Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་ཉེརདྲུག་པ། བསྐྱེད་རིམ་གཙོར་སྟོན་མ་ཧཱ་ཡོ་གའི་ལུགས། །ཡི་དམ་སྤྱི་སྒྲུབ་སྔགས་ཀྱི་འབྲུག་སྒྲ་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་ཉེརདྲུག་པ། བསྐྱེད་རིམ་གཙོར་སྟོན་མ་ཧཱ་ཡོ་གའི་ལུགས། །ཡི་དམ་སྤྱི་སྒྲུབ་སྔགས་ཀྱི་འབྲུག་སྒྲ་ཡོད། །next

ལེའུ་ཉེརདྲུག་པ། བསྐྱེད་རིམ་གཙོར་སྟོན་མ་ཧཱ་ཡོ་གའི་ལུགས། །ཡི་དམ་སྤྱི་སྒྲུབ་སྔགས་ཀྱི་འབྲུག་སྒྲ་ཡོད། །


CMR032_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

༼ལ༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། བླ་མེད་གསང་སྔགས་གསར་རྙིང་ཡི་དམ་མཁའ་འགྲོ་སྤྱི་ཡི་ཕྱི་་སྒྲུབ་སྔགས་ཀྱི་འབྲུག་སྒྲ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ། གསར་རྙིང་བླ་མེད་རྒྱུད་སྡེ་ཐམས་ཅད་ཀྱི། །སྒྲུབ་པའི་གནད་དང་དམིགས་རིམ་ཤེས་


CMR032_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཆེ། །དབང་ཐོབ་སྒྲུབ་ཐབས་ཤེས་པའི་རི་ཁྲོད་པས། །ཐོག་མ་ཉིད་དུ་ཕྱི་སྒྲུབ་ཉམས་སུ་ལེན། །ཕུག་གཏོར་ནང་མཆོད་མཆོད་པ་རྣམ་ལྔ་དང་། །ཌཱ་དྲིལ་སྔོན་འགྲོ་གཏོར་མ་ཙམ་ཞིག་ལས། །དཀྱིལ་འཁོར་ལ་སོགས་སྒྲུབ་རྫས་གཞན་མི་དགོས། །ཉིན་རེ་སྔོན་འགྲོ་གཏོར་མ་རེ་རེས་ཆོག །ཐུན་ཞེས་བྱ་བ་ཆོ་གའི་འགོ་བརྩམས་ནས། །བསྙེན་པ་བྱས་ཏེ་བདག་བསྐྱེད་མ་བསྡུས་བར། །དེ་བར་ངག་ནི་བཏང་བར་མི་བྱ་ཞིང་། །ཐུན་མཚམས་ངག་བཏང་གསར་མ་པ་ཡི་ལུགས། །སྒྲུབ་པ་མ་རྫོགས་བར་དུ་ངག་གཅོད་པ། །དེ་ནི་རྙིང་མ་པ་ཡི་ལུགས་ཡིན་ནོ། །ཐུན་གྱི་མཚམས་འདིར་གཏོར་བསྔོས་བྱེད་པ་ཡིན། །གཏོར་མགྲོན་རྣམས་ཀྱང་རྟེན་གསུམ་རྣམས་ལ་བསྟིམ། །མེད་ན་རང་ལ་བསྟིམ་པའི་ལུགས་ཀྱང་ཡོད། །དེ་ནས་སྣོད་བཅུད་འོད་ཞུ་གཞལ་ཡས་ཁང་། །གཞལ་ཡས་འོད་ཞུ་འཁོར་ལྷ་རྣམས་ལ་ཐིམ།་་་་འཁོར་ལྷ་མེད་ཅིང་ལྷ་གཙོ་རྐྱང་ཡིན་ན་སྣོད་བཅུད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ་ཞེས་གསུངས། འོད་ཞུ་རང་ལ་ཐིམ་པར་བསམ་མོ། མཆན། །འཁོར་ལྷ་འོད་ཞུ་བདག་ལ་ཐིམ་པར་བསྒོམ། །བདག་ཀྱང་འོད་ཞུ་ཐུགས་ཀའི་ས་བོན་ལ། །ས་བོན་གྱེན་དུ་ཡལ་ནས་ནཱ་ད་ནི། །


CMR032_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་ཡི་རྩེ་མོ་བརྒྱར་གཤགས་ཆ་ཤས་ཙམ། །དེ་ལ་ཡུན་རིང་བར་དུ་སེམས་བཟུང་བ། །ཞི་གནས་སྒོམ་ལུགས་མཆོག་ཏུ་ཟབ་པ་ཡིན། །དེ་ནས་དེ་ཡང་ཡལ་ནས་སྟོང་པ་ཉིད། །སྟོང་པ་ཡིན་སྙམ་འཛིན་པས་མི་བཅིང་པ། །སེམས་ལ་བཟོ་བཅོས་མེད་པར་ཀློད་དེ་བཞག །དེ་ནི་ལྷག་མཐོང་སྒོམ་ཐབས་མཆོག་ཏུ་ཟབ། །གང་ཟག་ལས་ནི་དང་པོ་པ་རྣམས་ཀྱིས། །བསྐྱེད་རྫོགས་ཟུང་དུ་འཇུག་ཏུ་མི་ཐུབ་པས། །གོང་དུ་བསྐྱེད་རིམ་ཇི་ཙམ་བསྒོམ་པའི་ཡུན། །མཇུག་ཏུ་ཞི་ལྷག་དེ་གཉིས་བསྒོམ་དགོས་ཞེས། །ནཱ་རོ་པཎྜི་ཏ་ཡི་བཞེད་པ་ཡིན། །དེ་ནས་མཁའ་ལ་འཇའ་ཚོན་ཤར་བའམ། །དྭངས་པའི་ཆུ་ལ་ཉ་ནི་ལྡང་བ་ལྟར། །རང་ཉིད་གཙོ་རྐྱང་རྒྱན་མེད་ཞིག་བསྒོམས་ཏེ། །ཐུན་མཚམས་ནས་བྱ་བ་གང་དགོས་བྱེད་པ་ཡིན། །སླར་ཡང་ཐུན་ནི་བཟུང་ལུགས་སྔར་ལྟར་ཏེ། །གསར་བུ་རྣམས་ཀྱིས་བསྐྱེད་རིམ་མི་གསལ་ཕྱིར། །ཐུན་གྲངས་མང་བ་བསྐྱེད་རིམ་གསལ་སྒྱུ་འདེབས་ཡིན། །ཞོགས་པ་སྔ་དྲོ་ཉིན་གུང་དགོང་ཀ་བཞི། །སྲོད་དང་ཐོ་རངས་ཐུན་དྲུག་བྱ་བ་སྟེ། །དེ་ནི་བདེ་དགྱེས་ལ་སོགས་འགྲེལ་ཆེན་གསལ། །དེ་ལ་གོམས་ནས་ཐུན་ནི་


CMR032_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བྱས་ཏེ། །ཉིན་ཐུན་བཞི་སྟེ་མཚན་ཐུན་གཅིག་ཡིན་ནོ། །དེ་ལ་གོམས་ནས་ཉིན་གསུམ་མཚན་དང་བཞི། །དེ་ལ་གོམས་པས་ཉིན་གཉིས་མཚན་དང་གསུམ། །ཤིན་ཏུ་ལྷགོམས་ན་ཉིན་ཐུན་མཚན་ཐུན་གཉིས། །སྒྲུབ་པའི་ཐུན་ལ་དེ་ལས་ཉུང་ཐབས་མེད། །སྤྱིར་ནི་ཡི་དམ་སྒྲུབ་པ་གང་དང་གང་། །གསར་མའི་ལུགས་ལ་བསྙེན་སྒྲུབ་ཡན་ལག་བཞི། །བསྙེན་དང་ཉེ་བསྙེན་སྒྲུབ་དང་སྒྲུབ་ཆེན་པོ། །རྙིང་མའི་ལུགས་ལ་བསྙེན་སྒྲུབ་ལས་གསུམ་པོ། །དོན་ལ་འདྲ་སྟེ་ཀུན་ལ་ཚང་དགོས་སོ། །རང་གི་ཐུགས་ཀར་ཞི་ཁྲོའི་ཁྱད་པར་གྱི་་་་་་་ཚེ་དཔག་མེད་དམ་སྤྱན་རས་གཟིགས་པད་འབྱུང་ལྟ་བུ་ལྷ་ཞི་བའི་རིགས་ཡིན་ན་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་སོ་སོའི་ས་བོན་བསྒོམ་མཚན། །པད་སྟེང་ཉི་ཟླ་གང་རུང་དཀྱིལ་འཁོར་སྟེང་།་་་་་་མགྲིན་གུར་དྲག་ཕག་ཁྲོས་སེང་གསུམ་སོགས་ལྷ་ཁྲོ་བོ་ཁྲོ་མོ་བསྒྲུབ་པ་ཡིན་ན་ཐུགས་ཀར་པདྨ་དང་དེའི་སྟེང་དུ་ཉི་མ་དེའི་སྟེང་དུ་རང་རང་གི་ས་བོན་གཡོ་འགུལ་མེད་པ་སྟན་ལ་ཁབ་བཙུགས་པ་ལྟར་སྒོམ་པ་ཞལ་ཤེས་འདིའང་མཆན། །ས་བོན་གང་ཡིན་འགྲེང་ཐབས་གནས་པ་སྟེ། །ཡིག་མགོ་བལྟ་ས་མདུན་ཡིན་མདུན་དུ་ལྟ། །དེ་ནི་རྙིང་མའི་ལུགས་ཡིན་འཆུག་པ་མེད། །གསར་མ་ལ་ནི་མིག་གིས་མཐོང་ས་འདི། །ཡི་གེའི་མདུན་ཡིན་ཟེར་ཀྱང་དག་པ་


CMR032_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །མཚན་ཉིད་རིག་པ་སྨྲ་བའི་དགེ་བཤེས་རྣམས། །ཡི་གེའི་གཟུགས་འདི་ཡི་གེ་མ་ཡིན་ཏེ། །ཡི་གེ་སྒྲ་ཡིན་རྣ་བའི་སྤྱོད་ཡུལ་ཡིན། །ཡི་གེ་མིག་གིས་མཐོང་བ་མི་སྲིད་ཟེར། །དེ་སོགས་ཐ་སྙད་རིག་པ་འདིར་མི་འཐད། །གསང་སྔགས་རྣམ་པ་ལམ་དུ་བྱེད་པ་སྟེ། །དཔེར་ན་སྟོང་ཉིད་ཆོས་སྐུ་ཡུམ་ཆེན་མོ། །ཕག་མོའི་གཟུགས་སུ་སྣང་བ་ལྟ་བུའོ། །ས་བོན་མཐའ་དེར་ལྷ་ནི་ཕོ་རིགས་ལ། །མདུན་ནས་བརྩམ་སྟེ་ཡིག་ངོ་ཕྱིར་བསྟན་པ། །གཡོན་ནས་བཀོད་དེ་མདུན་གཡས་མཇུག་རྫོགས་པ། །དཔེར་ན་ཨ་ལོང་འཕྲལ་ཁ་ལྟ་བུའོ། །མོ་རིགས་ལྷ་ལ་མདུན་ནས་གཡས་བསྐོར་དུ། །སྔགས་ངོ་ནང་དུ་བསྟན་ནས་བཀོད་པ་སྟེ། །བཀོད་ཅེས་བྱ་དང་བསྐོར་ཞེས་བྱ་བ་གཉིས། །གནད་ཆེན་ཡོད་ཀྱང་བྲིས་པས་ཡི་གེ་ནོར། །སྒྲུབ་ཐབས་ཕལ་ཆེར་ལོག་པར་སོང་བ་མང་། །རང་གི་ཐུགས་ཀར་ས་བོན་སྔགས་ཕྲེང་བཀོད། །མ་ཡེངས་དེ་ལ་རིག་པ་རྩེ་གཅིག་སྒྱུ་གཏད། །སྔགས་ཕྲེང་ཡིག་འབྲུ་ཡིད་ལ་གསལ་བཞིན་དུ། །དེ་ཉིད་ཅུང་ཟད་ཀློག་པའི་ཚུལ་དུ་བཟླས། །ཡིག་འབྲུ་རྣམས་ལས་རང་སྒྲ་གྲག་པར་བསམ། །དེ་ནི་བསྙེན་པའི་


CMR032_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ཞེས་བྱའོ། །དེ་ནས་སྔགས་ཕྲེང་དེ་ནི་མི་འཁོར་བར། །སྔགས་ལས་བྱུང་བའི་འོད་ཟེར་ཁ་དོག་ལྔ། །ཕྲེང་བ་མི་འཁོར་ཕྲེང་ལུང་འཁོར་བ་བཞིན། །ཕོ་གཡས་མོ་གཡོན་དྲག་ཏུ་འཁོར་བར་བསམ།་་་་་ཞལ་སྦྱོར་གྱི་ལྷ་ཡིན་ནའང་ཡབ་ཀྱི་ཐུགས་ཀར་སྔགས་གཡས་སུ་འཁོར་བ་ཡུམ་གྱི་ཐུགས་ཀར་ཡུམ་གྱི་སྔགས་གཡོནདུ་འཁོར་བར་བསྒོམ། །མཆན། །དེ་ནས་སྔགས་ཕྲེང་དང་པོ་དལ་བུས་འཁོར་། །དེ་ནས་ཇེ་མགྱོགས་ཤིན་ཏུ་དྲག་ཏུ་འཁོར། །དེ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། །སེམས་ཅན་ཀུན་གྱི་སྒྲིབ་གཉིས་བག་ཆགས་སྦྱང་། །རྒྱལ་བའི་བྱིན་རླབས་འགྲོ་བའི་ཚེ་བསོད་ཀུན། །འོད་ཟེར་དེས་བསྡུས་རང་ལ་ཐིམ་པར་བསྒོམ། །དེ་ནི་ཉེ་བར་བསྙེན་པའི་དམིགས་པ་སྟེ། །གསང་སྔགས་རྙིང་མ་པ་ཡི་ལུགས་ལ་ནི། །ཟླ་སྐར་ཕྲེང་བ་ལྟ་བུའི་ཛབ་དགོངས་ཟེར། །དེ་ནི་སྤྱི་ཡི་ལུགས་ཡིན་ཁྱད་པར་དུ། །གྲུབ་ཆེན་པཀཱིའི་ཁྱད་ཆོས་ངག་ནི། །འོད་ཟེར་ཕར་འཕྲོས་གྲུབ་ཆེན་བརྒྱད་ཅུ་སོགས། །རྒྱ་བོད་རིག་འཛིན་ཐམས་ཅད་འོད་དེས་མཆོད། །ཐུགས་དགྱེས་ཐམས་ཅད་ཡི་དམ་སྐུ་རུ་གྱུར།་་་་ཡི་དམ་ཟེར་བའི་


CMR032_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལྷ་གང་ཡིན་པ་དེའི་སྐུར་གྱུར་པར་བསྒོམ་པའོ། །མཆན། །ཆར་བཞིན་བབས་ནས་རང་ལ་ཐིམ་པར་བསམ། །དེ་བཞིན་འོད་ཟེར་ཕར་ལ་འཕྲོས་པ་ཡིས། །གསར་རྙིང་རྒྱུད་སྡེའི་ལྷ་ཚོགས་ཐམས་ཅད་མཆོད། །ཐམས་ཅད་རང་གི་ཡི་དམ་ལྷ་དེར་གྱུར། །ཆར་བཞིན་བབས་ནས་རང་ལ་ཐིམ་པར་བསམ། །དེ་བཞིན་འོད་ཟེར་ཕར་ལ་འཕྲོས་པ་ཡིས། །ཕག་ཁྲོས་སེང་སོགས་ཡེ་ཤེས་མཁའ་འགྲོའི་ཚོགས། །མ་མགོན་ལ་སོགས་ཡེ་ཤེས་ཆོས་སྐྱོང་མཆོད། །ཐམས་ཅད་རང་གི་ཡི་དམ་སྐུར་གྱུར་ཏེ།་་་ཡབ་ཡུམ་ཞལ་སྦྱོར་ཡོད་པའི་ལྷ་ཡིན་ན་ལྷ་དེ་ཡི་སྐུ་གྲངས་མེད་པ་ཆར་བབས་ལྟར་བྱོན་ནས་བདག་བསྐྱེད་ཡབ་ཡུམ་ལ་ཐིམ་པར་བསྒོམ། རྨོངས་པ་ལ་ཕན་པའི་ཞལ་ཁྲིད་མཆན། །ཆར་བཞིན་བབས་ནས་རང་ལ་ཐིམ་པར་བསྒོམ། །འདི་དུས་སྔགས་ནི་ཡིད་བཟླས་བྱེད་པ་དང་། །སྤྲོ་བསྡུ་རླུང་དང་བསྲེས་ན་ཤིན་ཏུ་ལེགས། །མ་ལྕོགས་སྔགས་དང་དམིགས་པས་ཆོག་པ་ཡིན། །འདི་དོན་རྒྱས་པར་སྤྲོ་ན་མཐའ་ཡས་ཏེ། །བསྲེ་བ་གསུམ་གྱི་རྩ་བ་མདོར་བསྡུས་ཡིན། །ལྷ་དང་དཀྱིལ་འཁོར་ལ་སོགས་གང་འདོད་ལ། །ཤེས་རབ་ལྡན་པས་རིགས་འགྲེས་ཤེས་པར་གྱིས། །ལྷ་གཅིག་བསྒྲུབ་པས་ཐམས་ཅད་འགྲུབ་པའི་


CMR032_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས། །ཀརྨ་པཀྵིའི་ཐུགས་ཀྱི་སྙིང་ཁུའོ། །རང་གི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་གྱིས། །སྣོད་ཀྱི་འཇིག་རྟེན་རང་གི་ཡི་དམ་དེའི། །ཞིང་ཁམས་གཞལ་ཡས་ཁང་དང་བཅས་པར་གྱུར། །བཅུད་ཀྱི་སེམས་ཅན་གཟུགས་ཅན་གཟུགས་མེད་ཀུན། །ཐམས་ཅད་ཡི་དམ་ལྷ་ཡི་སྐུར་གྱུར་ཏེ། །ཀུན་གྱིས་རང་གི་རིམ་བུ་བཀྱག་བྱས་ཏེ། །འུར་འུར་དིར་དིར་སྔགས་སྒྲ་སྒྲོག་པར་བསྒོམ། །དེ་ནི་སྒྲུབ་པའི་དམིགས་པ་ཡིན་པ་སྟེ། །རྒྱལ་པོ་སྲོང་བཙན་སྒམ་པོས་གསུངས་ལྟར་ན། །སྣང་བ་སྐུ་ཡི་ཁྱེར་སོ་ཞེས་བྱ་དང་། །གྲག་པ་གསུང་གི་ཁྱེར་སོ་ཞེས་བྱ་ཡིན། །དམིགས་པ་གསལ་ན་སྐད་ཅིག་རེ་རེར་ཡང་། །དུང་ཕྱུར་མང་པོ་འགྲོ་ཞེས་བཀའ་བརྒྱུད་གསུངས། །དེ་དོན་བོད་ཀྱི་གྲུབ་ཐོབ་ཚེམ་བུ་པས། །སྔགས་རེ་བཟླས་ཤིང་ཕྲེང་རྡོག་རེ་རེར་སྒྱུར། །དེ་འདྲས་འགྲུབ་པའི་དུས་ནི་མི་འོང་བས། །གོང་ལྟར་བསྒོམས་ལ་ཕྲེང་བ་ཧབ་ཆོད་བྱ། །གསུངས་ཕྱིར་ཆད་ལྷག་ཁ་སྐོང་ངེས་པར་འོང་། །གསང་སྔགས་རྙིང་མ་པ་ཡི་ལུགས་ལ་ནི། །བུང་བ་ཚང་ཞིག་ལྟ་བུའི་ཛབ་དགོངས་ཟེར། །སྒྲུབ་པའི་དམིགས་པ་དངོས་གཞི་ཡིན་པའོ། །རང་གི་ཐུགས་ཀའི་སྔགས་ཀྱི་


CMR032_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་ལས། །འོད་ཟེར་མཐིང་ག་དམྱལ་བའི་ཡུལ་དུ་འཕྲོས། །ཞེ་སྡང་སྡིག་སྒྲིབ་ཚ་གྲང་སྡུག་བསྔལ་སྦྱང་། །དམྱལ་ཁམས་མངོན་པར་དགའ་བའི་ཞིང་དུ་བསྒྱུར། །དམྱལ་བའི་སེམས་ཅན་རྡོ་རྗེ་སེམས་དཔའ་སོགས། །རྡོ་རྗེ་རིགས་ཀྱི་ཡི་དམ་ལྷ་རུ་བསྒྱུར། །ཀུན་ཀྱང་སྔགས་སྒྲ་འུར་འུར་སྒྲོག་པར་བསམ། །ཡང་ནི་རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་དམར་པོ་གློག་འོད་ལྟ་བུ་འཕྲོས། །ཡི་དྭགས་འདོད་ཆགས་བཀྲེས་སྐོམ་ཐམས་ཅད་སྦྱང་། །ཡི་དྭགས་འཇིག་རྟེན་བདེ་ཆེན་ཞིང་དུ་བསྒྱུར། །འགྲོ་བ་དེ་དག་སྣང་བ་མཐའ་ཡས་སམ། །པདྨའི་རིགས་ཀྱི་ཡི་དམ་ལྷ་སྐུར་བསྒྱུར། །ཀུན་ཀྱང་སྔགས་སྒྲ་འུར་དིར་སྒྲོག་པར་བསམ། །ཡང་ནི་རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་དཀར་པོ་དུད་འགྲོའི་གནས་སུ་འཕྲོས། །གཏི་མུག་སྒྲིབ་པ་གླེན་ལྐུག་སྡུག་བསྔལ་སྦྱང་། །དུད་འགྲོའི་འཇིག་རྟེན་མཐུག་པོ་བཀོད་པར་བསྒྱུར། །དུད་འགྲོ་སྒྱུ་ཐམས་ཅད་རྣམ་པར་སྣང་མཛད་སོགས། །བུདྨ་རིགས་ཀྱི་ཡི་དམ་སྐུ་རུ་བསྒྱུར། །ཀུན་ཀྱང་སྔགས་སྒྲ་དིར་དིར་སྒྲོག་པར་བསམ། །ཡང་ནི་རང་གི་ཐུགས་ཀའི་སྔགས་ཕྲེང་


CMR032_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ལས་། །འོད་ཟེར་སེར་པོ་ལྷ་དང་མི་ལ་འཕྲོས། །ང་རྒྱལ་དང་ནི་སེར་སྣའི་སྒྲིབ་པ་དག །ཕམ་ལྟུང་སྐྱེ་རྒས་ན་འཆི་སྡུག་བསྔལ་སྦྱང། །ལྷ་མིའི་འཇིག་རྟེན་དཔའ་ལྡན་ཞིང་དུ་བསྒྱུར། །ལྷ་མི་ཐམས་ཅད་རིན་ཆེན་འབྱུང་ལྡན་ནམ། །རིན་ཆེན་རིགས་ཀྱི་ཡི་དམ་ལྷ་སྐུར་བསྒྱུར། །ཀུན་ཀྱང་སྔགས་ཀྱི་སྒྲ་དབྱངས་སྒྲོག་པར་བསམ། །ཡང་ནི་རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་ལྗང་གུ་ལྷ་མིན་གནས་སུ་འཕྲོས། །ཕྲག་དོག་སྡིག་སྒྲིབ་འཐབ་རྩོད་སྡུག་བསྔལ་སྦྱང་། །ལྷ་མིན་འཇིག་རྟེན་ལས་རབ་ཞིང་དུ་ཆ་བསྒྱུར་། །ལྷ་མིན་ཐམས་ཅད་དོན་ཡོད་གྲུབ་པའམ། །ཀརྨ་རིགས་ཀྱི་ཡི་དམ་ལྷ་སྐུར་བསྒྱུར། །ཀུན་ཀྱང་སྔགས་སྒྲ་འུར་ཆེམ་སྒྲོག་པར་བསམ། །དེ་ནི་སྒྲུབ་པ་ཆེན་པོའི་དམིགས་པ་སྟེ། །རིགས་དྲུག་འཁོར་བ་དོང་སྤྲུགས་ཏིང་འཛིན་ནོ། །གསང་སྔགས་རྙིང་མ་པ་ཡི་ལུགས་ལ་ནི། །རྒྱལ་པོའི་ཕོ་ཉ་ལྟ་བུའི་ཛབྲ་དགོངས་ཟེར། །དེ་ལྟར་བསྙེན་དང་ཉེ་བར་བསྙེན་པ་དང་། །སྒྲུབ་དང་སྒྲུབ་པ་ཆེན་པོའི་དམིགས་རིམ་བཞི། །ཤེས་རབ་ཆེ་ན་ཐུན་རེར་ཚང་བར་བྱ། །འབྲིང་ནི་ཉིན་རེ་རེ་རེ་ཚང་བ་སྟེ། །བློ་རྨོངས་དམིགས་


CMR032_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤིན་ཏུ་ཟིན་དཀའ་ན། །རེ་རེ་ལ་ཡང་ཞག་པོ་གསུམ་ལྔ་བདུན། །སྒྲུབ་པ་ཚར་ལ་ཁད་ཚུན་རྫོགས་པས་ཆོག །དེ་དག་རྣམས་ནི་བསྙེན་དང་སྒྲུབ་པ་སྟེ། །དེ་ནས་ལས་ལ་སྦྱར་བའི་དམིགས་པ་ནི། །ཐོ་རངས་ནས་བཟུང་ཉི་མ་དྲོས་ཆེན་བར། །ཤར་དུ་ཁ་གྱུས་རྡོ་རྗེའི་སྐྱིལ་ཀྲུང་བཅས། །རང་གི་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ནི། །མུ་ཏིག་ཕྲེང་བ་ལྟ་བུ་འཁོར་བ་ལས། །འོད་ཟེར་དཀར་པོ་ཟླ་བའི་འོད་ལྟར་འཕྲོས། །བདག་དང་བསྲུང་བྱ་ཀུན་གྱི་ནད་གདོན་དང་། །འགྲོ་བ་ཀུན་གྱི་སྒྲིབ་གཉིས་བག་ཆགས་བཅས་། །བ་མོ་ལ་ནི་ཉི་ཟེར་ཕོག་པའམ། །མུན་པར་ཟླ་བ་ཤར་བཞིན་དག་པར་བསམ། །ཉི་དྲོས་ནས་ནི་ཉི་མ་ཕྱེད་ཀྱི་བར། །ལྷོ་རུ་ཁ་བལྟས་རྒྱལ་པོ་རོལ་སྟབས་འདུག ། རང་གི་ཐུགས་ཀའི་སྔགས་ཕྲེང་སེར་པོ་ནི། །གསེར་གྱི་ཕྲེང་བ་ལྟ་བུ་འཁོར་བ་ལས། །འོད་ཟེར་གསེར་མདོག་ཉི་མའི་འོད་བཞིན་འཕྲོས། །བདག་དང་བསྲུང་བྱའི་ཚེ་བསོད་མངའ་ཐང་དང་། །འགྲོ་བ་ཀུན་གྱི་ཡོན་ཏན་ཡེ་ཤེས་ནི། །འོད་དེས་རེག་པ་ཙམ་གྱིས་འཕེལ་རྒྱས་བསམ། །ཉིན་ཕྱེད་ཡོལ་ནས་ཉི་མ་ནུབ་ཀའི་བར། །ནུབ་ཏུ་ཁ་བལྟས་སྐྱིལ་


CMR032_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་ཕྱེད་པས་འདུག །རང་གི་ཐུགས་ཀའི་སྔགས་ཕྲེང་དམར་པོ་ནི། །ཁྱུ་རུའི་ཕྲེང་བ་ལྟ་བུ་འཁོར་བ་ལས། །འོད་ཟེར་དམར་པོ་གློག་ཞགས་ལྟ་བུ་འཕྲོས། །རྒྱལ་བ་ཀུན་གྱི་ཐུགས་རྗེ་བྱིན་རླབས་དང་། །འགྲོ་བའི་ཚེ་བསོད་འབྱུང་བའི་བཅུད་རྣམས་ཀུན། །ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བསྡུས་པ་ལྟར། །དབང་དུ་བསྡུས་ནས་རང་ལ་ཐིམ་པར་བསམ། །ཉི་མ་ནུབ་ནས་སྲོད་ནི་མ་ཡོལ་བར། །བྱང་དུ་ཁ་བལྟས་མགར་བའི་འདུག་སྟངས་བྱ། །རང་གི་ཐུགས་ཀར་སྔགས་ཕྲེང་མཐིང་ནག་ནི། །བེཌཱུརྱ་ཡི་ཕྲེང་བ་ལྟ་བུ་ལས། །འོད་ཟེར་མཐིང་ནག་ཚ་ལ་རྩུབ་པ་འཕྲོས། །རང་དང་བསྲུང་བྱ་ལ་གནོད་དགྲ་དང་བགེགས། །འགྲོ་བ་ཀུན་གྱི་བདུད་བཞི་ཉོན་མོངས་ཚོགས། །ཐམས་ཅད་བྱ་སྒོ་མེ་ལ་སྲེག་བཞིན་བསམ། །དེ་དག་བསྒོམ་ཚེ་སྔགས་ཀྱི་ཤམ་བུ་ནི། །རང་གི་ཡི་དམ་ལྷ་ཡི་སྔགས་མཇུག་ཏུ། །སྔ་དྲོ་་་སརྦ་པཱ་པཾ་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། །ཉིན་ཕྱེད་་་་ཨཱ་ཡུཔུརྱ་པུཊྚི་ཀུ་རུ་ཨོ་། དགོང་མོ་་་སརྦ་སིདྡྷི་ཝ་ཤཾ་ཀུ་རུ་ཧོ༔ ཉི་ནུབ་་་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔ དེ་སྐད་སྦྱར་ཞིང་བཟླས་པ་མན་ངག་སྟེ། །དེ་དོན་རྒྱུད་དང་རྒྱ་གཞུང་དུ་མར་འབྱུང་། །མང་ཉུང་


CMR032_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ནི་གོང་དུ་བསྙེན་སྒྲུབ་ནི། །ཇི་ཙམ་སོང་བའི་དུས་སམ་གྲངས་ཉིད་ཀྱི། །དུམ་བུ་བཅུ་རུ་བྱས་པའི་ཆ་གཅིག་ཙམ།་་་དཔེར་ན་བསྙེན་པ་འབུམ་ཕྲག་གཅིག་གོང་དུ་སོང་ན་ལས་སྦྱོར་ཤམ་བུ་ཁྲི་ཚོ་གཅིག་ཡིན་ཏེ་དེས་རིགས་འགྲེ་ཞེས་གསུངས་མཚན། །དེ་བས་མང་ན་བསྙེན་སྒྲུབ་ཉམས་འགྱུར་ཞིང་། །དེ་བས་ཉུང་ན་ཕྲིན་ལས་མི་འགྲུབ་བོ། །དེ་ནི་ལས་སྦྱོར་དམིགས་པ་ཞེས་བྱ་སྟེ། །རྙིང་མའི་ལུགས་ཀྱི་བསྙེན་སྒྲུབ་ལས་གསུམ་ཚང་། །དེ་ཙམ་ཕྱི་སྒྲུབ་ཇི་ཙམ་བྱ་བའི་ཡུན། །ཟླ་དྲུག་ཟླ་གསུམ་ཟླ་གཅིག་ཞག་ཉེར་གཅིག །ཞག་བདུན་ཡན་ཆད་རང་གིས་གང་ལྕོགས་བྱ། །གྲངས་ནི་བྱེ་བ་ས་ཡ་བདུན་འབུམ་དང་། །སུམ་འབུམ་བཞི་འབུམ་ཆིག་འབུམ་ཡན་ཆད་དོ། །གྲངས་ལ་མ་ངེས་རྟོགས་ལ་གཙོ་ཆེའི་ཕྱིར། །རྟགས་ཡིག་བཞིན་དུ་རྟགས་ཐོན་བྱ་བ་གཅེས། །བསོད་ནམས་ལྡན་པས་སྔགས་གྲངས་ཁྲི་ཕྲག་གིས། །འགྲུབ་པར་སངས་རྒྱས་ཐོད་པའི་རྒྱུད་ནས་གསུངས། །དེང་སང་དུང་ཕྱུར་བཟླས་ཀྱང་མི་འགྲུབ་པ། །ཏིང་འཛིན་མི་གསལ་སེམས་གཞན་ཡེངས་པའི་སྐྱོན། །སེམས་གཞན་ཡེངས་པས་བཟླས་བརྗོད་ལ་སོགས་པ། །བསྐལ་པར་བྱས་ཀྱང་འབྲས་བུ་མེད་པ་ནི། །


CMR032_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་གླིང་རྒྱན་གྱུར་སློབ་དཔོན་དབྱིག་གཉེན་གསུངས། །གཞུང་ནས་བསྙེན་ཚད་གསུངས་པ་ཐམས་ཅད་ཀྱང་། །མ་ཡེངས་རྩེ་གཅིག་བསྒོམ་པའི་དབང་དུ་ཡིན། །མ་ཡེངས་བསྒོམ་ན་ཡུན་རིང་མི་དགོས་ཏེ། །ཞག་གཅིག་བསྒྲུབ་པས་རྟགས་རྣམས་རྫོགས་ན་ཡང་། །བསྙེན་པ་རྫོགས་ཤིང་ལས་སྦྱོར་རུང་བ་ནི། །གསང་སྔགས་སྟོན་པ་པདྨ་འབྱུང་གནས་ཀྱིས། །རྡོ་རྗེ་ཕུར་པའི་གཞུང་ལས་གསུངས་པ་ཡིན། །དེ་ལྟར་བསྙེན་སྒྲུབ་རྫོགས་ནས་དེ་ཡི་རྗེས། །སྦྱིན་སྲེག་གྲུབ་ན་ཆད་ལྷག་ཁ་སྐོང་དང་། །སྒྲུབ་པ་མི་ཉམས་མཐའ་ནི་བཙན་པ་དང་། །དངོས་གྲུབ་མྱུར་དུ་སྨིན་པའི་གནད་ཡོད་ཅེས། །གསར་རྙིང་རྒྱུད་སྡེ་ཀུན་ནས་མགྲིན་གཅིག་གསུངས། །དེ་ཕྱིར་སྦྱིན་སྲེག་ཁྲི་ཕྲག་དགོས་གསུངས་པ། །སྦྱིན་སྲེག་གཅིག་ལ་སྔགས་གྲངས་ཁྲི་ཡིས་ཆོག །དེ་ནི་རབ་ཡིན་འབྲིང་དུ་ལས་བཞི་བླུག །ཐ་མ་ཕུན་སུམ་ཚོགས་པའི་སྦྱིན་སྲེག་བྱ། །ཡང་ན་རྫས་གཅིག་བརྟེན་པའི་སྦྱིན་སྲེག་བླུག །གལ་ཏེ་སྦྱིན་སྲེག་རང་གིས་མ་ཤེས་ན། །ཏིལ་ཉིད་སྲེག་པའི་སྦྱིན་སྲེག་ཁོ་ནས་རུང་། །སྦྱིན་སྲེག་མཁས་ཀྱང་ཡོ་བྱད་མ་འཛོམ་ན། །རྫས་དང་ཐབ་ཁ་དགང་བླུགས་མི་


CMR032_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ། །ངག་གིས་སྦྱིན་སྲེག་འདོན་ཅིང་ཡིད་ཀྱིས་བསྒོམ། །དེ་ཡིས་ཆོག་པར་རྒྱ་གཞུང་རྣམས་ནས་འབྱུང་། །དེ་ལྟར་བསྒྲུབས་པའི་དགེ་བ་བསྔོ་བ་དང་། །སྨོན་ལམ་བཀྲ་ཤིས་ལ་སོགས་རྒྱས་པར་བྱ། །བླ་མེད་ལུགས་ཀྱི་གསར་རྙིང་ཐམས་ཅད་ཀྱི། །ཡི་དམ་སྤྱི་ཡི་ཕྱི་སྒྲུབ་བྱ་ཚུལ་འདི། །རྟ་ལོ་རྒྱལ་ཟླའི་བཅུ་བཞིའི་དགོང་ཐུན་ལ། །སྨྲ་བར་བརྩམས་ཤིང་ཅུང་ཟད་སྨྲས་པའི་ཚེ། །གསང་སྔགས་བླ་མེད་གཉན་པའི་རྟེན་འབྲེལ་གྱིས། །སྒྱུ་ལུས་བྲོ་འཚལ་ཞག་འགའ་ལུས་པ་ལ། །བཅུ་དགུའི་ནུབ་མོར་སྨྲས་ན་ལེགས་པ་ཡི། །རྨི་ལྟས་མཐོང་ཕྱིར་ཉི་ཤུའི་དགོང་ཐུན་ནུབ། །རཱ་ག་ཨ་སྱས་ཇི་ལྟར་སྨྲས་པ་རྣམས། །བཱིརྱ་སཱ་ག་ར་ཡིས་ཡི་གེར་བྲིས། །འཁྲུལ་པའི་རྨི་ལམ་གཏད་ར་མེད་ན་ཡང་། །དཔེ་འདི་ཕལ་ཆེར་འགའ་ཡིས་ཚད་མར་འཛིན། །མ་འོངས་རིམ་བཞིན་ཕན་ནུས་འགྲོ་དོན་ནི། །རྒྱ་ཆེན་འབྱུང་ངམ་སྙམ་པ་ཁོ་བོས་སེམས། །ལེའུ་ཉེར་དྲུག་པའོ་མངྒ་ལཾ།།


previousལེའུ་ཉེརདྲུག་པ། བསྐྱེད་རིམ་གཙོར་སྟོན་མ་ཧཱ་ཡོ་གའི་ལུགས། །ཡི་དམ་སྤྱི་སྒྲུབ་སྔགས་ཀྱི་འབྲུག་སྒྲ་ཡོད། །next