Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་སོ་གཅིག་པ། ཨ་ཏི་ཡོ་གའི་རྒྱུད་ཀྱི་ཉམས་ལེན་ཐབས། །དེ་བཞིན་ཉིད་སྒྲུབ་དག་པ་རབ་འབྱམས་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་སོ་གཅིག་པ། ཨ་ཏི་ཡོ་གའི་རྒྱུད་ཀྱི་ཉམས་ལེན་ཐབས། །དེ་བཞིན་ཉིད་སྒྲུབ་དག་པ་རབ་འབྱམས་ཡོད། །next

ལེའུ་སོ་གཅིག་པ། ཨ་ཏི་ཡོ་གའི་རྒྱུད་ཀྱི་ཉམས་ལེན་ཐབས། །དེ་བཞིན་ཉིད་སྒྲུབ་དག་པ་རབ་འབྱམས་ཡོད། །


CMR032_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

༼ཀི༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། བླ་མེད་ཡི་དམ་སྤྱིའི་དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་སྣང་སྲིད་དག་པ་རབ་འབྱམས་ཞེས་བྱ་བ་བཞུགས་སོ། །ན་མོ་མ་ཧཱ་གུ་རུ་ཌཱཀི་ནཱི་ཡེ། བླ་མ་མཆོག་དང་ཡི་དམ་ཌཀི་ལ། །ཕྱག་འཚལ་གུས་བཏུད་བཀའ་ཡི་གནང་བ་ཞུ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལུགས། །དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་དུ། །སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ལྷ། །གསར་མའི་ཆོས་ལུགས་སྐད་ཅིག་དྲན་རྫོགས་ཟེར། །སྭ་བྷ་ཝ་སོགས་སྔགས་ཀྱིས་སྦྱོང་མི་དགོས། །སྟོང་ཉིད་ལྟ་བའི་ངང་ལ་གནས་བཞིན་


CMR032_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །ངག་ཏུ་མངོན་རྟོགས་ཆོ་ག་འདོན་མི་དགོས། །དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་བཞིན། །རང་ཉིད་ཡི་དམ་ལྷ་ཡི་སྐུར་བསྒོམས་ཏེ། །སྣོད་ཀྱི་འཇིག་རྟེན་འདི་ནི་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་བདག་བསྐྱེད་ལྷ་ཡི་འཁོར། །གདོད་ནས་དམ་ཚིག་ཡེ་ཤེས་དབྱེར་མེད་དེ། །རང་ལུས་གདོད་ནས་དམ་ཚིག་སེམས་དཔའ་ཉིད། །རང་གི་སེམས་ཉིད་ཡེ་ཤེས་སེམས་དཔའ་སྟེ། །ཡིན་ལ་ཡིན་ཤེས་གསལ་གདབ་དབང་བསྐུར་ཉིད། །སྟོང་ཉིད་རྩི་དང་མ་བྲལ་ལྟ་བའི་ངང་། །ཡི་དམ་ལྷ་སྐུ་གསལ་སྟོང་ཟུང་དུ་འཇུག །འདི་ཉིད་བསྐྱེད་རྫོགས་ཟུང་འཇུག་བསྒོམ་པའི་མཆོག །གསང་སྔགས་བསྟན་པའི་དངོས་གཞི་དེ་ཡིན་ཏེ། །དེ་སྐད་རྡོ་རྗེ་འཆང་གིས་བཀའ་སྩལ་པ། །བསྐྱེད་པ་ཡི་ནི་ཀཾ་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པ་སྟེ། །རིམ་གཉིས་མཉམ་པར་གང་གནས་པ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཅེས་གསུངས་སོ། །ལྕེ་རྐན་ཕྲེང་བ་བྲལ་བའི་བཟླས་པ་སྟེ། །རླུང་གི་འབྱུང་འཇུག་གནས་གསུམ་དང་སྤྱད་ནས། །ཡིག་འབྲུའི་གཟུགས་ནི་བསྒོམ་པ་མ་ཡིན་ཏེ། །རླུང་ནི་ནང་དུ་འཇུག་པ་ཡི་གེ་ཨོ། །ཁོང་དུ་གནས་པ་ཡི་གེ་


CMR032_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཡིན་ཏེ། །ཕྱི་རུ་འབྱུང་བ་ཡི་གེ་ཧཱུྃ་དུ་ཤེས། །དེ་ལྟར་མ་ཡེངས་ཡིད་ཀྱིས་དབུགས་གྲངས་བརྩི། །དབུགས་ནི་ཤུགས་འབྱུང་བརྩི་བ་མ་གཏོགས་པ། །ནང་དུ་བཟུང་བ་ལ་སོགས་མ་ཡིན་ནོ། །དེ་ལྟར་ནངས་སྔ་བརྒྱའམ་ཉེར་གཅིག་བགྲང་། །དེ་ནས་ཉིན་གུང་དེ་ལྟར་ཡིན་ཤེས་པས། །ཉལ་ཁ་བདུན་ནམ་ཉེར་གཅིག་དེ་ལྟར་བགྲང་། །དེ་ནས་གཉིད་ཚེའང་དེ་ལྟར་ཡིན་པར་བསམ། །དེ་ཡིས་ཞག་གཅིག་འབྱུང་གནས་དབྱུང་དང་གསུམ། །གཅིག་ཏུ་བརྩི་བའི་སྔགས་ཀྱི་གྲངས་ཀ་ནི། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགྲོ་བའི་ཕྱིར། །འབད་རྩོལ་མེད་པར་ལྷ་འགྲུབ་བཟླས་པ་ཐེམ། །འདི་ནི་འབྲུ་གསུམ་རྡོ་རྗེའི་བཟླས་པ་སྟེ། །གསར་རྙིང་རྒྱུད་སྡེ་ཀུན་ནས་རྒྱ་ཆེར་གསུངས། །རྒྱུད་སྡེ་ལ་ལར་རྡུབ་པ་ཧཱུཾ་དང་ནི། །གནས་པ་ཨཱསོགས་གོ་རིམ་མི་མཚུངས་ཡང་། །འོན་ཀྱང་གོང་གི་དེ་དག་ཀུན་དང་མཐུན། །ཞི་གནས་སྐྱེ་བའི་མཆོག་ཀྱང་དེ་ཡིན་ཏེ། །་ཉོན་མོངས་ཐམས་ཅད་ཤུགས་ཀྱིས་འགག་པར་གསུངས། །དེ་ནས་འདི་ཡི་སྒྲུབ་པའི་དམིགས་པ་ནི། །ནང་དུ་འཇུག་པ་ཡི་གེ་ཨོཾ་དུ་བསམ། །ཁོང་དུ་ཅུང་ཟད་རླུང་ནི་བཟུང་བ་


CMR032_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དེས། །གང་ཡིན་སྔགས་དེ་དངོས་གཞི་ཡིན་པར་བསམ། །ཕྱི་རུ་དབྱུང་ཚེ་ཧཱུྃ་དང་སྭཱ་ཧཱ་སོགས། །སྔགས་མཇུག་ཡི་གེ་གང་ཡིན་དེ་རུ་བསམ། །དཔེར་ན་ནང་དུ་འཇུག་པ་ཡི་གེ་ཨོཾ། །ཁོང་དུ་གནས་པ་མ་ཎི་པདྨེ་སྟེ། །ཕྱི་རུ་དབྱུང་བ་ཧཱུྃ་དུ་ཤེས་པར་བྱ། །དེ་ནི་ཡིད་ཀྱི་བཟླས་པ་ཡིན་པའི་ཕྱིར། །ངག་ཏུ་མི་བརྗོད་ཕྲེང་བ་བགྲང་མི་བྱ། །སྔགས་གྲངས་འགྲོ་ཚུལ་ཕན་ཡོན་གོང་དང་མཚུངས། །འདི་ཡི་གཏོར་མཆོད་ལ་སོགས་བྱ་ཚུལ་ནི། །ཕོར་པ་ལ་སོགས་ཟས་ཀྱི་སྣོད་དེ་ནི། །རིན་ཆེན་ལས་གྲུབ་བྷནྡྷ་དུམ་གཅིག་དབྱིབས། །བཟའ་བཏུང་བསྲེག་རྫས་ཤ་ལྔ་བདུད་རྩི་ལྔ། །ཡིག་འབྲུ་གསུམ་པོ་བརྗོད་པས་བྱིན་གྱིས་བརླབ། །ལྟེ་འོག་གཏུམ་མོ་ཡེ་ཤེས་མེ་ཡིན་ཏེ། །ཁ་ནི་ཐབ་ཁུང་ལྕེ་ནི་མེ་ལྕེ་ཡིན། །ལག་པ་དགང་གཟར་བླུགས་གཟར་ཤེས་པར་བྱ། །དེ་ཡི་གཟུགས་སུ་བསྒོམ་པ་མ་ཡིན་ནོ། །ཡང་གསང་སྒྲུབ་པའི་ལུས་དཀྱིལ་གསལ་བཏབ་སྟེ། །དེ་དག་རྣམས་ལ་སྲེག་བླུགས་མཆོད་པ་འབུལ། །མདུན་བསྐྱེད་ལོགས་སུ་དགོས་པ་མ་ཡིན་ཏེ། །རྡོ་རྗེ་རིགས་ཀྱི་ཡི་དམ་ཡིན་ན་ནི། །།ཤར་དུ་ཁ་བལྟས་མངོན་དགའི་ཞིང་ཁམས་དང་། །མི་འཁྲུགས་རྒྱལ་


CMR032_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བ་མདུན་བསྐྱེད་རྟེན་དུ་བསྒོམ། །དེ་བཞིན་ཚེ་དཔག་རྒྱལ་བ་རྒྱ་མཚོ་སོགས། །པདྨ་རིགས་ཀྱི་ཡི་དམ་ཡིན་ན་ནི། །ནུབ་ཏུ་ཁ་བལྟས་བདེ་ཆེན་ཞིང་ཁམས་ཀྱི། །སྣང་བ་མཐའ་ཡས་མདུན་བསྐྱེད་གཙོ་བོ་སྟེ། །ཆ་ལུགས་རང་གི་ཡི་དམ་གང་ཡིན་བསྒོམ། །དེ་ལ་ཕྱག་དང་མཆོད་བསྟོད་གསོལ་བ་འདེབས། །དེ་ཚེ་བདག་བསྐྱེད་སྐྱིལ་ཀྲུང་སྟོང་གསུམ་ཁྱབ། །སྐུ་ཡང་སྲིད་པའི་རྩེ་མོ་ཡར་བརྒལ་བ། །བསྒོམས་པས་ཐག་རིང་ཞིང་ཁམས་ལྷ་དེ་ཡང་། །རང་དང་ཞལ་སྤྲོད་མདུན་བསྐྱེད་ཉེ་བར་ཡོང་། །ཐུགས་ལས་སྤྲོས་པའི་མཆོད་པའི་སྤྲིན་ཕུང་ནི། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །གདོད་ནས་གྲུབ་པ་ལྷ་མིའི་ལོངས་སྤྱོད་ཚོགས། །བློ་ཡིས་བླངས་ཏེ་ཡང་ཡང་མཆོད་པར་བྱ། །མདུན་བསྐྱེད་རྟེན་དང་མཆོད་རྫས་གཞན་མི་དགོས། །རྫོགས་རིམ་བསྡུ་དང་རྗེས་ཆོག་གཤེགས་གསོལ་མེད། །སྣང་སྲིད་གཞིར་བཞེངས་རང་བྱུང་དཀྱིལ་འཁོར་ཡིན། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལུགས། །དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་ལ། །བརྟེན་ནས་སྒྲུབ་པའི་མན་ངག་ཟབ་མོ་སྟེ། །འདི་དོན་པད་སྡོང་བརྩེགས་པའི་


CMR032_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་འབྲེལ་དང་། །མཐར་ཐུག་བླ་མེད་རྒྱུད་སྡེ་རྣམས་ནས་གསུངས། །དག་པ་རབ་འབྱམས་འཆར་ཐབས་ངོ་མཚར་ཆེ། །དཔེར་ན་གུ་རུ་ཞི་དྲག་སྒྲུབ་པའི་ཚེ། །རྔ་ཡབ་གླིང་ཕྲན་མདུན་བསྐྱེད་དཀྱིལ་འཁོར་ཡིན། །ཐུགས་རྗེ་ཆེན་པོའི་སྒྲུབ་པ་གང་བྱེད་ཀྱང་། །ལྷོ་ཕྱོགས་རི་བོ་གྲུ་འཛིན་མདུན་བསྐྱེད་བྱ། །སྒྲོལ་མའི་རིགས་ལའང་དེ་དང་མཚུངས་པ་ཡིན་། །བདེ་མཆོག་ཕག་མོ་ལ་སོགས་སྒྲུབ་པའི་ཚེ། །ནུབ་ཕྱོགས་ཨོ་རྒྱན་ཡུལ་དེ་མདུན་བསྐྱེད་བྱ། །དེ་བཞིན་ཡི་དམ་ཆོས་སྐྱོང་གང་སྒྲུབ་ཀྱང་། །སོ་སོ་གར་བཞུགས་གནས་དེ་མདུན་བསྐྱེད་གཙོ། །སོ་སོ་གང་བཞུགས་ཕྱོགས་དེར་ཁ་རྒྱུ་ནས། །གནས་དེ་ཚུན་ཆད་བདག་བསྐྱེད་ཀྱིས་ཁྱབ་པའི། །ཆེན་པོ་བསྒོམ་པ་དེ་ནི་གནད་ཡིན་ཏེ། །འདི་དག་མི་འཐད་བློ་བཟོ་ཡིན་དགོངས་ན། །ཏིང་འཛིན་རྒྱལ་པོའི་ཆོས་ཀྱི་རྣམ་གྲངས་ཏེ། །ད་ལྟའི་སངས་རྒྱས་མངོན་སུམ་བཞུགས་མདོ་ལ། །ལེགས་པར་བལྟས་ན་ཐེ་ཚོམ་ཆོད་པ་འོང་། །དེ་བཞིན་རྩ་རྒྱུད་པད་སྡོང་བརྩེགས་པ་ཡི། །འགྲེལ་པ་ཨོ་རྒྱན་ཉིད་ཀྱིས་མཛད་པ་ལས། །དབང་པོ་རབ་ཀྱི་བསྐྱེད་རིམ་འདི་ལྟར་གསུངས། །མདུན་དུ་དཀྱིལ་འཁོར་


CMR032_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་ཤིང་སྤྱན་འདྲེན་པ། །བློ་ཆུང་དབང་པོ་ཐ་མའི་གང་ཟག་གོ །དེ་ཁོ་ན་ཉིད་སྒྲུབ་ཐབས་ཟབ་མོ་འདི། །ཐེག་དགུའི་ཡང་རྩེ་ཨ་ཏི་ཡོ་གའི་ལུགས། །བདག་ཀྱང་ད་ནི་ན་སོ་སོང་བ་དང་། །སྤྲོས་བཅས་མང་པོ་ལྟོགས་པར་དཀའ་བའི་ཕྱིར། །སྒྲུབ་ཐབས་འདི་ཉིད་ཉམས་སུ་ལེན་པ་ཡིན། །གནམ་ཆོས་དཀྱིལ་འཁོར་མེད་ཅིང་གཏོར་མ་མེད། །མངོན་རྟོགས་ཉུང་བསྡུས་ཙམ་དང་སྙིང་པོ་ལས། །གཞན་མེད་སྡུམ་སྡུམ་འདྲ་བ་འབྱུང་བ་རྣམས། །སྒྲུབ་ཐབས་འདི་ལྟར་ཉམས་སུ་ལེན་ཕྱིར་ལགས། །མཁས་ཤིང་ཆེན་པོར་རློམ་པ་འགའ་ཞིག་གིས། །ཆ་ཚང་མི་འདུག་སྨྲ་བ་ཐོས་མོད་ཀྱི། །ཐེག་དགུ་སོ་སོར་སྒྲུབ་ལུགས་མི་གཅིག་པ། །དེ་དག་མ་ཤེས་པ་ཡི་རང་མཚང་ལགས། །དེ་སྐད་རྟ་ལོ་ཁྲུམས་ཀྱི་ཟླ་བ་ཡི། །དམར་པོའི་ཚེས་བརྒྱད་ཉིན་གུང་ཐུན་མཚམས་ལ། །སྔགས་འཆང་རཱ་ག་ཨ་སྱས་སྨྲས་པ་རྣམས། །བུ་ཆེན་བཱིརྱ་སཱ་ག་ར་ཡིས་བྲིས། །འདི་ལ་སྦ་འོས་གསལ་བཀོད་ཉེས་མཆིས་ན། །ཆོས་བདག་ཊཱ་ཀི་སྲུང་མའི་ཚོགས་ལ་བཤགས། །དགེ་བས་རྟོགས་ལྡན་འགའ་ལ་ཕན་ཐོགས་ཤོག །ལེའུ་སོ་གཅིག་པའོ་མངྒ་ལཾ། །


previousལེའུ་སོ་གཅིག་པ། ཨ་ཏི་ཡོ་གའི་རྒྱུད་ཀྱི་ཉམས་ལེན་ཐབས། །དེ་བཞིན་ཉིད་སྒྲུབ་དག་པ་རབ་འབྱམས་ཡོད། །next