Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་ཉེརབདུན་པ། མཆོད་གཏོར་སྒྲུབ་རྫས་ལ་སོགས་འཛོམ་པ་ལ། །ནང་ལྟར་སྒྲུབ་པ་དཔའ་བོའི་རྔམ་སྐད་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་ཉེརབདུན་པ། མཆོད་གཏོར་སྒྲུབ་རྫས་ལ་སོགས་འཛོམ་པ་ལ། །ནང་ལྟར་སྒྲུབ་པ་དཔའ་བོའི་རྔམ་སྐད་ཡོད། །next

ལེའུ་ཉེརབདུན་པ། མཆོད་གཏོར་སྒྲུབ་རྫས་ལ་སོགས་འཛོམ་པ་ལ། །ནང་ལྟར་སྒྲུབ་པ་དཔའ་བོའི་རྔམ་སྐད་ཡོད། །


CMR032_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

༼ཤ༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། བླ་མེད་གསར་རྙིང་ཡི་དམ་ཌཱ་ཀི་སྤྱིའི་ནང་སྒྲུབ་དཔའ་བོ་དཔལ་ཆེན་འབར་བའི་


CMR032_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རྔམ་སྐད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་ཡེ། གར་གྱི་དབང་ཕྱུག་པདྨ་ཧེ་རུ་ཀ །ཁྲག་འཐུང་དྷརྨེ་ཤྭ་རས་བདག་ལ་སྲུངས། །གསོན་དང་གུ་རུ་བཱིརྱ་སཱ་ག་ར། །རི་ཁྲོད་འགྲིམ་པའི་སྐལ་ལྡན་སྐྱེས་བུ་ཡིས། །ཡི་དམ་ལྷ་ཡི་ནང་སྒྲུབ་བྱེད་འདོད་ན། །རྒྱས་པར་ས་དང་ཐིག་ཆོག་གཞུང་ལྟར་ལས། །ས་སྟེགས་སྟེང་དུ་རྡུལ་ཚོན་དཀྱིལ་འཁོར་བྲི། །འབྲིང་དུ་སྒོ་ཁྲི་ལ་སོགས་སྟེགས་ཀྱི་ཁར། །རས་བྲིས་དཀྱིལ་འཁོར་བཏིང་བར་བྱ་བ་ཡིན། །ཐ་མ་གནས་དང་འཚམས་པའི་སྟེགས་ཀྱི་ཁར། །འབྲུ་ཡི་ཚོམ་བུ་ལྷ་གྲངས་བཀོད་པས་འཐུས། །དེ་ལྟར་རྒྱུས་བསྡུས་དཀྱིལ་འཁོར་གང་ལྕོགས་དབུས། །མཉྫི་འམ་ནི་སྣོད་གཙང་འབྲུས་བཀང་སྟེང་། །བུམ་པ་མགུལ་ཆིངས་ཁ་རྒྱན་གཟུངས་ཐག་བཅས། །དེ་ནང་རབ་ནི་དངོས་གྲུབ་རིལ་བུས་བཀང་། །འབྲུ་སྣ་སྨན་སྣ་རིན་ཆེན་སྣ་ཚོགས་དང་། །དཀར་གསུམ་མངར་གསུམ་མེ་ཏོག་སྣ་ཚོགས་ལ། །གཞི་བླངས་བྱིན་རླབས་རྟེན་ནི་རྙེད་ཚད་དང་། །བདུད་རྩི་རིལ་བུ་དམ་རྫས་ཕབ་བཏབ་སྟེ། །སྲན་མ་དཀར་ནག་གང་རུང་ཚད་ཙམ་ལ། །སྣུམ་ཤས་ཆུང་ན་ལེགས་པར་བསྐམ་བྱ་ཞིང་། །སྣུམ་


CMR032_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྦྲུས་ན་སྐམ་ཡང་མི་དགོས་ཏེ། །དམར་པོས་མདོག་བསྒྱུར་བུམ་པ་བཀང་བར་བྱ། །མ་འཛོམ་འོ་མ་ཆུ་གཙང་བུམ་རྫས་བཏབ། །སྒྲུབ་ཡུན་ཐུང་ན་ཆང་གིས་རུ་ར་བ་ཡིན། །དེ་སྟེང་རྐང་གསུམ་མམ་ནི་ཁྲིའུ་ཁར། །ཐོད་པ་མཚན་བཟང་རིལ་བུ་དེ་འདྲས་བཀང་། །མེད་ན་ཆང་ལ་བདུད་རྩི་བཏབ་པས་འཐུས། །དེ་སྟེང་ཐུར་མ་རྒྱ་གྲམ་བཅིངས་ལ་བཞག །དེ་སྟེང་དར་རས་དམར་པོས་ཁ་བཀབ་བོ། །མེ་ལོང་ཆང་བྱུག་དེ་སྟེང་སིནྡས་བྱུག །པདྨ་འདབ་བཞི་ཆོས་འབྱུང་བཅས་པ་བྲི། །དབུས་སུ་ཡི་དམ་གང་ཚཡིན་ས་བོན་དང་། །འདབ་བཞིའི་ཤར་དུ་ཧ་རིའི་ཡིག་འབྲུ་གཉིས། །ལྷོ་རུ་རི་ཙ་ནུབ་ཏུ་ནི་ཧྲིདང་། །བྱང་དུ་ས་ཡ་དེ་རྒྱབ་མུ་ཁྱུད་ལ། །ཡི་དམ་གང་ཡིན་བསྙེན་སྔགས་ཚང་བར་བྲི། །དེ་རྣམས་ཡིག་འགོ་ཕྱི་ལ་བསྟན་པའོ། །དེ་ནི་དར་དམར་དགབ་པའི་སྟེང་དེར་བཞག །དེ་སྟེང་ཤེལ་ལམ་རྡོ་རྗེ་རྩེ་ལྔ་བཞག །དེ་སྟེང་ཁྲིའུ་འམ་ནི་རྐང་རིང་གླུ་སྟེང་། །སྒྲུབ་གཏོར་རིན་ཆེན་འབར་བ་རྒྱན་བཟང་བ། །ཡི་དམ་ཙཀླི་དར་གདུགས་བཅས་པ་བཤམ། །གལ་ཏེ་དེ་ལྟར་རྩེག་པར་མི་ཤོང་ན། །བུམ་པའི་མདུན་དེར་བཤམ་


CMR032_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འགལ་བ་མེད། །རྙིང་མ་ཡིན་ན་བུམ་པའི་གཡས་གཡོན་གཉིས། །མཉྫིལ་གཉིས་སྟེང་བྷནྡྷ་གཉིས་ཀྱི་ནང་། །གཡས་སུ་བདུད་རྩི་གཡོན་དུ་རཀྟ་བཤམ། །གསར་མ་ཡིན་ན་དེ་གཉིས་མི་དགོས་སོ། །གསར་རྙིང་གང་ལའང་རྒྱས་པར་ལྷ་གྲངས་ཀྱི། །གཏོར་མ་ཕྱག་ལེན་བཞིན་དུ་བཅའ་བ་སྟེ། །འཁོར་རྣམས་ཕྱོགས་མཚམས་སོ་སོའི་གནས་ཀྱི་ཐད་། །གཙོ་བོ་བུམ་པའི་གཡས་གཡོན་གང་བདེར་བཤམ། །བསྡུ་ན་ཀ་ཊོ་རའམ་སྡེར་ཆེན་ནང་། །ལྷ་གྲངས་གཏོར་ཚོམ་བཤམ་པ་འབྲིང་ཡིན་ལ། །བསྡུ་ན་རིན་ཆེན་འབར་བ་ལ་སོགས་པའི། །དབང་གཏོར་འདྲ་བ་རྒྱན་གཟབ་ཆེ་བ་གཅིག །དེ་ནི་གཏོར་བསྔོས་རྒྱུན་དུ་གསོ་རྒྱུ་ཡིན། །སྔོན་མ་སྒྲུབ་གཏོར་ལྷ་བསྐྱེད་ཡིན་པའི་ཕྱིར། །དང་པོ་བྲན་ནས་རྒྱུན་དུ་གསོ་མི་དགོས། །ལྷ་དེའི་བཀའ་སྲུང་གེལ་པ་ཡོད་ན་ནི། །དེ་ཡི་གཏོར་མ་དཀྱིལ་འཁོར་ཟུར་དུ་བཞག །དཀྱིལ་འཁོར་ཕྱོགས་བཞིར་ལས་བཞིའི་གཏོར་མ་ནི། །ཤར་དུ་ཟླུམ་པོ་མར་རྒྱུན་ཟླུམ་པོ་ཅན། །ལྷོ་རུ་སྟོད་ཟུར་བཞི་པ་གྲུ་བཞིའི་དབྱིབས། །མར་རྒྱན་ཀྱང་ནི་གྲུ་བཞིའི་དབྱིབས་ཀྱིས་བརྒྱན། །ནུབ་ཏུ་ཟུར་གཉིས་ཟླ་གམ་དབྱིབས་


CMR032_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཏེ། །མར་རྒྱན་ཚེས་བརྒྱད་ཟླ་བ་ཡུ་བ་ཅན། །བྱང་དུ་དྲག་པོའི་གཏོར་མ་ཟུར་གསུམ་ནི། །མར་རྒྱན་ཀྱང་ནི་ཟུར་གསུམ་དབྱིབས་ཅན་ཏེ། །ཟླུམ་པོ་མར་ཁུ་བྱུགས་པས་དཀར་པོ་སྟེ། །སེར་པོ་ཡུང་བ་མར་བསྲེས་བྱུགས་པས་སེར། །ཟུར་གཉིས་འབྲི་མོག་ཟུར་གསུམ་དྲག་སྣུམ་བྱུག །དཀྱིལ་འཁོར་ཤར་ལྷོ་ནུབ་བྱང་ཕྱོགས་བཞིར་བཀོད་། །ཕྲིན་ལས་རྣམ་བཞི་འགྲུབ་པའི་གཏོར་མ་སྟེ། །གསར་མ་ལ་ནི་མ་བཤད་མེད་ཀྱང་ཆོག །དེ་རྒྱབ་དཀྱིལ་འཁོར་ཕྱོགས་མཚམས་བརྒྱད་པོ་རུ། །ཤར་དུ་མཆོད་ཡོན་ཤར་ལྷོར་ཞབས་བསིལ་དང་། །ལྷོ་རུ་མེ་ཏོག་ལྷོ་ནུབ་བདུག་སྤོས་དང་། །ནུབ་ཏུ་མར་མེ་ནུབ་བྱང་དྲི་ཆབ་དང་། །བྱང་དུ་ལྷ་བཤོས་བྱང་ཤར་རོལ་མོའི་སར། །ཏིང་ཤགས་ལ་སོགས་རོལ་ཆ་གང་བཟང་བཞིག །མེད་ན་ནས་བཞག་མཚམས་འཛིན་མེ་ཏོག་ཟེར། དེ་དག་རྣམས་ནི་ངེས་པར་དགོས་པ་སྟེ། །དེ་རྒྱབ་དཀྱིལ་འཁོར་ཟུར་བཞིར་རྒྱལ་མཚན་ལྟ་བཞི། །མདའ་བཞི་གྲི་བཞི་ཚོན་སྐུད་དྲ་བ་དང་། །མེ་ལོང་བཞི་དང་དར་གྱི་འཕན་བཞི་དང་། །སྟག་གི་སྒྲུབ་སྐོར་ཕུར་ཆུང་བཅུ་གཉིས་དང་། །ཤེལ་སོགས་རིན་ཆེན་དྲྭ་བ་དྲྭ་


CMR032_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་དང་། །སྟེང་དུ་དར་གྱི་བླ་བྲེ་ལ་སོགས་པ། །རྙིང་མའི་སྒྲུབ་ཆེན་ཆས་ནི་ཡིན་མོད་ཀྱི། །སྨན་བླ་རྔོག་དཀྱིལ་བདུན་སོགས་གསར་མ་ལའང་། །དེ་ལྟར་བྱ་བ་གཞུང་ནས་བཤད་འདུག་གོ །ནང་སྒྲུབ་འདི་ནི་མ་ཧཱ་ཡོ་གའི་ལུགས། །སྤྲོས་པ་ཇི་ལྟར་རྒྱས་བཞིན་བསོད་ནམས་ཆེ། །དེ་ཕྱིར་དེས་ཆོག་མི་བྱ་འབད་པས་བསྒྲུབ། །མ་རྙེད་པ་ལ་སྒྲུབ་པ་བཤོལ་མི་དགོས། །གང་འཛོམ་བརྡའ་ཙམ་བསགས་ལ་སྒྲུབ་ཀྱང་རུང་། །གཞན་ཡང་སྦྱིན་སྲེག་ཚོགས་འཁོར་མཆོད་གཏོར་གྱི། །ཡོ་བྱད་འཛོམ་ཞིང་སྒྲུབ་གཡོག་འཛོམ་ན་ལེགས། །སྟ་གོན་འདི་ནི་ནང་སྒྲུབ་གསང་སྒྲུབ་གཉིས། །ཁྱད་པར་མེད་ཅིང་གསར་རྙིང་སྤྱི་འགྲོ་ཡིན། །མཆོད་རྫས་ཞི་དྲག་ཁྱད་པར་རིག་པས་དཔྱད། །འུ་ཐུག་ངག་ཁྲིད་ཏུག་གུ་ཕྲེང་འདྲ་འདི། །མཁས་པས་གཟིགས་ན་བཞད་གད་གནས་ཡིན་ཀྱང་། །རྨོངས་པ་རྣམས་ལ་སློབ་དཔོན་དཔེ་ཆས་ཆོག །དེ་ཕྱིར་རཱ་ག་ཨ་སྱས་གང་སྨྲས་པ། །བཱིརྱ་སཱ་ག་ར་ཡིས་ཡི་གེར་བཀོད། །རྨོངས་ཕྱིར་མ་ཡིན་གཞན་ལ་ཕན་ཕྱིར་བྲིས།། ༈ །།ན་མོ་གུ་རུ་སརྦ་དེ་བ་ཡེ། དེ་ནས་ཡི་དམ་ནང་སྒྲུབ་ཉམས་ལེན་ཚུལ། །ཐུན་བཞིར་བདག་


CMR032_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གཉིས་ཀ་ཚར་རེ་འདོན། །ཐུན་མཚམས་རང་གཞུང་གཏོར་བསྔོས་ཚར་རེ་བྱ། །ཉི་མའི་གུང་ལ་སྦྱིན་སྲེག་རེ་རེ་སྟེ། །ཞི་རྒྱས་དབང་གསུམ་རེས་མོས་གང་འདོད་བྱ། །མ་འབྱོར་རྫ་ས་གཅིག་སྦྱིན་སྲེག་བྱས་ཀྱང་ཆོག །ནུབ་མོ་ཚོགས་འཁོར་རྒྱས་པ་རེ་རེ་འམ། །ཅི་འབྱོར་བློ་སྟོབས་བསྐྱེད་པའི་ཚོགས་རེ་བྱ། །དེ་ལྟར་ཟླ་གཅིག་ཉེར་གཅིག་བཅུ་བཞིའམ། །ཐ་ན་ཞག་བདུན་བསྒྲུབ་ཀྱང་ཆོག་པ་ཡིན། །ཆོ་ག་བཞིན་དུ་བདག་མདུན་གསལ་བ་ཡི། །ཐུགས་ཀར་ས་བོན་སྔགས་འཁོར་འཁོར་བཞིན་པ། །དེ་ལས་འོད་ཟེར་ཁ་དོག་སྣ་ལྔ་པོ། །ལྷ་ཡི་ཁ་དོག་གང་ཡིན་ཤས་ཆེ་བ། །རང་གི་ཞལ་ནས་ཐོན་ཅིང་མཆོད་པའི་ཚུལ། །མདུན་བསྐྱེད་ཞལ་དུ་ཞུགས་ཤིང་ཐུགས་ཀར་ཐིམ། །སྔགས་འཁོར་དྲག་འཁོར་ཐུགས་བསྐྱེད་སྨོན་ལམ་བསྐུལ། །སླར་ཡང་འོད་ཟེར་གསང་བའི་སྦུབས་ནས་ཐོན། །ཞལ་སྦྱོར་ཡོད་ན་ཡབ་ཡུམ་སྦྱོར་མཚམས་ནས། །ཡུམ་གྱི་འོག་ཁྱུ་ནས་ཚུར་བྱུང་རང་ཉིད་ཀྱི། །སྦྱོར་མཚམས་གསང་བའི་སྦུབས་ནས་ཐུགས་ཀར་ཐིམ། །དེ་ལྟར་བར་མཚམས་མེད་པར་འཁོར་དམིགས་བཟླས། །དེ་ནི་མདུན་བསྐྱེད་བསྙེན་པའི་


CMR032_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་རིམ་ཡིན། །དེ་ནས་འོད་ཟེར་དེ་ཉིད་སྔགས་ཕྲེང་གྱུར། །དང་པོ་དལ་བུ་དེ་ནས་ཇེ་མགྱོགས་སུ། །དེ་ནས་དྲག་ཏུ་འཁོར་བ་ཉེ་བསྙེན་ཡིན། །བར་དུ་འཁོར་ཚེ་སྔགས་ཕྲེང་དེ་དག་ལས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུ་ཁྱབ་པར་འཕྲོས། །རབ་འབྱམས་ཞིང་ཁམས་ཀུན་ན་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཡི་དམ་ཌཱ་ཀིའི་ཚོགས། །ཀུན་ལ་མཆོད་སྤྲིན་རྒྱ་མཚོས་མཉེས་པར་བྱས། །དེ་དག་ཀུན་གྱི་སྐུ་གསུང་ཐུགས་རྣམས་ལས། །རང་གི་ཡི་དམ་སྐུ་དང་སྔགས་ཕྲེང་དང་། །ཕྱག་མཚན་ས་བོན་ཡིག་འབྲུས་མཚན་པ་རྣམས་། །ཆར་བཞིན་བབས་ནས་བདག་མདུན་གཉིས་ཀར་ཐིམ། །སྔགས་ཀྱི་འོད་ཟེར་སེམས་ཅན་ཀུན་ལ་ཁྱབ། །སྒྲིབ་གཉིས་སྦྱངས་ནས་སངས་རྒྱས་སར་བཞག་སྟེ། །ཚེ་བསོད་དཔལ་འབྱོར་འོད་ཟེར་རྣམ་པར་བསྡུས། །བདག་མདུན་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་བསམ། །དེ་ནི་སྒྲུབ་པའི་དམིགས་པ་དངོས་ཡིན་ཏེ། །གསང་སྔགས་རྙིང་མ་པ་ཡི་ལུགས་ལ་ནི། །མགལ་མེ་ཀླད་ལ་བསྐོར་འདྲའི་ཛབ་དགོངས་ཟེར། །དེ་ཡན་མཚམས་ལ་ཇི་ཙམ་འདུག་པ་ཡི། །རུ་གཉིས་ཙམ་ལ་བྱ་བ་བསྙེན་སྒྲུབ་ཡིན། །དེ་ནས་བདག་


CMR032_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བར་གྱི་སྔགས་ཕྲེང་དེ། །མུ་ཏིག་ཕྲེང་བ་ལྟ་བུ་དཀར་པོར་བསྒོམ། །རང་གི་ཞལ་ནས་ཕར་ལ་འཕྲོ་བའི་དུས། །ཞི་བའི་མཆོད་པ་ཕུལ་བའི་མོས་པ་བྱ། །མདུན་གྱི་ཞལ་ཞུགས་སྐུ་ལུས་བརྒྱུད་པའི་ཚེ། །ཞི་བའི་ལས་ལ་དགོངས་པ་གཏད་པར་བསམ། །སྔགས་ཕྲེང་ཚུར་ལ་འཕྲོས་ནས་བྱུང་བའི་དུས། །ཞི་བའི་དངོས་གྲུབ་བདག་ལ་སྩོལ་བར་བསམ། །རང་གི་ལུས་བརྒྱུད་ཐུགས་ཀར་ཐིམ་པའི་ཚེ། །ནད་གདོན་སྡིག་སྒྲིབ་ཉོན་མོངས་ཞི་བར་བསམ། །དེ་བཞིན་ཉིན་གུང་སྔགས་ཕྲེང་སེར་པོ་ལ། །འོད་ཟེར་ཁ་དོག་སྣ་ལྔས་བརྒྱན་པ་ཅན། །དཔེར་ན་རྨ་བྱའི་སྒྲོ་ཡི་ཆུན་པོའི་དབྱིབས། །མཆོད་པ་ཕུལ་དང་ཐུགས་དགོངས་གཏད་པ་དང་། །།དངོས་གྲུབ་གནང་སོགས་ཚེ་བསོད་རྒྱས་པར་དམིགས། །དེ་བཞིན་དགོང་མོ་ནས་བཟུང་སྔགས་ཕྲེང་དམར། །འཁྱོག་ཅིང་འགུག་པ་ལྕགས་སྒྲོག་དབྱིབས་ཅན་དེ། །མཆོད་དང་དགོངས་གཏད་དངོས་གྲུབ་གནང་བ་དང་། །རང་གི་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས། །རླུང་སེམས་སྣང་སྲིད་དབང་དུ་འདུས་པར་བསམ། །དེ་ནས་སྲོད་ནས་བཟུང་སྟེ་སྔགས་ཕྲེང་མཐིང་། །ཐག་འཁྱུག་རྣམ་


CMR032_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཁོར་བར་གྱུར་པ་ནི། །དྲག་པོའི་མཆོད་པ་དགོངས་གཏད་དངོས་གྲུབ་གནང་། །ཐུགས་ཀར་ཐིམ་པས་བདུད་བཞི་ཚར་གཅོད་བསམ། །དེ་ནི་སྒྲུབ་པ་ཆེན་པོའི་དམིགས་པ་སྟེ། །རྙིང་མའི་ལུགས་ལ་ལས་སྦྱོར་ཞེས་བྱའོ། །ཕྱི་སྒྲུབ་བཞིན་དུ་སྔགས་ཤམ་སོ་སོར་སྦྱར། །དེ་ནས་རབ་ཏུ་ལས་བཞིའི་སྦྱིན་སྲེག་བྱ། །འབྲིང་དུ་ཕུན་སུམ་ཚོགས་པའི་སྦྱིན་སྲེག་གཅིག །ཐ་ན་རྫས་གཅིག་སྦྱིན་སྲེག་མན་ངག་ལྟར། །སྒྲུབ་པ་ཐོན་ནས་དངོས་གྲུབ་ལེན་ཆོག་ནི། །གསར་མ་ཡིན་ན་བདག་འཇུག་ཚར་གཅིག་བླངས། །རྙིང་མ་ཡིན་ན་དངོས་གྲུབ་ལེན་ཆོག་བྱ། །དེ་ཡང་གང་ཡིན་གསལ་ཁ་མི་ཤེས་ན། །མདུན་སྐྱེད་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་ནས། །ཨོ་དཀར་ཨཱདམར་ཧཱུྃ་མཐིང་ཧྲིལྗང་ཁུ། །འོད་དང་ལྡན་པ་རིམ་བཞིན་འཕྲོས་ནས་ཀྱང་། །རང་གི་དཔྲལ་མགྲིན་ཐུགས་ཀ་ལྟེ་བར་ཐིམ། །རྩ་བའི་སྔགས་ལ་ཤམ་བུ་འདི་བཏགས་ཏེ། །ཀཱ་ཡ་སིདྡྷི་ཨོཾ། ཝཱཀྐ་སིདྡྷི་ཨ༔ ཙིཏྟ་སིདྡྷི་ཧཱུཾ། སརྦ་སིདྡྷི་ཧྲཱིཿ སྒྲིབ་བཞི་དག་ཅིང་དབང་བཞི་ཐོབ་པ་དང་། །སྐུ་བཞི་མངོན་དུ་བྱེད་པའི་སྐལ་ལྡན་བསམ། །རྡོར་དྲིལ་དང་བཅས་ལག་གཡས་སྒྲུབ་བུམ་དང་། །གཡོན་པས་


CMR032_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་གཏོར་བཟུང་སྟེ་ལག་གཉིས་བསྣོལ། །མོས་གུས་བསྐྱེད་ཅིང་རང་གི་གནས་བཞིར་གཏུགས། །དངོས་གྲུབ་ཐམས་ཅད་ཐོབ་པར་ངེས་ཤེས་བསྐྱེད། །བུམ་ཆུ་བཏུང་དང་ཁྲུས་བྱ་རིལ་བུ་བཟའ། །དེ་ནས་རྗེས་ཆོག་ཆོ་གའི་གཞུང་ལྟར་ཏེ། །མདུན་བསྐྱེད་གཤེགས་སམ་ཡང་ན་རྟེན་ལ་བསྟིམ། །བདག་བསྐྱེད་སྟོང་པར་བསྡུ་བ་མ་གཏོགས་པ། །བྱང་ཆུབ་མ་ཐོབ་བར་དུ་མི་གཤེགས་ཏེ། །ཕྱག་རྒྱ་སྒོ་བཅད་སྒྲུབ་པ་ཞེས་བྱའོ། །རིལ་བུ་དམ་རྫས་རྟེན་དུ་བཅང་པ་སྟེ། །གཏོར་མོ་ཕྱི་རྒྱབ་མི་འཁྱར་དངོས་གྲུབ་རོལ། །དེ་ནི་ཡི་དམ་ཌཱ་ཀི་སྤྱི་ཁྱབ་བོ། །རང་བཟོ་མ་ཡིན་གསར་རྙིང་སྒྲུབ་གཞུང་ནི། །རྒྱ་མཚོ་ཀུན་ལ་ཤིན་ཏུ་འདྲིས་པའི་མཐུས། །ལག་ཏུ་བླངས་བདེ་སྙིང་དམར་ལག་ཏུ་བཞག །ཀྱེ་མ་དུས་ངན་སྙིགས་མའི་འགྲོ་བ་རྣམས། །ཞིམ་པོ་མི་ལ་བྱིན་ན་སྐྱུགས་པའི་དཔེ། །སྐལ་མེད་རྣམས་ཀྱིས་ཅིར་ཡང་མི་བརྩི་སྟེ། །སྐལ་ལྡན་ལས་ཅན་སྒྲུབ་ལ་སྒྱུ་བརྩོན་པ་རྣམས། །འདི་མཐོང་ལག་པའི་མཐིལ་ནས་གཏེར་རྙེད་ལྟར། །དགའ་སྤྲོ་འཕེལ་ཞིང་དངོས་གྲུབ་གཉིས་ཀྱིས་ཕྱུག །དེ་ཕྱིར་སྔགས་རྒན་རཱ་ག་ཨ་སྱ་ངས། །ཚིགས་སུ་


CMR032_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་དེ་སྨྲས་རྣམས་ཡིད་ལ་ཟུངས། །དེ་སྐད་སྨྲས་ཚེ་བཱིརྱ་སཱ་ག་རས། །ཤིན་ཏུ་མགྱོགས་པ་རྫུ་འཕྲུལ་ལྟ་བུ་ཡིས། །རབ་ཏུ་གསལ་བ་ཞུན་མར་ངོགས་ལ་བྲིས། །སྦ་འོས་གསལ་བཀོད་ཉེས་པ་མཆིས་པ་རྣམས། །ཆོས་བདག་ཌཱ་ཀི་སྲུང་མའི་ཚོགས་ལ་བཤགས། །འདི་ཕྱིར་སྒྲིབ་པར་མི་འགྱུར་དངོས་གྲུབ་སྩོལ། །དགེ་བས་འགྲོ་ཀུན་རྡོ་རྗེ་འཆང་འགྲུབ་ཤོག །དེ་སྐད་རྟ་ལོ་རྒྱལ་ཟླའི་ཉེར་གཅིག་ནུབ། །རང་གིས་གསང་སྔགས་ཉམས་སུ་བླང་ཚུལ་དང་། །བསྟུན་ནས་སྒྲུབ་ཐབས་ཉམས་མགུར་ཚུལ་དུ་སྨྲས། །ལེའུ་ཉེར་བདུན་པའོ་མངྒ་ལཾ།། །།


previousལེའུ་ཉེརབདུན་པ། མཆོད་གཏོར་སྒྲུབ་རྫས་ལ་སོགས་འཛོམ་པ་ལ། །ནང་ལྟར་སྒྲུབ་པ་དཔའ་བོའི་རྔམ་སྐད་ཡོད། །next