྟོགས་དོན་བསྡུས་ཡིན། །དེ་ནས་སྐད་ཅིག་གནས་འགྱུར་ཏེ། །རང་ཉིད་རྡོ་རྗེ་སེམས་དཔའ་ནི། །རྒྱན་དང་ཆ་ལུགས་ཡོངས་རྫོགས་པའི། །ཐུགས་ཀར་ཞི་བ་བཞི་བཅུ་གཉིས། །མགྲིན་པར་དག་པ་རིག་འཛིན་ལྷ། །ཀླད་པར་ཁྲག་འཐུང་ལྔ་བཅུ་བརྒྱད། །མེ་ལོང་གཟུགས་བརྙན་བཞིན་དུ་བསྒོམ། །དམ་པ་རིགས་བརྒྱའི་ས་བོན་ཏེ། །ཡིག་བརྒྱ་ཁོ་ན་བཟླས་པར་བྱ། །ཐུགས་ཀར་ཞི་བའི་ལྷ་ཚོགས་ལས། །འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། །དམིགས་ཡུལ་ཚེ་འདས་རྣམས་ལ་ཕོག །སྡིག་སྒྲིབ་ཐམས་ཅད་སངས་སེ་དག །རང་གི་ཐུགས་ཀའི་འོད་ཟེར་གྱིས། །ཚེ་འདས་དེ་ཉིད་བཏུམས་བྱས་ཏེ། །སྐར་མདའ་ཆད་པ་བཞིན་དུ་ནི། །བདེ་བ་ཅན་དུ་འཕང་བར་བསྒོམ། །ཨོཾ་བཛྲ་སཏྭ་ཧཱུཾ། ཏདྱ་ཐཱ། ཧ་ནེ་ཧ་ནེ་ཨ་ནོ་ལི་མི་ཏ་ཡེ། གུ་རུ་ཡེ། བཛྲ་སཏྭ་ཧཱུཾ་སྭཱ་ཧཱ། དེ་ནི་གནམ་ཆོས་གདམས་པའོ། །དེ་ནས་རང་གི་ཐུགས་ཀ་ནས། །འོད་ཟེར་ལྕགས་ཀྱུ་ལྟ་བུ་


CMR032_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། །ཤར་ལྷོའི་དུར་ཁྲོད་བསིལ་བའི་ཚལ། །ཙནྡན་ཤིང་གི་སྡོང་པོའི་རྩེར། །ཕྱག་དྲུག་མགོན་པོ་བཞུགས་པ་སྟེ། །སྤྱན་དྲངས་མདུན་དུ་བཞུགས་པར་བསྒོམ། །མགོན་པོའི་སྤྱི་བོར་མི་བསྐྱོད་པ། །དབང་རྟགས་རང་ཆས་བཞུགས་པ་དེའི། །སྐུ་ལས་འོད་ཟེར་སྔོན་པོ་འཕྲོས། །ཚེ་འདས་སྡིག་སྒྲིབ་སྦྱང་བར་བསྒོམ། །བླ་མ་མགོན་པོ་དབྱེར་མེད་ལ། །ཚེ་འདས་གུས་པས་སྐྱབས་སུ་མཆི། །འབྲེལ་ཐོགས་ཚེ་འདས་ཐམས་ཅད་ཀྱི། །རིགས་དྲུག་སྐྱེ་སྒོ་བཅད་དུ་གསོལ། །བདེ་བ་ཅན་དུ་ལམ་སྣ་དྲོངས། །དེ་ལྟར་ངག་གམ་ཡིད་ཀྱིས་ནི། །གསོལ་བ་བཏབ་པས་མགོན་པོ་ཡི། །ཕྱག་དྲུག་རིགས་དྲུག་སྐྱེ་སྒོ་བཅད། །རང་འདྲའི་སྤྲུལ་པ་དཔག་མེད་ཀྱིས། །ཧཱུཾ་ཕཊ་ཊཱ་རུའི་སྒྲ་བསྒྲགས་པས། །ཐར་པ་ཐོབ་ཏུ་མི་འཇུག་པའི། །གཤེད་དང་ལན་ཆགས་ཟ་འདྲེ་རྣམས། །གླིང་བར་མུན་པའི་ནང་དུ་བྲོས། །འབྲེལ་ཐོགས་ཚེ་འདས་ཐམས་ཅད་སྒྱུ་ནི། །ཕྱག་གཡོན་ཞགས་པས་སྐེ་ནས་བཏགས། །རང་དབང་མེད་པར་ཁྲིད་ནས་ཀྱང་། །མགོན་པོའི་ཚོགས་རྣམས་ཐམས་ཅད་ཀྱིས། །འབྲེལ་ཐོགས་ཚེ་འདས་ཐམས་ཅད་


CMR032_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་། །བྱ་ཁྱུ་འགྲོགས་ནས་འཕུར་བ་ལྟར། །བདེ་བ་ཅན་དུ་གཤེགས་པར་བསྒོམ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀིཾ་ཀྵེ་ཊ་བིགྷཱན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ༔ འབྲེལ་ཐོགས་ཚེ་འདས་ཐམས་ཅད། ཨོ་པདྨེ་པདྨེ་པདྨ་སཾ་བྷ་ཝ་མ་ཧཱ་སུ་ཁ་ཝ་ཏི་གཙྪནྟུ་སྭཱ་ཧཱ། །མགོན་པོའི་ལས་ཚོགས་ལས་བྱུང་བ། །ཅུང་ཞིག་གསལ་བར་བྱས་པ་ཡིན། །དེ་རྣམས་གསང་སྔགས་ཕྱི་པའི་ལུགས། །རྒྱལ་བ་རྒྱ་མཚོ་གསང་འདུས་དང་། །བདེ་མཆོག་རྟ་མགྲིན་གུར་དྲག་སོགས། །བླ་མེད་ལུགས་རྣམས་མཚུངས་པ་སྟེ། །རྒྱལ་བ་རྒྱ་མཚོ་དང་སྦྱོར་ན། །རང་ཉིད་ལྷ་དགུའི་ཏིང་འཛིན་གསལ། །ཐུགས་ལས་ལྷ་མོ་ལྕགས་ཀྱུ་མ། །གྲངས་མེད་འཕྲོས་པས་ཚེ་འདས་ཀྱི། །ལྕགས་ཀྱུའི་ས་བོན་ཚྭ་ནས་བཟུང་། །ལྷ་མོ་བྱམས་པའི་ངོ་བོ་ཡིན་། །སྙིང་རྗེའི་ལྷ་མོ་ཞགས་པ་མ། །དཔག་མེད་སྤྲོས་པས་མགུལ་ནས་བཅིངས། །རང་དབང་མེད་པར་མདུན་དུ་བཀུག །དགའ་བའི་ལྷ་མོ་ལྕགས་སྒྲོག་མས། །ལྕགས་བཅུག་འབྲོས་མི་ཤེས་པར་བྱས། །བཏང་སྙོམས་ལྷ་མོས་དྲིལ་བུའི་སྒྲས། །ཤིན་ཏུ་དགའ་ཞིང་མགུ་བར་བྱས། །རང་གི་སྣ་གཡས་རླུང་བུས་པས། །འོད་ཟེར་དཀར་པོ་ཁོ་ལ་


CMR032_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཕོག །ཚེ་འདས་འོད་དུ་ལྟེམ་གྱིས་ཞུ། །རླུང་ཞིག་ནང་དུ་རྔུབ་པ་ཡིས། །ཚེ་འདས་སྣ་བུག་གཡོན་ནས་དྲངས། །རང་ཉིད་རྒྱལ་བ་རྒྱ་མཚོ་ཡི། །སྤྱི་བོ་བདེ་ཆེན་འཁོར་ལོ་ན། །སྐུ་ཡི་སྤྱན་རས་གཟིགས་དང་མཇལ། །དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། །དེ་ནི་དབུ་མའི་རྒྱུད་ནས་བབས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ནས། །གསུང་གི་སྤྱན་རས་གཟིགས་དང་མཇལ། །མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། །སྙིང་ག་ཆོས་ཀྱི་འཁོར་ལོ་ན། །ཐུགས་ཀྱི་སྤྱན་རས་གཟིགས་དང་མཇལ། །དགའ་བྲལ་ཡེ་ཁ། ཤེས་རྒྱུད་ལ་སྐྱེས། །ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །ཡོན་ཏན་སྤྱན་རས་གཟིགས་དང་མཇལ། །ལྷན་སྐྱེས་དགའ་བ་རྒྱུད་ལ་སྐྱེས། །གསང་གནས་བདེ་སྐྱོང་འཁོར་ལོ་ན། །ཕྲིན་ལས་སྤྱན་རས་གཟིགས་དང་མཇལ། བདེ་སྟོང་རྟོགས་པ་རྒྱུད་ལ་སྐྱེས། །རྣམ་ཤེས་བྱང་སེམས་ངོ་བོ་སྟེ། །ཕག་མོ་ཡུམ་གྱི་བྷ་གར་བབས། །ཧཱི༔ཡིག་དམར་པོ་གཅིག་ཏུ་གླུ་གྱུར་། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས། །སངས་རྒྱས་ཀུན་གྱི་བྱིན་རླབས་བསྡུས། །ཚུར་འདུས་ཧྲུལ་ཐིམ་པ་ཡིས། །པདྨ་


CMR032_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿཡིས་མཚན་པར་གྱུར། །དེ་ཉིད་ཀྱང་ནི་འོད་དུ་ཞུ། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །སྐུ་ཆུང་ཡན་ལག་དོད་པར་གྱུར། །སླར་ཡང་ཡབ་ཡུམ་སྙོམས་འཇུག་སྒྲ། །ཧ་ཧ་སི་སི་ཀུན་ཏུ་རུ། །བཛྲ་དྷིག་ཅེས་སྒྲ་བསྒྲགས་པས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས། །རང་དབང་མེད་པར་སྤྱན་དྲངས་ཏེ། །རང་ཉིད་ཡབ་ཀྱི་ཞལ་དུ་ཞུགས། །བྱང་སེམས་ཐིག་ལེའི་ངོ་བོར་ཞུ། །ཡབ་ཀྱི་རྡོ་རྗེའི་སྦུབས་ནས་བབས། །བྷ་གའི་སྲས་ལ་དབང་བསྐུར་ཏེ། །བདུད་རྩིའི་རྒྱུན་གྱིས་སྡིག་སྒྲིབ་དག །སྐུ་གང་དབང་བཞི་ཡོངས་རྫོགས་ཐོབ། །དབང་རྟགས་རིགས་བདག་མཚན་པར་གྱུར། །ཡུམ་གྱི་རྩིབ་བར་གཡོན་པ་ནས། །ཐོན་ཏེ་མདུན་གྱི་ནམ་མཁར་རུ། །ཟླ་བའི་གདན་ལ་འཁོད་པ་ལ། །རང་གི་ཤངས་བུག་གཡས་པ་ནས། །ཤིན་ཏུ་ཤུགས་དྲག་རླུང་ཞིག་འཕྲོས། །ཟླ་བའི་དཀྱིལ་འཁོར་ལ་ཕོག་པས། །རྩལ་པོ་ཆེ་ཡིས་མདའ་འཕངས་ལྟར། །བདེ་བ་ཅན་གྱི་ཞིང་དུ་སོང་། །འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ། །འོད་དཔག་མེད་ཀྱི་སྐུ་གསུང་ཐུགས། །བདག་དང་ཚེ་འདས་ལུས་ངག་ཡིད། །དབྱེར་མེད་སྤྲོས་བྲལ་ཕྱག་རྒྱུ་


CMR032_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི། །ལྟ་བའི་ངང་ལ་ཡུན་རིང་གཞག །འདི་ནི་བླ་མེད་རྒྱུད་སྡེ་དང་། །རྟ་མགྲིན་ཡང་གསང་ཁྲོས་པ་ཡི། །གཞུང་ནས་ཨོ་རྒྱན་ཆེན་པོས་གསུངས། །དེ་དོན་གོ་བདེར་བཀོད་པའོ། །བླ་མེད་ལུགས་འདི་བསྒོམ་པ་ལ། །བསྐྱེད་རྫོགས་ངེས་ཤེས་ཐོབ་པ་དགོས། །ཕལ་གྱིས་བསྒོམ་པར་མི་རུང་ངོ་། །འཕྲལ་དུ་ཚེ་འདས་མིང་ཆ་གཟུགས་ཅན། །མེད་ཀྱང་འབྲེལ་ཐོགས་ཚེ་འདས་མང་། །འབྲེལ་ཐོགས་ཀུན་ལ་ཕན་པའི་ཐབས། །རང་ཉིད་རྒྱལ་བ་རྒྱ་མཚོའམ། །གསང་འདུས་སྐུ་རུ་གསལ་བ་ཡི། །ཐུགས་ཀའི་ཧཱུྃལས་འོད་འཕྲོས་པས། །འབྲེལ་ཐོགས་གཤིན་པོ་གསོན་པོ་ཡིས། །གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི། །སྤྱི་བོར་སྤྱན་རས་གཟིགས་དམར་པོ། །རྒྱན་མེད་བཞེངས་ནས་བཞུགས་པར་བསྒོམ། །ཕྱག་གཡས་བགྲང་ཕྲེང་གཡོན་བུམ་པ། །བུམ་ནང་བདུད་རྩིའི་རྒྱུན་བབས་པས། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་བཀྲུས། །ཐུགས་ཀའི་ཧྲིལས་ཧྲིཞིག་འཕྲོས། །སྤྱི་བོ་ནས་ཞུགས་ཐུགས་ཀར་སོང་། །དེ་ཡི་འོད་ཀྱིས་སེམས་ཅན་ཀུན། །སྤྱན་རས་གཟིགས་ཀྱི་སྐུར་གྱུར་ཏེ། །ཀུན་གྱིས་རང་གི་རིམ་བུ་བཀྱག །


CMR032_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བདུན་སྒྲ་ཡིས་འཇིག་རྟེན་གང་། །ཡིག་བདུན་མཇུག་ཏུ་སྔགས་འདི་སྦྱར། །ཨ་ར་པ་ཙ་མི་ཏ་ཧྲིདཱ་ཡ་སྭཱ་ཧཱ། །འདི་ནི་འགྲོ་དོན་ཚར་རྒྱུན་མ། །སངས་གླིང་གཏེར་ཁར་ཨོ་རྒྱན་གསུངས། །འཁོར་བ་དོང་སྤྲུག་དམིགས་རིམ་ནི། །རང་ཉིད་སྐད་ཅིག་དྲན་རྫོགས་ལ། །ཕྱག་སྟོང་སྤྱན་སྟོང་རི་རབ་ཙམ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །འཛམ་གླིང་བྱེ་བ་ཕྲག་བརྒྱ་ན། །རང་འདྲ་བྱེ་བ་ཕྲག་བརྒྱ་སྟེ། །ཐམས་ཅད་རང་ཉིད་ཡིན་པར་བསྒོམ། །བཅུ་གཅིག་ཞལ་གྱི་གཟུངས་རིང་ངམ། །ཡི་གེ་དྲུག་པ་གང་འདོད་བཟླས། །རང་གི་སྔགས་སྒྲ་བསྒྲགས་པ་ཡིས། །སེམས་ཅན་ཀུན་གྱིས་རམ་བུ་བཀྱག །ནམ་མཁའི་མཐར་ཐུག་ཞིང་ཁམས་ཀུན། །སྔགས་སྒྲས་འུར་ཆོམ་འཇིག་རྟེན་གཡོས། །འབྲེལ་ཐོགས་ཤི་གསོན་གཙོར་བྱས་པའི། །སེམས་ཅན་ཀུན་གྱི་སྒྲིབ་པ་དག །ཀུན་ཀྱང་འཕགས་པ་སྤྱན་རས་གཟིགས། །འགྲོ་འདུལ་སྐུ་ནི་ཁོ་ནར་གྱུར། །བསྐྱེད་རིམ་དེ་ནི་མི་བསྡུ་སྟེ། །ཉམས་ལེན་སྟོང་ཉིད་ངང་ལ་བཞག །དེ་ལྟར་བསྐྱེད་རིམ་གསལ་བ་ཡིས། །ཡིག་དྲུག་བརྒྱ་རྩ་བརྒྱད་བཟླས་ཀྱང་། །ཐུགས་རྗེ་ཆེན་པོ་འགྲུབ་པར་


CMR032_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །སྲོང་བཙན་སྒམ་པོའི་ཐུགས་དམ་སྟེ། །གཏེར་ཁ་གསར་རྙིང་འགའ་ནས་འབྱུང་། །འཁོར་བ་དོང་སྤྲུག་ཏིང་འཛིན་ཡིན། །སེམས་ཅན་ཀུན་གྱི་དོན་དམིགས་ནས། །ཨུཎྜི་ཋནི་ལན་གསུམ་བརྗོད། །དེ་ཡི་དགེ་བས་འབྲེལ་ཐོགས་ཀུན། །བདེ་ཆེན་ཞིང་སྐྱེའི་བསྔོ་སྨོན་བྱ། །གསར་རྙིང་མདོ་རྒྱུད་ཀུན་གྱི་དོན། །དགེ་སློང་རཱ་ག་ཨ་སྱ་ཡི། །ཡིད་ལ་སྔར་ནས་གསལ་བ་ལ། །མ་ཕམ་དྲག་ལུ་ཚེ་འདས་པའི། །རྐྱེན་བྱས་རྒྱུན་ཁྱེར་ཉམས་ལེན་སྐབས། །བླ་མ་བརྩོན་འགྲུས་རྒྱ་མཚོ་ཡིས། །བསྐུལ་ནས་ཡི་གེ་པ་བྱས་ཏེ། །ཤིང་སྦྲུལ་སྨིན་དྲུག་ཟླ་བ་ཡི། །དམར་པོའི་ཚེས་གཅིག་དགོང་ཐུན་མཚམས། །བྲིས་ལ་འགལ་འཁྲུལ་མཆིས་ན་བཤགས། །དགེ་བས་འགྲོ་དོན་རྒྱ་ཆེར་ཤོག །ལེའུ་ཉེར་ལྔ་པའོ་མངྒ་ལཾ།། །།


previousལེའུ་ཉེར་ལྔ་པ། འབྲེལ་ཚད་ཚེ་འདས་དག་པའི་ཞིང་ཐོབ་ཕྱིར། །ཚེ་འདས་གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་ཡོད། །next