Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་སོ་གསུམ་པ། རྟེན་འབྲེལ་ལུས་ལ་བསྒྲིག་པར་བྱ་བའི་ཕྱིར། །འཁྲུལ་འཁོར་རྩ་ཚིག་འཛམ་བུ་ཆུ་གསེར་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་སོ་གསུམ་པ། རྟེན་འབྲེལ་ལུས་ལ་བསྒྲིག་པར་བྱ་བའི་ཕྱིར། །འཁྲུལ་འཁོར་རྩ་ཚིག་འཛམ་བུ་ཆུ་གསེར་ཡོད། །next

ལེའུ་སོ་གསུམ་པ། རྟེན་འབྲེལ་ལུས་ལ་བསྒྲིག་པར་བྱ་བའི་ཕྱིར། །འཁྲུལ་འཁོར་རྩ་ཚིག་འཛམ་བུ་ཆུ་གསེར་ཡོད། །


CMR032_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

༼གི༽ རི་ཆོས་མཚམས་ཀྱི་ཞལ་གདོམས་ལས། འཁྲུལ་འཁོར་རྩ་ཚིག་སླད་མེད་འཛམ་བུ་ཆུ་གསེར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ཡེ། བླ་མེད་སྤྱི་ཡི་ཡང་གསང་སྒྲུབ་པ་དང་། །གཏུམ་མོའི་ཁྲིད་རིམ་ཀུན་ལ་སྦྱར་རུང་བའི། །གསོལ་འདེབས་ཉུང་ངུ་འཁྲུལ་འཁོར་རྩ་ཚིག་ནི། །རྡོ་རྗེའི་གསུང་ཡིན་བྱིན་རླབས་ཆེ་བའི་ཕྱིར། །བདག་གི་སྐྱབས་གནས་རྒྱལ་བ་


CMR032_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཔག་མེད། །དྷརྨེ་ཤྭ་རའི་གསུང་ཉིད་སླད་མེད་ནི། །རྗེ་སྐྱབས་གསུམ་གྱི་ངོ་བོ་བླ་མ་རྗེ། །ཕ་རྟོགས་ལྡན་གྱི་རྒྱལ་པོ་དགོངས་སུ་གསོལ། །ཙཎྜི་བདེ་སྟོང་དུ་འབར་བར་བྱིན་གྱིས་རློབས། །སྒྱུ་ལུས་ལྷ་སྐུ་རུ་འཆར་བར་བྱིན་གྱིས་རློབས། །གཉིད་འོད་གསལ་དུ་ཐིམ་པར་བྱིན་གྱིས་རློབས། །རྨི་ལམ་སྒྱུ་ལུས་སུ་འཆར་བར་བྱིན་གྱིས་རློབས། །འདའ་ཀ་སྐུ་གསུམ་དུ་འཕོ་བར་བྱིན་གྱིས་རློབས། །བར་དོ་ཆོས་ཉིད་དུ་གྲོལ་བར་བྱིན་གྱིས་རློབས། །ཞེས་པ་འདི་ཉིད་འབྲེལ་བའི་གསོལ་འདེབས་སུའོ། །རྩ་ཁྲུས་ཡན་ལག་ལྔ་སྦྱོང་ནི། །སྐྱིལ་ཀྲུང་རྡོར་སྟབས་དཔུང་སྟེང་སྦུབ། །རླུང་བཟུང་ལག་གཉིས་བརླ་སྟེང་ནས། །ནུ་སྟེང་རྒྱུད་བཤད་མདུན་དུ་བརྐྱང་། །ནུ་སྟེང་གཉིས་སུ་ལན་གསུམ་བརྡབ། །གཡས་གཡོན་ལག་པ་ལན་གསུམ་བཤད། །ཐལ་མོ་གསུམ་ཕུར་མགོ་བོ་དང་། །རོ་སྟོད་རྒྱབ་མདུན་རོ་སྨད་འཕུར། །མཆོན་བརྡབ་བྱས་ལ་རྐང་གཡས་གཡོན། །བརྐྱང་པ་ལན་གསུམ་མཉེ་བར་བྱ། ཞེས་པའང་བཀའ་སྩལ་ཏོ། །སྐེད་པ་གཡས་བསྐོར་གཡོན་བསྐོར་གྱིས། །ལྟེ་བའི་རྩ་མདུད་གྲོལ་བ་ཡིན། །རོ་སྟོད་གཡས་


CMR032_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གཅུད་པ་ཡིས། །སྙིང་གའི་རྩ་མདུད་གྲོལ་བ་ཡིན། །མགྲིན་པ་བསྐོར་ཞིང་དགྱེ་དགུ་ཡིས། །སྤྱི་བོ་མགྲིན་པའི་རྩ་མདུད་གྲོལ། །རྐང་ལག་བརྐྱང་བསྐུམ་བྱས་པ་ཡིས། །ཚིགས་ཀྱི་རྩ་མདུད་གྲོལ་བ་ཡིན། །ལུས་སྤྲུག་འཕུར་སྲུབ་བྱས་པ་ཡིས། །རྩ་རྣམས་ཐམས་ཅད་འདུལ་བ་ཡིན། ༈ །སོ་བདུན་མ་ནི། ས་ནོན་བྱས་ལ་ཕོ་བ་ནི། །གཡས་གཡོན་གསུམ་གསུམ་བསྐོར་བས་དྲུག །པུས་མོ་གཡས་པར་འཇུས་ནས་ནི། །དེ་བཞིན་དྲུག་དང་གཡོན་ལའང་དྲུག །མཐེ་བོང་སྲིན་རྩ་མནན་ནས་ཀྱང་། །གཡས་གཡོན་ཁུ་ཚུར་ཞགས་འཕེན་དྲུག །གཡས་གཡོན་མདའ་འགེངས་བྱེད་པ་དྲུག །གཡས་གཡོན་ལག་པའི་ནང་བཤད་དྲུག །ལུས་ཀུན་སྤྲུག་དང་སོ་བདུན་ནོ། །མཁས་པ་ནཱ་རོ་པཎ་ཆེན་གྱིས། །བླ་མེད་སྤྱི་ཡི་རྫོགས་རིམ་དུ། །ནཱ་རོ་ཆོས་དྲུག་མཛད་པ་ཡི། །རྩ་བའི་འཁྲུལ་འཁོར་འདི་ཡིས་ཚང་། །རྗེས་ནས་ཏི་ཕུ་པ་ལ་སོགས། །སློབ་མ་རྣམས་ཀྱིས་མང་བསྣུན་ཀྱང་། །རྩ་བ་འདི་ཡིས་ཆོག་པའི་ཕྱིར། །བདག་གི་འདྲེན་མཆོག་རྒྱལ་བ་ཡིས། །མཛད་པའི་ཆོས་དྲུག་རྒྱས་བསྡུས་ལའང་། །འདི་ལས་གཞན་པའི་


CMR032_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་མེད། །གསར་རྙིང་བླ་མེད་སྤྱི་དང་ནི། །ཁྱད་པར་ནག་རྒྱལ་ཕག་གསུམ་དང་། །གནམ་ཆོས་ལ་སོགས་གཏུམ་མོ་ལའང་། །འཁྲུལ་འཁོར་འདི་ཀས་ཆོག་པ་ཡིན། །ཁྱད་ཆོས་སྐུ་གསུམ་ངོ་སྤྲོད་དང་། །རླུང་སེམས་གཉིས་མེད་ལ་ཡང་ཆོག །འདི་ཡི་འབུད་པ་དགུ་སྤྲུག་དང་། །ལག་པའི་འཁྱེར་ལུགས་སྟངས་སྟབས་ཟློརྣམས། །ཞིབ་པར་མཐོང་བ་བརྒྱུད་པར་ལྟོས། །འབེབས་ནི་ཆེ་ཆུང་གང་རིགས་སྦྱོར། །དེ་ཡང་སྟོད་འཚང་ལ་སོགས་པའི། །རླུང་ནི་ཐུར་དུ་དབབ་ཕྱིར་ཡིན། །དོན་གཞན་མེད་ཕྱིར་གལ་ཡང་ཆུང་། །རབ་ཏུ་འཁྲུལ་འཁོར་ཚན་གསུམ་པོ། །མ་རྫོགས་བར་དུ་རླུང་མི་གཏང་། །འབྲིང་དུ་ཚན་གསུམ་མཚམས་སུ་གཏོང་། །དང་པོ་སྦྱོང་དུས་མི་ཐུབ་པས། །མ་ཐུབ་སོ་བར་བཏང་ཞིང་བཟུང་། །རླུང་དང་འཁྲུལ་འཁོར་དམིགས་པ་གསུམ། །དར་དྲག་བར་མེད་བརྩོན་བྱས་པས། །ཡུན་རིང་མི་ཐོག་རས་རྐྱང་ཐུབ། །ཐུན་རེ་ཐུན་གཉིས་ཡུད་རེས་ཀྱང་། །ཕན་ཡོན་ཆེ་སྟེ་དྲོད་མི་སྐྱེ། །རླུང་དང་འཁྲུལ་འཁོར་མ་བརྩོན་ན། །སྒོམ་བཟླས་ཕན་ཡོན་ཡོད་མོད་ཀྱི། །དྲོད་ནི་སྐྱེ་བར་མི་འགྱུར་རོ། །


CMR032_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གསར་བུ་རྣམས་ལ་ཕན་པའི་ཕྱིར། །རཱ་ག་ཨ་སྱས་བསྒྲིག་བཅུག་པ། །བརྩོན་འགྲུས་རྒྱ་མཚོས་ཡི་གེར་བྱས། །འདི་ཉིད་བསྒྲིགས་ལ་ཉེས་འགལ་མེད། །དགེ་བས་ན་གཞོན་ཆོས་འདོད་པའི། །རྟོགས་ལྡན་འགའ་ལ་ཕན་ཐོགས་ཤོག །ལེའུ་སོ་གསུམ་པའོ་མངྒ་ལཾ།། །།


previousལེའུ་སོ་གསུམ་པ། རྟེན་འབྲེལ་ལུས་ལ་བསྒྲིག་པར་བྱ་བའི་ཕྱིར། །འཁྲུལ་འཁོར་རྩ་ཚིག་འཛམ་བུ་ཆུ་གསེར་ཡོད། །next