Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་སུམ་ཅུ་པ། ཨ་ནུ་ཡོ་གའི་རྒྱུད་གཞུང་ཉམས་ལེན་ཐབས། །ཡང་གསང་སྒྲུབ་པ་བདེ་ཆེན་རབ་འབར་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་སུམ་ཅུ་པ། ཨ་ནུ་ཡོ་གའི་རྒྱུད་གཞུང་ཉམས་ལེན་ཐབས། །ཡང་གསང་སྒྲུབ་པ་བདེ་ཆེན་རབ་འབར་ཡོད། །next

ལེའུ་སུམ་ཅུ་པ། ཨ་ནུ་ཡོ་གའི་རྒྱུད་གཞུང་ཉམས་ལེན་ཐབས། །ཡང་གསང་སྒྲུབ་པ་བདེ་ཆེན་རབ་འབར་ཡོད། །


CMR032_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་ལས། བླ་མེད་གསར་རྙིང་ཡི་དམ་ཌཀྐི་སྤྱིའི་ཡང་གསང་བླ་ན་མེད་པའི་སྒྲུབ་པོ་བདེ་ཆེན་རབ་འབར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱཀི་ནཱི་ཡེ།། གསར་རྙིང་བླ་མེད་ཡི་དམ་གང་རུང་ལ། །སྦྱར་དུ་རུང་བའི་ཡང་གསང་སྒྲུབ་པ་ནི། །གྲུབ་ཆེན་པཀྵིའི་དགོངས་པ་བཞིན་བཤད་ན། །བདེ་དགྱེས་གསང་གསུམ་ཕག་མོ་སེང་གདོང་མ། །རྒྱལ་བ་རྒྱ་མཚོ་ལ་སོགས་གང་ཡང་རུང་། །སྒྲུབ་རྫས་གཏོར་བསྔོས་རྟེན་གྱི་མཆོད་གཏོར་ཙམ། །ཡོད་ན་ལེགས་ཤིང་མེད་ན་འདིར་མི་དགོས། །ཡང་གསང་རྩ་རླུང་ཐིག་ལེའི་སྒྲུབ་པ་ཡིན། །མཚམས་བསྡམས་བདེ་བའི་གདན་ལ་ལུས་གནད་བསྲང་། །རང་ལུས་ཡི་དམ་གཙོ་རྐྱང་གསལ་བར་བསྒོམ།་་་་་གང་ཡིན་པ་མཆན། །སྐུ་ནང་སྟོང་པ་ཕྲུ་མ་ཕུས་བཏབ་བཞིན། །གསང་གནས་ནས་བཟུང་ཚངས་པའི་བུ་གའི་བར། །ཨ་ཝ་དྷུ་ཏི་ཁང་སྟོང་ཀ་བ་བཞིན། །མདའ་སྨྱུག་ཙམ་པ་ཁ་དོག་སྔོན་པོ་སྟེ། །གཡས་པ་རོ་མ་དམར་པོ་དེ་ལས་ཕྲ། །གཡོན་པ་རྐྱང་མ་དཀར་པོ་དེ་ཙམ་སྟེ། །ཡར་སྣེ་སྤྱི་བོ་ནས་ནི་ཐུར་དུ་གུག །སྣེ་མོ་སྣ་བུག་གཉིས་སུ་ཡོད་པར་བསམ། །


CMR032_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མའི་ཡར་སྣེ་ཚངས་བུག་སྟེང་ཉིད་དུ། །སྣ་ཚོགས་རྡོ་རྗེས་མཚན་ཞིང་བཀག་པར་བསྒོམ། །ལྟེ་འོག་མན་ཆད་རྩ་གསུམ་གཅིག་ཏུ་གྱུར། །མར་སྣེ་གསང་བའི་གནས་སུ་ཟུག་པ་ཡང་། །གསང་རྡོར་ཉིད་དང་ཅུང་ཟད་མ་འབྲེལ་བསྒོམ། །དེ་ནི་ཚུལ་ཁྲིམས་མི་འཆལ་གནད་ཟབ་ཡིན། །།འབྲེལ་ན་ཆགས་པ་ཆེ་ཞིང་འཆལ་དོགས་གསུངས། །རྩ་གསུམ་སྐུ་གསུང་ཐུགས་ཀྱི་ངོ་བོ་མཚོན། །རྩ་འདབ་བསྒོམ་ལུགས་བཞེད་པ་མང་ན་ཡང་། །ཐང་ཤིང་ཡལ་གའམ་ནི་གདུགས་རྩིབས་བཞིན། །སྤྱི་བོའི་རྩ་འདབ་སུམ་ཅུ་སོ་གཉིས་དཀར། །ཅུང་ཟད་ཐུར་དུ་གུག་ཚུལ་ཝཾ་ཡིག་མཚོན། །མགྲིན་པའི་རྩ་འདབ་བཅུ་དྲུག་ཁ་དོག་དམར། །རྩེ་མོ་ཡར་ལ་གུག་པ་ཨེ་ཡིག་མཚོན། །སྙིང་གའི་རྩ་འདབ་བརྒྱད་པོ་ཁ་དོག་མཐིང་། །ཅུང་ཟད་ཐུར་དུ་སྦུབ་ཚུལ་ཝཾ་ཡིག་མཚོན། །ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞི་ནི། །མདོག་སེར་གྱེན་དུ་ཁ་ཕྱོགས་ཨ་ཡིག་མཚོན། །གསང་གནས་རྩ་འདབ་ཉི་ཤུ་རྩ་བརྒྱད་ནི། །ལྗང་གུ་ཕྲད་དུ་ཐད་ཀར་ཡོད་པའོ། །རྩ་འཁོར་ལྔ་པོ་རིགས་ལྔའི་ཕོ་བྲང་དངོས། །ཕྱི་རོལ་ཞིང་ཁམས་ལྔ་དང་ངོ་བོ་གཅིག །འདི་


CMR032_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཡོན་ཏན་བསྐྱེད་པ་རྩ་ཡི་མཆོག །དེ་མིན་རྩ་འདབ་གྲངས་ལས་འདས་པ་རྣམས། །སྐྱོན་དང་ཡོན་ཏན་རྣམ་གྲངས་མང་པོ་བསྐྱེད། །དེ་ཕྱིར་ཡིད་ལ་མི་དམིགས་པ་ཉིད་ལེགས། །དེ་ནས་རླུང་ནི་དགུ་ཕྲུགས་བུས་བྱས་ཏེ། །འཇམ་རླུང་ཅུང་ཟད་དལ་བུས་བཟུང་བྱས་ཏེ། །འཁྲུལ་འཁོར་ཡན་ལག་ལྔ་སྦྱོང་བྱ་བ་ནི། །དེ་ནི་རིགས་ལྡན་གྱི་ནི་གཞི་བཟུང་བ། །དཔག་བསམ་གྱི་ནི་ཤིང་འཛུགས་ཅེས་བྱ་སྟེ། །ལུས་དང་རྩ་ཡི་སྟོང་ར་བསྒོམ་པ་ཡིན། །དེ་ནས་རླུང་གི་རྣལ་འབྱོར་བསྒོམ་པ་ནི། །སྣ་བུག་གཡོན་དང་མཉམ་དུ་རྒྱུ་དུས་བཟུང་། །གཡས་ནས་རྒྱུ་དུས་བཟུང་ན་གེགས་སྐྱོན་འཕེལ། །སྣ་རྩེ་སོར་ནི་བཅུ་དྲུག་ཚད་ཙམ་ནས། །རླུང་ནི་ཁ་དོག་ལྔ་ལྡན་སྟོང་སྐུད་བཞིན། །སྣ་སྒོ་ནས་ཞུགས་རོ་རྐྱང་ནས་བརྒྱུད་དེ། །ནང་དུ་ཞུགས་པ་དམིགས་ཤིང་དལ་བུས་རྡུབ། །འོག་སྒོ་བསྡམས་ཤིང་གསུས་པ་ཐེར་གྱིས་དགང་། །འོག་སྒོའི་ཞབས་སུ་གོས་སྣེ་ཧྲིལ་པོ་བཞག །དེ་ཡིས་འོག་རླུང་ཤུགས་ཀྱིས་ཟིན་པའི་གནད། །སྟེང་རླུང་མགྲིན་པ་མན་ཆད་བཀང་བ་ནི། །བུམཅན་ཡིན་ཏེ་སྟོད་འཚང་ལ་སོགས་སེལ། །སྙིང་ག་མན་ཆད་བཀང་བ་ལེགས་པ་


CMR032_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དྲག་ཏུ་རྔུབ་ཅིང་དགང་ན་ནག་ཐོམ་འགྲོ། །དལ་བུས་འཇམ་ལ་རིང་བར་རྔུབ་བྱས་ཏེ། །གསུས་པ་ཐེར་གྱིས་དགང་ལ་ཅི་ནུས་བཟུང་། །དམིགས་པ་རོ་རྐྱང་ནས་ཞུགས་རླུང་དེ་ནི། །དབུ་མའི་ནང་ནས་སྙིང་གར་ཐིམ་པར་བསྒོམ། །མ་ཐུབ་གྲུ་མོ་གཡས་གཡོན་མཚན་བརྡབ་བྱ། །དམིགས་པ་ལུས་ཀྱི་བ་སྤུའི་བུ་ག་ནས། །རླུང་ནི་སྔོ་དངས་སིབ་སིབ་ཕྱིར་ཐོན་བསམ། །དེ་ཡིས་རླུང་ཁུག་ཅུང་ཟད་རིང་བར་ནུས། །དེ་ནས་བཟུང་བར་མ་ནུས་གཏོང་དགོས་ཚེ། །སྣ་བུག་གཉིས་ནས་ལྷག་མ་མེད་པར་བུས། །གེགས་སྐྱོན་སྡིག་སྒྲིབ་དང་བཅས་ཕྱིར་ཐོན་ནས། །རྩ་དང་ལུས་ནང་སྟོང་པ་སང་ངེ་བསྒོམ། །ཟིན་རྟགས་སྔར་ལས་རླུང་ཁུག་རིང་འགྱུར་ཞིང་། །ཡུན་རིང་བཟུང་ཡང་མི་བདེ་མེད་པ་འབྱུང་། །རང་ཉིད་ལུས་གནད་བཅས་ཤིང་རླུང་བཟུང་ཚེ། །མདུན་དུ་མཆེད་གྲོགས་གྲྭ་པ་ཞིག་བཞག་སྟེ། །སྐྱིལ་ཀྲུང་བཅས་ཏེ་ལག་གཡོན་ཕྲེང་བ་བཟུང་། །ལྟ་མགྱོགས་པར་ལག་གཡས་པུས་མོ་གཡས་དང་གཡོན། །དཔྲལ་བར་རེག་ཅིང་སེ་གོལ་གཅིག་བརྡབ་སྟེ། །དེ་ནས་ཕྲེང་བ་གཅིག་ནི་བཅད་བྱ་བ། །དེ་འདྲ་བརྒྱ་དང་བརྒྱད་ཀྱི་ཡུན་


CMR032_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བར། །རླུང་ནི་གཏོང་མི་དགོས་པར་བཟུང་ཐུབ་ན། །རླུང་ནི་འབྱངས་པའི་ཚད་དུ་བཞག་པ་ཡིན། །དེ་འབྱངས་འཕོ་བ་བསྒོམ་ཡང་ནུས་པ་ཐོན། །གཏུམ་མོ་བསྒོམ་ཡང་། དྲོད་སོགས་སྐྱེ་བ་ཡིན། །དེ་ལ་བུམ་ཅན་མིང་དུ་བཏགས་པའང་ཡོད། །དེ་ཉིད་བུམ་ཅན་མིན་གསུངས་བཀག་པའང་མཛད། །འོན་ཀྱང་སྡོམ་འབྱུང་རྒྱུད་ལས་དེ་གསལ་ཕྱིར། །རླུང་གི་རྟགས་ཐོན་ཚད་དེ་ངེས་པ་ཡིན། །དེ་ནས་ཐིག་ལེའི་རྣལ་འབྱོར་བསྒོམ་པ་ནི། །ཐུན་མོང་མ་ཡིན་པཀཱིའི་ཟབ་གནད་ནི། །རྩ་འཁོར་ལྔ་ཡི་དབུས་མ་དབུ་མའི་ནང་། སྤྱི་བོར་གཏི་མུག་ངོ་བོ་ཨོ་དཀར་པོ། །མགྲིན་པར་འདོད་ཆགས་ངོ་བོ་ཨཱཋདམར་པོ། །སྙིང་གར་ཞེ་སྡང་ངོ་བོ་ཧཱུྃ་མཐིང་ནག །ལྟེ་བར་ང་རྒྱལ་ངོ་བོ་ཧཱུྃ་སེར་པོ། །གསང་བར་ཕྲག་དོག་ངོ་བོ་ཨ་ལྗང་གུ། །དུག་ལྔ་ཡེ་ཤེས་ལྔ་དང་རིགས་ལྔ་རྣམས། །རྒྱུ་དང་འབྲས་བུའི་ཚུལ་དུ་གཅིག་ཕྱིར་བསྒོམ། །དབུ་མའི་མར་སྣེ་གསང་གནས་འཁོར་ལོའི་འོག །ཐིག་ལེ་དམར་པོ་རཾ་གྱིས་མཚན་པ་ཞིག །ཨ་ཐུང་གཏུམ་མོའི་ངོ་བོར་བསྒོམ་པར་བྱ། །དེ་ནི་པཀཱིའི་གདམས་ངག་ལུགས་ཡིན་གྱི། །གཏུམ་མོའི་རང་གནས་ལྟེ་འོག་སོར་བཞིའི་


CMR032_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཐད། །དེ་རུ་བསྒོམ་ན་རྒྱུད་དང་མཐུན་པ་ཡིན། །ཨ་ཐུང་ཐིག་ལེ་རཾ་ཡིག་གང་ཡང་རུང་། །ཨ་ཡིག་རིང་ཆ་མེད་པ་ལྕགས་སྲེག་མདོག །ཐིག་ལེ་བསྒོམ་པའི་རྩེ་མོར་མེ་ལྕེ་ནི། །སུམ་འཁྱོགས་དམར་པོ་གཅན་གཟན་སྤུ་ཙམ་པ། །སུམ་འཁྱོགས་དམར་པོ་ཨ་ཡིག་འཕྲེད་བསྟན་དབྱིབས། །།རཾ་ཡིག་བསྒོམ་པའི་རྩེ་མོར་དེ་དང་འདྲ། །ཨ་ཐུང་ཕག་མོའི་ངོ་བོ་ཞེས་བྱ་བ། །མ་ལས་ཐོབ་པའི་ཐེག་ལེ་དམར་པོ་ནི། །ཕག་མོ་དངོས་ཡིན་དེ་ཉིད་བསྒོམ་པའི་རྟེན། །ལུས་ཀྱི་དྲོད་རྣམས་ཐམས་ཅད་དེས་བསྐྱེད་ཕྱིར། །ཐ་མལ་པ་ཡིས་ཕོ་བའི་མེ་དྲོད་ཟེར། །རླུང་བཟུང་རོ་རྐྱང་ནས་ཞུགས་དེ་ལ་ཕོག །སོལ་བའི་མེ་ལ་སྦྱད་པ་བརྒྱབ་བཞིན་འབར། །གསང་གནས་འོག་ཏུ་བསྒོམ་ན་ཡར་འབར་ཏེ། ། ལྟེ་འོག་བསྒོམ་ན་རེ་ཞིག་ཕྱིར་ལ་འབར། །དམར་དང་ཁྱུག་ཁྱུག་ཅུང་ཟད་འབར་བར་བསམ། །སྐད་ཅིག་མི་སྡོད་འཁྱུག་འཁྱུག་གཡོ་བར་བསམ། །དབུ་མའི་ཡར་སྣེ་ཚངས་པའི་བུ་ག་རུ། །ཐིག་ལེ་དཀར་པོ་དངུལ་ཆུའི་རྡོག་པོ་བཞིན། །ཧཾ་ཡིག་དཀར་པོ་མགོ་བོ་ཐུར་བསྟན་མཚན། །ཕ་ལས་ཐོབ་པའི་བྱང་སེམས་ཀུན་གྱི་བཅུད། །བཀྲག་མདངས་ལུས་


CMR032_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཐམས་ཅད་སྐྱེད་པའི་གཞི། །བདེ་མཆོག་ལ་སོགས་ཧེ་རུ་ཀ་དངོས་ཉིད། །དེ་ལྟར་ཐིག་ལེ་དཀར་དམར་གསལ་བཏབ་ནས། །རླུང་གཅིག་ཚུར་ལ་རྔུབ་པ་དང་བསྟུན་ནས། །དུག་ལྔའི་སྒོ་ནས་བསགས་པའི་སྡིག་སྒྲིབ་དང་། །ལམ་རྒྱུད་ལྔ་རུ་སྐྱེ་བའི་སྡིག་སྒྲིབ་ཀུན་་་་ངན་སོང་གསུམ་དང་ལྷ་དང་ལྷ་མིན་གཅིག་ཏུ་རྩི་བ་ཡིན་ཀྱང་འདིར་ལྷ་མི་གཉིས་གཅིག་ལ་བརྩི་མཆན། །འོད་ཟེར་ལྔ་ཡི་ཚུལ་དུ་ཚུར་བསྡུས་ཏེ། །གནས་ལྔའི་ཡིག་འབྲུ་ལྔ་ལ་ཐིམ་པར་བསྒོམ། །དེ་ནས་རླུང་བཟུང་གཏུམ་མོ་འབར་བ་ཡིས། །ཕྲག་དོག་སྒྲིབ་པ་ལྷ་མིན་སྐྱེ་བའི་རྒྱུ། །ཨ་ཡིག་ལྗང་གུ་ཡེ་ཤེས་མེ་ཡིས་བསྲེགས། །དེ་ཉིད་ཡི་དམ་གང་ཡིན་ལྗང་གུར་གྱུར། །རྩ་འདབ་རེ་ལ་ཌཱ་ཀི་ལྗང་མོ་རེ། །སྣ་ཚོགས་རྡོ་རྗེས་མཚན་པའི་གྲི་ཐོད་དང་། །ཁ་ཊཱ་མཆན་བཅུག་གར་སྟབས་བཞུགས་པར་དམིགས། །དེ་ནས་གཏུམ་མོ་ཡར་ལ་སྦྱར་བ་ཡིས། །ང་རྒྱལ་སྒྲིབ་པ་ལྷ་རུ་སྐྱེ་བའི་རྒྱུ། །ཏཱཾ་ཡིག་བསྲེགས་ནས་ཡི་དམ་སེར་པོར་བསྒྱུར། །རྩ་འདབ་གྲངས་ཀྱི་ཌཱཀི་སེར་མོ་རྣམས། །རིན་ཆེན་མཚན་པའི་གྲི་ཐོད་ཁཊཾ་ག །དེ་ནས་གཏུམ་མོ་ཡར་འབར་སྙིང་ག་གང་། །ཞེ་སྡང་སྡིག་སྒྲིབ་དམྱལ་བར་སྐྱེ་བའི་


CMR032_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ། །ཧཱུྃ་བསྲེགས་ཡི་དམ་མཐིང་ཀའི་སྐུ་རུ་གྱུར། །རྩ་འདབ་ཌཱཀི་རྡོ་རྗེ་གྲི་ཐོད་ཅན། །གཏུམ་མོ་ཡར་འབར་མགྲིན་པའི་རྩ་འདབ་གང་། །འདོད་ཆགས་སྒྲིབ་པ་ཡི་དྭགས་སྐྱེ་བའི་རྒྱུ། །ཨཱཙྪཡིག་བསྲེགས་ནས་ཡི་དམ་དམར་པོར་བསྒྱུར། །རྩ་འདབ་གྲངས་ཀྱི་ཊཱཀི་དམར་མོ་ནི། །པདྨས་མཚན་པའི་གྲི་ཐོད་ཁཊཾ་ག །དེ་ནས་ཡར་འབར་སྤྱི་བོའི་རྩ་འདབ་གང་། །གཏི་མུག་སྒྲིབ་པ་དུད་འགྲོར་སྐྱེ་བའི་རྒྱུ། །ཨོ་ཡིག་བསྲེགས་ནས་ཡི་དམ་དཀར་པོར་བསྒྱུར། །རྩ་འདབ་གྲངས་ཀྱི་ཌཱ་ཀི་དཀར་མོ་ནི། །འཁོར་ལོས་མཚན་པའི་གྲི་ཐོད་ཁཊཾ་ག །འཁོར་རྣམས་ཐམས་ཅད་གཙོ་བོར་ཞལ་གཟིགས་བསྒོམ། །དེ་ལྟར་རྩ་གནས་ལྷ་ཚོགས་གསལ་ཐེབས་ནས། །རྩ་འདབ་ལྔ་ཡི་གཙོ་བོའི་ཐུགས་ཀ་རུ། །ཞི་བར་ཟླ་བ་ཁྲོ་བོར་ཉི་མའི་གདན། །དེ་དབུས་ས་བོན་རང་རང་སྔགས་ཀྱིས་བསྐོར། །ཕོ་རིགས་གཡས་འཁོར་མོ་རིགས་གཡོན་དུ་འཁོར། །ས་བོན་སྔགས་ཀྱི་ཁ་དོག་སྐུ་མདོག་གཅིག །འཁོར་རྣམས་ཐུགས་ཀར་ཡིག་འབྲུ་རེ་རེ་སྟེ། །དཀར་མོའི་ཐུགས་ཀར་ཧཱི༔ཡིག་དཀར་པོ་དང་། །ཨོ་བོ་གསུམ་པོ་གང་རུང་བསྒོམ་ཡང་རུང་། །སྔོན་མོའི་


CMR032_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཧ་ཡིག་སྔོན་པོ་དང་། །སེར་མོའི་ཐུགས་ཀར་རཾ་ཡིག་སེར་པོ་དང་། །དམར་མོའི་ཐུགས་ཀར་ནི་ཡིག་དམར་པོ་རེ། །ལྗང་མོའི་ཐུགས་ཀར་ས་ཡིག་ལྗང་གུའོ། །དེ་ལྟར་གསལ་བཏབ་སྔགས་ནི་ཡིད་བཟླས་བྱ། །རླུང་ཞིག་ཕར་ལ་བུས་པ་དང་བསྟུན་ནས། །རང་མདོག་འོད་ཟེར་ཁ་དོག་རྣམ་པ་ལྔ། །ནམ་མཁའ་ཁྱབ་པར་འཕྲོས་པས་སངས་རྒྱས་དང་། །བྱང་སེམས་ཡི་དམ་ཌཱཀི་ཐམས་ཅད་མཆོད། །ཐམས་ཅད་བསྒོམས་འདྲའི་རིགས་ལྔའི་ལྷར་གྱུར་ནས། །རླུང་ཞིག་ཚུར་ལ་རྔུབ་པ་དང་བསྟུན་ནས། །གནས་ལྔའི་ལྷ་ལ་རང་རང་སོ་སོར་ཐིམ། །ཡེ་ཤེས་གཞུག་དང་དབང་བསྐུར་བྱིན་རླབས་ཐོབ། །དབང་རྟགས་རིགས་ལྔ་སོ་སོའི་དབུ་བརྒྱན་པ། །དཔྲལ་བའི་གཙོ་བོ་རྣམ་སྣང་དབུ་བརྒྱན་དང་། །འཁོར་རྣམས་ཕྱག་མཚན་འཁོར་ལོ་དཀར་པོས་བརྒྱན། །དེ་བཞིན་མགྲིན་པར་སྣང་མཐའ་པདྨ་དང་། །སྙིང་གར་རྡོར་སེམས་རྡོ་རྗེ་རྩེ་ལྔ་པ། །ལྟེ་བར་རིན་འབྱུང་རིན་ཆེན་ཟུར་བརྒྱད་པ། །གསང་བར་དོན་གྲུབ་སྣ་ཚོགས་རྡོ་རྗེས་བརྒྱན། །དེ་ལྟར་གནས་ལྔར་སྒྲིབ་པ་སྦྱོང་ཚུལ་དང་། །ལྷ་བསྒོམ་ཡེ་ཤེས་བསྟིམ་དང་དབང་བསྐུར་བ། །ཁྲིད་


CMR032_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱེད་ན་རྩ་གནས་རེ་རེ་ལ། །ཞག་བདུན་ལྔའམ་གསུམ་སོགས་རྩེ་གཅིག་སྦྱོང་། །ཐོན་ཆོས་སྔོན་ལྟར་དུས་གཅིག་བསྒོམ་པ་སྟེ། །ཡང་གསང་སྒྲུབ་པའི་དུས་སམ་རྒྱུན་ཁྱེར་དུས། །འདི་ལྟར་དུས་གཅིག་བསྒོམ་པ་ཕྱག་ལེན་ལགས། །འདི་སྐབས་འཁྲུལ་འཁོར་ནཱ་རོ་དྲུག་སྐོར་ཏེ། །གསང་གནས་དམིགས་ཚེ་རྐང་ལག་བརྐྱང་བསྐུམ་ཡིན། །ལྟེ་བའི་སྐབས་སུ་སྐེད་པ་བསྐོར་བ་དང་། །སྙིང་གའི་དུས་སུ་རོ་སྟོད་གཡས་གཡོན་གཅུ། །མགྲིན་པའི་དུས་སུ་མགྲིན་པ་གཡོན་ནས་བསྐོར། །སྤྱི་བོའི་སྐབས་སུ་མགོ་བོ་དགྱེ་རྒུའོ། །འདི་སྐབས་བསྙེན་པ་གཙོ་ནི་མི་ཆེ་སྟེ། །རླུང་དང་སྔགས་དང་ངག་གསུམ་དོན་གཅིག་ཕྱིར། །རླུང་དང་འཁྲུལ་འཁོར་ཁོ་ན་གལ་ཆེན་ཡིན། །གལ་ཏེ་རྒས་སམ་ནད་བུ་ཅན་ལ་སོགས། །རླུང་དང་འཁྲུལ་འཁོར་མི་ལྕོགས་མི་ཆུན་ན། །སྔགས་བཟླ་དམིགས་པ་ཁོ་ནས་ཆོག་པ་ཡིན། །དེ་ཡིས་དྲོད་དང་བདེ་བ་མི་སྐྱེ་ཡང་། །ཡང་གསང་སྒྲུབ་པ་ཐེམ་ཞིང་བྱིན་རླབས་འབྱུང་། །དེ་ནས་རླུང་བཟུང་གཏུམ་མོ་དྲག་ཏུ་སྦྱར། །གསང་གནས་ནས་བཟུང་རྩ་འཁོར་ལྔ་པོ་ཡི། །ལྷ་ཚོགས་ཐམས་ཅད་གཏུམ་མོའི་མེ་ཡིས་ཞུ། །སྐུ་


CMR032_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དང་མཚུངས་ཐིག་ལེ་རེ་རེར་གྱུར། །སྤྱི་བོའི་ཧཾ་ལས་བྱང་སེམས་དཀར་པོ་ཡི། །ཐིགས་པ་ཆར་ཟིམ་ལྟ་བུར་བབས་པ་ཡིས། །རྩ་གནས་ཐིག་ལེ་རྣམས་ལ་དེས་བྲན་པས་། །ལྷ་རྣམས་སྔར་དང་མཐུན་པར་སྐད་ཅིག་གསལ། །བཀྲག་དམངས་གཟི་བརྗིད་སྔར་ལས་བདུན་འགྱུར་ཚེ། །སླར་ཡང་རླུང་བཟུང་གཏུམ་མོའི་མེ་སྦར་བས། །སྤྱི་བོའི་ཧཾ་ལས་བྱང་སེམས་རྒྱུན་བབས་པས། །རྩ་གནས་ལྷ་ཚོགས་ཀུན་གྱི་ཞལ་དུ་ཞུགས། །སྐུ་ལུས་བདེ་བ་རྒྱས་ཤིང་བཀྲག་མདངས་འཕེལ། །གཙོ་བོ་ལྔ་པོ་ཡབ་ཡུམ་སྦྱོར་བ་མཛད་། །སྦྱོར་མཚམས་བྱང་སེམས་དཀར་དམར་བབ་པའི་རྒྱུན། །རྩ་འདབ་ལྔ་གང་ལྷག་མས་ལུས་ཀུན་གང་། །བདག་ལུས་བདེ་བ་ཚད་མེད་སྐྱེས་པར་བསྒོམ། །འདི་སྐབས་ལུས་སྦྱོང་སོ་བདུན་འཁྲུལ་འཁོར་བྱ། །གལ་ཏེ་ལུས་ལ་བདེ་བ་དངོས་སྐྱེ་ཚེ། །བདེ་བའི་ངོ་བོ་བལྟས་ལ་བདེ་སྟོང་བསྲེ། །འདི་ལ་བསྙེན་སྒྲུབ་ལས་སྦྱོར་ཐ་སྙད་མེད། །རྩ་རླུང་ཐིག་ལེ་གསུམ་གྱི་རྣལ་འབྱོར་ཡིན། །ཐིག་ལེ་སྒོམ་པར་ཆུ་ཟླའི་གར་བསྒྱུར་ཟེར། །འདི་ལ་སྒྲུབ་པའི་ཚད་དང་ཞག་གྲངས་མེད། །རྟགས་ཐོན་བྱེད་ན་རྩེ་གཅིག་བསྒོམ་པ་


CMR032_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྒྱུན་ཁྱེར་བྱེད་ན་ཐུན་རེ་སྒོམ་ཡང་རུང་། །བདག་ཀྱང་སྔ་སོར་རྩེ་གཅིག་སྒོམ་པ་དང་། །ཕྱིས་ནི་རྒྱུན་ཁྱེར་ཆག་མེད་ཐུན་རེ་སྟེ། །རླུང་དང་འཁྲུལ་འཁོར་ལྕོགས་དང་མི་ལྕོགས་དེ། །རང་གི་དལ་ཁོམས་བསྟུན་ཏེ་གང་འདོད་རུང་། །དམིགས་པ་ཐུན་རེ་འཁྲུལ་འཁོར་མ་ཆག་ན། །ཁམས་བདེ་ནད་རིགས་ཀུན་ལ་ཕན་པར་མཐོང་། །རང་གི་ཉམས་མྱོང་དང་བསྟུན་གོ་བདེ་བར། །ཤིན་ཏུ་བསྡུས་པ་ས་བོན་ཙམ་ཡིན་གྱི། །རྒྱས་པ་གྲུབ་ཆེན་ཀརྨ་པཀྴི་ཡི། །གདམས་ངག་རྒྱ་མཚོ་མཐའ་ཡས་གཞུང་ཆེན་དང་། །ཟབ་ཆོས་རྒྱ་མཚོ་མཐའ་ཡས་གཉིས་པོ་ཡི། །གཞུང་དང་ཆ་ལག་ཡིག་ཆ་དཔག་མེད་པ། །བཀའ་འབུམ་ནང་ནས་འབྱུང་བ་གཟིགས་པས་གསལ། །བླ་མེད་རྒྱུད་སྡེ་ཀུན་གྱི་བཅུད་ཡིན་ཏེ། །གྲུབ་ཆེན་པཀྴི་རྒྱ་ནག་ཧོར་གྱི་མཚམས། །གྲུབ་རྟགས་མང་པོ་བསྟན་པ་རྗེས་དང་ནི། །གདམས་ངག་ཡིན་སྙམ་ཕྱག་དཔེ་ཐམས་ཅད་དང་། །སྐུ་ཆས་ཐམས་ཅད་བཅོམ་ནས་གཅིག་པུར་བཞག །དེ་ཚེ་ཕྱག་དཔེ་ཅི་ཡང་མེད་པའི་དུས། །རྒྱ་གར་གྲུབ་ཆེན་ཐམས་ཅད་ཞལ་གཟིགས་ཏེ། །ཐམས་ཅད་ཨ་ཙ་ར་ཡི་ཆ་ལུགས་


CMR032_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །མི་རེས་གདམས་ངག་སྣ་རེ་བྲི་བར་གཟིགས། །དེ་དོན་ཐུགས་སུ་ཆུད་པའི་སྙིང་པོ་སྟེ། །རླུང་དང་དམིགས་པའི་འཕྲོ་འདུ་མ་གཏོགས་པ། །རྫས་དང་འཁོར་ལོ་སྔགས་སོགས་མི་དགོས་པར། །མཆོག་ཐུན་ཕྲིན་ལས་རྣམ་བཞི་ཀུན་འགྲུབ་པའི། །སྙན་བརྒྱུད་གདམས་ངག་རྩ་བ་འདི་ཡིན་ཏེ། །འདི་ཡི་ཆ་ལག་བྱེ་བྲག་དཔག་ཏུ་མེད། །པཀྴིས་གསུངས་པའི་ཟབ་ཆོས་ཕལ་ཆེར་རྣམས། །རྩ་བ་འདི་ལས་འཕྲོས་པའི་ཡན་ལག་ཡིན། །གསར་རྙིང་བླ་མེད་རྒྱུད་སྡེ་ཀུན་ལ་སྦྱར། །ཁྱད་པར་བླ་མེད་བདེ་དགྱེས་གསང་གསུམ་དང་། །ནག་རྒྱལ་ཕག་གསུམ་རྣམས་ཀྱི་ཁྱད་ཆོས་ཡིན། །འདི་ནི་ཟབ་མོའི་བསྐྱེད་རིམ་ཞེས་ཀྱང་བྱ། །རྩ་རླུང་ཡིན་པས་རྫོགས་རིམ་ཕྱོགས་སུའང་གཏོགས། །ཡང་གསང་བླ་ན་མེད་པའི་སྒྲུབ་ཐབས་ཡིན། །ཞག་རེའི་ནང་དུ་གཏོར་བསྔོས་རེ་བྱས་ཏེ། །གཏོར་མགྲོན་ཡེ་ཤེས་སྐད་ཅིག་སྤྱན་དྲངས་ལ། །གཏོར་མ་བསྔོ་ཞིང་མཆོད་བསྟོད་ཕྲིན་ལས་བཅོལ། །ཡེ་ཤེས་རང་བསྟིམ་འཇིག་རྟེན་གཤེགས་པར་དམིགས། །དེ་མིན་མདུན་བསྐྱེད་ལ་སོགས་འདི་ལ་མེད། །གསང་བ་རྩ་རླུང་ཐིག་ལེའི་དཀྱིལ་འཁོར་ལ། །བརྟེན་


CMR032_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྒྲུབ་པ་ཨ་ནུ་ཡོ་གའི་ལུགས། །གསར་མའི་ལུགས་ལ་ལུས་དཀྱིལ་ཞེས་ཀྱང་བྱ། །པཀྵིའི་དགོངས་པ་གསར་རྙིང་ཟུང་འཇུག་དང་། །ཕྱག་རྫོགས་ཟུང་། །འཇུག་དགོངས་པའི་མཐར་ཐུག་ཡིན། །དེ་སྐད་རྟ་ལོ་ཁྲུམས་ཟླའི་ཉེར་གསུམ་ལ། །སྔ་དྲོའི་ཐུན་སྐབས་རཱ་ག་ཨ་སྱས་སྨྲས། །བླ་མ་བརྩོན་འགྲུས་རྒྱ་མཚོས་ཡི་གེར་བྲིས། །འགལ་འཁྲུལ་ཉེས་པ་སྲུང་མ་རྣམས་ལ་བཤགས། །དགེ་བས་འགྲོ་ཀུན་རྡོ་རྗེ་འཆང་འགྲུབ་ཤོག །ལེའུ་སུམ་ཅུ་ཐཾ་པ་མངྒ་ལཾ།། །


previousལེའུ་སུམ་ཅུ་པ། ཨ་ནུ་ཡོ་གའི་རྒྱུད་གཞུང་ཉམས་ལེན་ཐབས། །ཡང་གསང་སྒྲུབ་པ་བདེ་ཆེན་རབ་འབར་ཡོད། །next