Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་ཉེརབརྒྱད་པ། བསྐྱེད་རིམ་དམིགས་པ་ཤིན་ཏུ་གསལ་བ་ལ། །གསང་སྒྲུབ་ཡེ་ཤེས་མཁའ་འགྲོའི་གདུང་གླུ་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་ཉེརབརྒྱད་པ། བསྐྱེད་རིམ་དམིགས་པ་ཤིན་ཏུ་གསལ་བ་ལ། །གསང་སྒྲུབ་ཡེ་ཤེས་མཁའ་འགྲོའི་གདུང་གླུ་ཡོད། །next

ལེའུ་ཉེརབརྒྱད་པ། བསྐྱེད་རིམ་དམིགས་པ་ཤིན་ཏུ་གསལ་བ་ལ། །གསང་སྒྲུབ་ཡེ་ཤེས་མཁའ་འགྲོའི་གདུང་གླུ་ཡོད། །


CMR032_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

༼ས༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། བླ་མེད་གསང་སྔགས་གསར་རྙིང་ཡི་དམ་ཌཱ་ཀི་སྤྱི་ཡི་གསང་སྒྲུབ་ཡེ་ཤེས་མཁའ་འགྲོའི་གདུང་གླུ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ། གསང་སྔགས་ཀུན་གྱི་བདག་མོ་རྣལ་འབྱོར་མ། །ལྷན་སྐྱེས་ཌཱ་ཀིས་བདག་ལ་བྱིན་གྱིས་རློབས། །གསོན་དང་བླ་མ་བཱིརྱ་སཱ་ག་ར། །གསར་རྙིང་ཡི་དམ་མཁའ་འགྲོ་གང་ཡང་རུང་། །གསང་སྔགས་སྙིང་པོ་གསང་བའི་སྒྲུབ་པ་ནི། །ནང་སྒྲུབ་ཚར་རྗེས་ཉིད་དུ་བྱེད་ན་ནི། །


CMR032_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་གཏོར་མི་བསྡུ་ཁ་གསོ་ཙམ་གྱིས་ཆོག །དུས་གཞན་ཡིན་ན་ནང་སྒྲུབ་བཞིན་དུ་བཅའ། །ཐུན་བཞི་བྱེད་ལུགས་ནང་སྒྲུབ་ཁྱད་མེད་ཀྱང་། །ཉིན་གུང་སྦྱིན་སྲེག་འདི་ལ་མི་དགོས་སོ། །བདག་མདུན་ཚང་མ་དུས་བཞིར་བཏང་བྱ་ཞིང་། །བདག་མདུན་གཙོ་བོ་གཉིས་ཀྱི་སྐུ་ལུས་ནང་། །སྟོང་ཞིང་གསལ་བ་ཕྲུ་མ་ཕུས་བཏབ་བཞིན། །རྩ་གསུམ་འཁོར་ལོ་ལྔ་པོ་མོས་ཙམ་བསྒོམ།། །ཧ་ཅང་གསལ་པོ་མ་ཟིན་ན་ཡང་རུང་། །བདག་མདུན་གཉིས་ཀྱི་དཔྲལ་བ་མགྲིན་པ་དང་། །ཐུགས་ཀ་ལྟེ་བ་གསང་གནས་ལྔ་ཡི་༈ དབུས། །རང་གི་ཡི་དམ་གང་ཡིན་དེ་ཉིད་ནི། །དཀར་པོ་དམར་པོ་མཐིང་ག་སེར་པོ་དང་། །ལྗང་གུ་ལྔ་པོ་མངོན་རྟོགས་བཞིན་དུ་བསྒོམ། །ཞལ་སྦྱོར་ལ་སོགས་ཡོད་མེད་མངོན་རྟོགས་བསྟུན། །འཁོར་དུ་རྩ་འདབ་དང་མཉམ་མཁའ་འགྲོ་མ། །སྤྱི་བོར་དཀར་མོ་སུམ་ཅུ་རྩ་གཉིས་ཏེ། །མགྲིན་པར་དམར་མོ་བཅུ་དྲུག་བསྒོམ་པར་བྱ། །སྙིང་གར་སྒྱུ་སྔོན་མོ་བརྒྱད་དང་ལྟེ་བར་ནི། །སེར་མོ་དྲུག་ཅུ་རྩ་བཞི་བསྒོམ་པར་བྱ། །གསང་བར་ལྗང་མོ་ཉི་ཤུ་རྩ་བརྒྱད་དེ། །རང་རྟགས་ཀྱིས་མཚན་གྲི་ཐོད་ཁཊཾ་བསྣམས། །གཙོ་བོ་


CMR032_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་པདྨ་ཉི་ཟླའི་གདན། །འཁོར་རྣམས་ཟླ་བའམ་རོ་ཡི་གདན་ཅན་ནོ། །གཙོ་བོ་ལྔ་ཡི་ཐུགས་ཀར་པད་ཟླའི་གདན། །རང་མདོག་ས་བོན་རང་མདོག་སྔགས་ཕྲེང་འཁོར་། །ཕོ་ལ་གཡས་དང་མོ་ལ་གཡོན་དུ་འཁོར། །རང་གི་ཐུགས་ཀའི་སྔགས་ཕྲེང་འཁོར་བཞིན་ལས། །འོད་ཟེར་སྣ་ལྔ་སྟོང་སྐུད་སྒྲིམ་འདྲ་ཞིག །ཐུགས་ཀའི་ཡི་དམ་མཐིང་ཀའི་ཞལ་ནས་ཐོན། །མགྲིན་པའི་ཡི་དམ་དམར་པོའི་གསང་གནས་ཞུགས། །ཐུགས་ཀར་ཕོག་པས་སྔགས་ཕྲེང་དྲག་ཏུ་འཁོར། །འོད་ཟེར་ཞལ་ནས་ཐོན་ཏེ་གྱེན་དུ་སོང་། །སྤྱི་བོའི་ཡི་དམ་དཀར་པོའི་གསང་བར་ཞུགས། །ཐུགས་ཀར་ཕོག་པས་སྔགས་ཕྲེང་དྲག་ཏུ་འཁོར། །འོད་ཟེར་ཞལ་ནས་ཐོན་ཏེ་ཐུར་དུ་སོང་། །རང་ཉིད་བདག་བསྐྱེད་ཞལ་ནས་ཕར་སོང་སྟེ། །མཆོད་པའི་ཚུལ་དུ་མདུན་བསྐྱེད་ཞལ་དུ་ཞུགས། །གྱེན་དུ་སོང་ནས་སྤྱི་བོའི་ལྷ་དཀར་པོའི། །ཞལ་དུ་ཞུགས་ཤིང་ཐུགས་ཀར་ཕོག་པ་ཡིས། །སྔགས་ཕྲེང་དྲག་འཁོར་འོད་ཟེར་གསང་གནས་ཐོན། །ཐུར་དུ་བྱོན་ནས་མགྲིན་པའི་ལྷ་ཞལ་ཞུགས། །ཐུགས་ཀར་ཐིམ་པས་སྔགས་ཕྲེང་དྲག་ཏུ་འཁོར། །གསང་བ་ནས་ཐོན་


CMR032_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ལྷ་ཞལ་ཞུགས། །སྔགས་ཕྲེང་དྲག་འཁོར་འོད་ཟེར་གསང་བར་ཐོན། །ལྟེ་བའི་ལྷ་ཞལ་དུ་ཞུགས་སྔགས་ཕྲེང་མྱུར། །གསང་སྦུབས་ནས་ཐོན་གསང་བའི་ལྷ་ཞལ་ཞུགས། །སྔགས་ཕྲེང་དྲག་འཁོར་གསང་བའི་སྦུབས་ནས་ཐོན། །མདུན་བསྐྱེད་གསང་སྦུབས་སམ་ནི་སྦྱོར་མཚམས་ཐོན། །བདག་བསྐྱེད་གསང་སྦུབས་སམ་ནི་སྦྱོར་མཚམས་ཞུགས། །གྱེན་བརྒྱུད་ཐུགས་ཀར་ཐིམ་པས་དངོས་གྲུབ་ཐོབ། །ཕར་ལ་མཆོད་པ་ཚུར་ལ་དངོས་གྲུབ་ཚུལ། །སྔགས་ཕྲེང་དྲག་ཏུ་འཁོར་བས་ཐུགས་དམ་བསྐུལ། །དེ་ལྟར་འོད་ཟེར་རྒྱུན་དུ་འཁོར་བར་བསྒོམ། །དེ་ནི་གསང་སྒྲུབ་བསྙེན་པའི་དམིགས་པའོ། །གསང་སྔགས་རྙིང་མ་པ་ཡི་ལུགས་ལ་ནི། །བ་དག་ཁྲིད་པ་ལྟ་བུའི་ཛབ་དགོངས་ཟེར། །དེ་ནས་འོད་ཟེར་དེ་ཉིད་སྔགས་ཕྲེང་བསྒྱུར། །འཁོར་ལུགས་ཐམས་ཅད་གོང་ལྟར་འཁོར་བར་བསྒོམ། །དེ་ནི་གསང་སྒྲུབ་ཉེ་བར་བསྙེན་པའོ། །དེ་ནས་སྔགས་ཕྲེང་དེ་སྒྱུ་ལྟར་འཁོར་བཞིན་ལས། །འོད་ཟེར་དཔག་ཡས་ནམ་མཁའ་ཁྱབ་པར་སྤྲོས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། །དཔའ་བོ་ཌཱཀི་ཆོས་སྐྱོང་སྲུང་མའི་ཚོགས། །ཀུན་


CMR032_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཟག་མེད་བདེ་བའི་མཆོད་སྤྲིན་ཕུལ། །དེ་དག་རྣམས་ཀྱི་དཔྲལ་མགྲིན་ཐུགས་ཀ་ནས། །རང་གི་ཡི་དམ་དེ་ཡི་སྐུ་གཟུགས་ནི། །དཀར་སེར་དམར་ལྗང་ཆེ་བ་རི་རབ་ཙམ། །་ཆུང་བ་ཡུངས་འབྲུ་ཙམ་ལ་གྲངས་མེད་པ། །གསུང་ནི་དབྱངས་དང་གསལ་བྱེད་རྟེན་འབྲེལ་སྙིང་། །ཡི་དམ་སྔགས་ཕྲེང་དཀར་སེར་དམར་ལྗང་ཚོགས། །ཐུགས་ནི་རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་འཁོར་ལོ་ཡི་དམ་ས་བོན་མཚན། །བུ་ཡུག་བཞིན་དུ་ཕྱོགས་རྣམས་ཀུན་ནས་བྱོན། །བདག་མདུན་གནས་ལྔའི་ལྷ་ཚོགས་སོ་སོར་ཐིམ། །རིགས་ལྔའི་རིགས་ཀྱི་དངོས་གྲུབ་ཀུན་ཐོབ་བསམ། །འོད་ཟེར་འགྲོ་དྲུག་སེམས་ཅན་ཀུན་ལ་ཕོག །རིགས་ལྔའི་ཡི་དམ་གོ་འཕང་ལ་བཞག་ནས། །ཀུན་གྱི་ཚེ་བསོད་དཔལ་འབྱོར་འོད་ལྔ་ཡི། །རྣམ་པར་བསྡུས་ནས་བདག་མདུན་ལ་ཐིམ་བསམ། །དེ་ནི་གསང་སྒྲུབ་སྒྲུབ་པའི་དམིགས་པའོ། །དེ་ཡན་གསང་སྒྲུབ་ཅི་ཙམ་བྱེད་པ་ཡི། །རུ་གཉིས་ཙམ་ལ་བསྙེན་དང་སྒྲུབ་པ་བྱ། །དེ་ནས་ལས་སྦྱོར་སྒྲུབ་པ་ཆེན་པོ་ནི། །སྔ་དྲོའི་དུས་སུ་སྔགས་ཕྲེང་དཀར་པོར་བསྒྱུར། །འོད་ཟེར་དཀར་པོས་བདག་དང་འགྲོ་ཀུན་གྱི། །ནད་གདོན་སྡིག་སྒྲིབ་


CMR032_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་ཐམས་ཅད་ཞི། །ཉིང་གུང་དུས་སུ་སྔགས་ཕྲེང་སེར་པོར་བསྒྱུར། །འོད་ཟེར་སེར་པོས་བདག་དང་འགྲོ་ཀུན་གྱི། །ཚེ་དང་བསོད་ནམས་ཡོན་ཏན་ཡེ་ཤེས་རྒྱས། །དགོང་མོའི་དུས་སུ་སྔགས་ཕྲེང་དམར་པོར་བསྒྱུར། །འོད་ཟེར་དམར་པོས་བདག་དང་འགྲོ་ཀུན་གྱི། །རླུང་སེམས་སྣང་བ་དབང་འདུས་རང་དབང་ཐོབ། །སྲོད་ཀྱི་དུས་སུ་སྔགས་ཕྲེང་མཐིང་ཀར་བསྒྱུར། །འོད་ཟེར་མཐིང་ག་ཚ་ཞིང་སྲེག་པ་ཡིས། །བདུད་བཞི་ལོག་འདྲེན་ཐམས་ཅད་བསྲེག་པར་བྱས། །མཇུག་ཏུ་ལས་བཞིའི་སྦྱིན་སྲེག་འགྲུབ་ན་ལེགས། །གསར་མ་ཡིན་ན་བདག་འཇུག་བླང་བའམ། །རྙིང་མ་ཡིན་ན་དངོས་གྲུབ་ལེན་ཆོག་དང་། །རྗེས་ཆོག་བྱ་ཚུལ་ནང་སྒྲུབ་དག་དང་མཚུངས། །སྒྲུབ་ཡུན་ཞག་བདུན་བཅུ་བཞི་ཉེར་གཅིག་གམ། །ཟླ་གཅིག་ལ་སོགས་རང་གི་ཁམས་དང་བསྟུན། །ཡི་དམ་མཁའ་འགྲོ་སྤྱི་ཡི་གསང་སྒྲུབ་འདི། །རྟ་ལོ་རྒྱལ་ཟླའི་ཉེར་གསུམ་དགོང་ཐུན་སྒྱུ་ལ། །རཱ་ག་ཨ་སྱས་རང་གི་མྱོང་བ་དང་། །བསྟུན་ནས་གསར་རྙིང་ཀུན་གྱི་བཅུད་བསྡུས་ཏེ། །གུ་རུ་བཱིརྱ་སཱ་ག་ར་ལ་གདམས། །དེས་ཀྱང་བརྗེད་པར་ཕངས་ཏེ་ཡི་གེར་


CMR032_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད། །སྦྲ་འོས་གསལ་བཀོད་ཉེས་པོ་གང་མཆིས་རྣམས། །ཆོས་བདག་ཌའི་སྲུང་མའི་ཚོགས་ལ་བཤགས། །འདི་ཕྱིར་སྒྲིབ་པར་མི་འགྱུར་དངོས་གྲུབ་སྩོལ། །འདིར་འབད་དགེ་བས་འདི་ལ་འབྲེལ་ཐོགས་རྣམས། །མཆོག་ཐུན་དངོས་གྲུབ་དཔལ་ལ་ལོངས་སྤྱོད་ཤོག །ལེའུ་ཉེར་བརྒྱད་པའོ་མངྒ་ལཾ།། །།


previousལེའུ་ཉེརབརྒྱད་པ། བསྐྱེད་རིམ་དམིགས་པ་ཤིན་ཏུ་གསལ་བ་ལ། །གསང་སྒྲུབ་ཡེ་ཤེས་མཁའ་འགྲོའི་གདུང་གླུ་ཡོད། །next