Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་སོ་བཞི་པ། རྩ་གསུམ་ལྷ་ཚོགས་འགྲུབ་དང་མ་འགྲུབ་པའི། །ཚོད་འཛིན་རྟགས་ཡིག་འཕྲུལ་གྱི་མེ་ལོང་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་སོ་བཞི་པ། རྩ་གསུམ་ལྷ་ཚོགས་འགྲུབ་དང་མ་འགྲུབ་པའི། །ཚོད་འཛིན་རྟགས་ཡིག་འཕྲུལ་གྱི་མེ་ལོང་ཡོད། །next

ལེའུ་སོ་བཞི་པ། རྩ་གསུམ་ལྷ་ཚོགས་འགྲུབ་དང་མ་འགྲུབ་པའི། །ཚོད་འཛིན་རྟགས་ཡིག་འཕྲུལ་གྱི་མེ་ལོང་ཡོད། །


CMR032_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

༼ངི༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། རྟགས་ཡིག་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ། རྟེན་འབྲེལ་དངུལ་དཀར་ལས་གྲུབ་མེ་ལོང་དུ། །སོ་སོར་རྟོག་པའི་ཤེས་རབ་བཞིན་རས་ཀྱིས། །ལེགས་པར་བལྟས་པས་མཆོག་ཐུན་དངོས་གྲུབ་སོགས། །ལེགས་ཉེས་དངོས་སུ་བཀྲ་འདི་ཨེ་མ་ཧོ། །དེང་སང་མཆོག་ཏུ་རློམས་པའི་རྨོངས་པ་འགས། །ཉམས་དང་རྨི་ལམ་རྟགས་དང་མཚན་མ་སོགས། །ཀུན་རྫོབ་འཁྲུལ་པ་ཡིན་པས་འབྲས་མེད་ཅིང་། །དེ་འདྲ་བརྟག་པའང་འཁྲུལ་ཞེས་བཞད་གད་བྱེད། །མཐར་ཐུག་ངེས་པའི་དོན་ལ་ཤཱཀ་ཐུབ་ཀྱིས། །མཛད་པ་བཅུ་གཉིས་བསྟན་པའང་མི་བདེན་ཏེ། །མཐོང་བ་པོ་རྣམས་འཁྲུལ་པའི་དག་སྣང་ཙམ། །རིགས་དྲུག་སོ་སོའི་སྡུག་བསྔལ་མི་བདེན་ཏེ། །སོ་སོའི་ཀུན་


CMR032_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་འཁྲུལ་བའི་སྣང་བ་ཙམ། །ད་ལྟ་རང་ལུས་སྐྱེ་རྒས་ན་འཆི་དང་། །སྐྱིད་སྡུག་ཀུན་ཀྱང་མི་བདེན་འཁྲུལ་བ་ཉིད། །འོན་ཀྱང་མཐར་ཐུག་ངེས་དོན་ཆོས་ཀྱི་སྐུ་། །མངོན་དུ་མ་གྱུར་བར་དུ་ཐམས་ཅད་བདེན། །རྟགས་དང་རྟེན་འབྲེལ་ཀུན་ཀྱང་ཤིན་ཏུ་བདེན། །རྟེན་ཅིང་འབྲེལ་བར་འབྱུང་བ་མ་ལགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ཀླུ་སྒྲུབ་གསུངས། །དང་པོའི་ས་ནས་བཅུ་པའི་ས་ཡི་བར། །ས་ཐོབ་པ་ཡི་རྟགས་རྣམས་རྨི་ལམ་དུ། །འབྱུང་བར་རྨི་ལམ་བསྟན་པའི་མདོ་ལས་གསུངས། །གསར་རྙིང་སྒྲུབ་གཞུང་ཀུན་ལས་འགྲུབ་པའི་རྟགས། །རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་གསུངས། །མར་མི་དྭགས་སོགས་སྔར་བྱོན་གྲུབ་ཐོབ་རྣམས། །རྨི་ལམ་ལ་བརྟེན་ལུང་བསྟན་མགུར་སོགས་གསུངས། །དེ་ཕྱིར་མཚམས་སྒྲུབ་བྱེད་པའི་གང་ཟག་ལ། །རབ་ནི་མངོན་སུམ་ལྷ་ཡི་ཞལ་མཐོང་དང་། །དབང་བསྐུར་ཆོས་གསུངས་ལུང་དུ་སྟོན་པ་འབྱུང་། །དེ་ནི་སྐལ་ལྡན་སྐྱེས་བུ་ལས་ཅན་ཏེ། །དཔེར་ན་གནམ་ཆོས་ཐུགས་ཀྱི་གཏེར་ཁ་བཞིན། །དེ་ལའང་བསླུ་བ་ཡོད་མེད་བརྟག་དགོས་ཏེ། །ཁྲོ་བོའི་སྐུར་བསྒོམ་དྲག་སྔགས་རྫས་རྒོད་


CMR032_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བདུག །དེ་བྱས་ཡལ་ཞིང་མེད་ན་གདོན་གྱི་རྟགས། །མ་ཡལ་ཇེ་གསལ་སོང་ན་ལྷ་ཡི་རྟགས། །གསུངས་ཤིང་ལུང་དུ་བསྟན་པའི་ཚིག་དེ་ཀུན། །མདོ་རྒྱུད་དོན་དང་མི་འགལ་ལྷ་ཡི་རྟགས། །འགལ་ཞིང་ལོག་པར་སོང་ན་བདུད་ཡིན་ནོ། །དེང་སང་དེ་འདྲ་འོང་བ་རེས་འགའ་ཙམ། །དངོས་སུ་བག་དྲོ་བྱིན་འཐིབས་རིག་པ་དྭངས། །སེམས་དགའ་དད་པ་དག་སྣང་ངེས་ཤེས་འཕེལ། །གསོལ་བ་བཏབ་པས་དབང་མེད་མཆི་མ་འཁྲུགས། །དགུན་སྒང་ཡོན་ཆབ་ལ་ལ་རྡོ་ལྟར་ཁེངས། །ལ་ལ་མི་ཁེངས་ཡོན་ཆབ་འཛིན་པ་ཟེར། །གཏོར་མ་ལ་ལ་རྡོ་ལྟར་ཁེངས་པ་ན། །ལ་ལ་ཁེངས་པའི་ཞད་མེད་གཏོར་མ་འཛིན། །སྒྲུབ་པའི་དུས་སམ་དུས་བཟང་གསོལ་འདེབས་དུས། །ཕྱོགས་དེར་མེད་པའི་སྤོས་དྲི་ཆིལ་གྱིས་འབྱུང་། །རྔ་དང་རྔ་ལྕག་ཕྲེང་བ་ལུས་གོས་ལ། །མེ་འབར་སིར་སྒྲ་དང་བཅས་ཚྭ་ཚྭ་འཕྲོས། །ནང་མཆོད་ཁོལ་ཞིང་ཕྱུར་དང་རླངས་པ་འབྱུང་། །དམ་རྫ་ས་རིལ་བུ་ཁོལ་དང་འཕེལ་བ་དང་། །སྒྲུབ་ཁང་ཉེ་ལོགས་འཇའ་ཚོན་ཡང་ཡང་ཟུགས། །སྒྲུབ་ཁང་ཐད་དུ་སྤྲིན་འཇའ་འམ་འཇའ་གུར་ཕུབ། །རོལ་མོའི་སྒྲ་དང་སྔགས་སྒྲ་ཡང་ཡང་ཐོས། །


CMR032_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་དུས་ཡོད་པའི་སྲོ་ཤིག་ཐམས་ཅད་མེད། །ལྕེ་རུ་ཟ་མ་མྱོང་བའི་རོ་མཆོག་མྱོང་། །རྒས་པར་སིའུ་སྐྱེ་དང་སོ་ལ་ནི། །རིང་བསྲེལ་འཕེལ་སོགས་དངོས་སུ་འབྱུང་བ་དང་། །གཏོར་མ་ཞུ་དང་བདུད་རྩི་འབབ་པ་དང་། །གཏོར་མ་བདུད་རྩིར་ཞུ་བ་འགྲུབ་པའི་རྟགས། །འོན་ཀྱང་གཏོར་མ་ཞུ་དང་བདུད་རྩི་བབས། །དེ་གཉིས་བར་ཆད་དངོས་གྲུབ་བརྟག་དཀའ་སྣང་། །བྱིན་རླབས་རྟེན་མེད་ཐ་མལ་སྐྱེ་བོའི་ཁྱིམ། །མར་མེ་ཡང་ཡང་འཛིན་ན་གདོན་ཆེའི་རྟགས། །བསྙེན་སྒྲུབ་མ་བྱས་ཐ་མལ་སྐྱེ་བོ་ཡི། །སོ་ལ་རིང་བསྲེལ་བྱུང་ན་ནའམ་འཆི། །དེ་དག་མངོན་སུམ་འབྱུང་བའི་རྟགས་རྣམས་ཡིན། །ཁྱད་པར་བསྐྱེད་རྫོགསས་ཉམས་ལེན་བརྩོན་པ་དེའི། །ལུས་ནི་སུས་མཐོང་དད་གུས་སྐྱེ་བ་དང་། །ངག་ནས་ཅི་སྨྲས་ཆོས་སུ་སོང་བ་དང་། །ཡིད་ནི་གར་གཏད་ནད་གདོན་ཞི་ནུས་པ། །དེ་ནི་མཆོག་གི་རྟགས་སུ་གསུངས་ན་ཡང་། །བདུད་ཀྱིས་བྱིན་རླབས་ལ་ཡང་དེ་སྤྱི་འབྱུང་བས། །རང་དང་དེ་ལ་ལྟོས་པ་ཐམས་ཅད་ནི། །རིམ་བཞིན་དགེ་ལ་སྦྱོར་ན་ལྷ་ཡི་རྟགས། །སྤབས་ཀྱིས་སྡིག་ལ་སྦྱོར་ན་བདུད་ཡིན་ནོ། །ལྷ་རྟགས་བདུད་རྟགས་གང་


CMR032_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཁྱད་མེད་དེ། །རློམ་སེམས་ང་རྒྱལ་ཁེངས་པ་རང་ཆེ་སྐྱེས། །དེ་ནི་ལྷ་རྟགས་ཡིན་ཀྱང་བདུད་དུ་འགྱུར། །དམན་ས་འཛིན་ཅིང་བསྐྱེད་རྫོགས་དགེ་སྦྱོར་བརྩོན། །རྟོགས་མཚན་བཟང་ལ་ང་རྒྱལ་རློམ་སེམས་མེད། །དེ་ནི་བདུད་རྟགས་ཡིན་ཀྱང་དངོས་གྲུབ་འཐོབ། །འོ་ན་རྟགས་ནི་དགོས་རྒྱུ་མེད་སྙམ་ན། །ལྷ་རྟགས་ཡིན་ན་དངོས་གྲུབ་ལེན་ཆོག་བྱ། །བླ་མ་ལྷ་དང་གདམས་པར་དད་གུས་བསྐྱེད། །གདོན་རྟགས་ཡིན་ན་གཟིར་མནན་བགེགས་རྣམས་བསྐྲད། །དབང་པོ་འབྲིང་ལ་ཉམས་ལ་རྟགས་འབྱུང་སྟེ། །ཉམས་ལ་མཐོང་ཉམས་ཤེས་ཉམས་རྣམ་པ་གཉིས། །མཐོང་ཉམས་ཞེས་པ་མངོན་སུམ་མ་ཡིན་ཞིང་། །གཉིད་དང་ཆ་འདྲེས་སད་རྒྱུ་ཞིག་ཀྱང་ཡོད། །གཉིད་པ་མ་ཡིན་མངོན་སུམ་ཡིན་འདྲ་བ། །དེ་འདྲ་སྐབས་སུ་མཐོང་བ་མཐོང་ཉམས་ཟེར། །དེ་ནི་མ་གཅིག་ལབ་སྒྲོན་གྱིས་ཀྱང་བཞེད། །གཉིད་པ་མིན་ཡང་མིག་ནི་བཙུམ་པ་ལ། །ཡིད་ལ་དྲན་པ་འདྲ་ཡང་དྲན་པ་མིན། །མངོན་སུམ་ཉིད་དུ་མཐོང་བ་ལྟ་བུར་གསལ། །དེ་དུས་ལྷ་སོགས་ཞལ་གཟིགས་གང་བྱུང་བ། །ཞལ་གཟིགས་གོ་ཆོད་ཀརྨ་པཀིས་བཞེད། །དེ་དང་འདྲ་འམ་


CMR032_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ཡང་མི་འདྲ་སྟེ། །སྔར་ཤིའི་མི་དང་ཕྱིན་མྱོང་ཡུལ་གྲུ་སོགས། །མངོན་སུམ་ལྟ་བུར་ཡིད་ལ་དྲན་པ་ནི། །རྟོག་ངོར་ཞེས་བྱ་སྙིང་པོ་མེད་པ་ནི། །དེ་སྐད་སློབ་དཔོན་མཚན་ཉིད་པ་རྣམས་གསུངས། །དེ་མིན་མཐོང་ཉམས་དང་ནི་ཤེས་ཉམས་ལ། །ཡི་དམ་ལྷ་ཡི་ཞལ་མཐོང་གསུང་ཐོས་ཚེ། །ཡེངས་པ་ལྟར་སོང་དྲག་སྔགས་བཟླ་བ་དང་། །བསྐྱེད་རིམ་ལ་སོགས་བསྒོམ་རྒྱུ་མི་རྙེད་ཀྱང་། །ལྷ་རྟགས་ཡིན་ནམ་བདུད་ཀྱི་ཆོ་འཕྲུལ་ཡིན། །སྐུ་གཟུགས་བཟང་ངན་སོགས་ཀྱིས་མི་འབྱེད་པས། །གླ་རྩིའི་དྲི་མ་སོགས་ནི་མ་ཡིན་པའི། །དྲི་བཟང་བྲོ་ན་ལྷ་ཡི་རྟགས་སུ་ངེས། །བསེ་དྲི་རུལ་དྲི་སྒོག་སྐྱའི་དྲི་མ་སོགས། །དྲི་ངན་ཞད་ཙམ་སྣང་བ་འདྲེ་ཡི་རྟགས། །ཉམས་དེ་ཡལ་རྗེས་རང་གི་སེམས་ལ་བརྟགས། །སྙིང་དགའ་ལྷག་གེར་འདུག་ན་ལྷ་ཡིན་ངེས། །ཉམས་སྣང་སྐུ་གཟུགས་སོགས་ནི་མ་མཐོང་བར། །ལེགས་ཉེས་སྨྲ་དང་གེགས་སེལ་བོགས་འདོན་ཚིག ། སྒྱུ་ཡི་དམ་མཁའ་འགྲོའི་ལུང་བསྟན་ཡིན་པ་ན། །ཐོག་ཏུ་འགྲོ་ཞིང་རང་ཡང་ཉམས་རྟོགས་སྐྱེ། །ས་བླ་འབྱུང་པོ་ཐེའུ་རང་རྟགས་ཡིན་ན། །འཕྲལ་དུ་ཐིག་ཀྱང་རང་གི་དགེ་སྦྱོར་


CMR032_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིབ། །ཟང་ཟིང་འདུ་ཡང་རིམ་གྱིས་མི་དགེར་སྤྱོད། །འཇིག་རྟེན་མཁའ་འགྲོས་ཉམས་ཚད་བྱེད་པའི་རྟགས། །ལུང་བསྟན་མང་ཞིང་གང་ཟེར་ཐིག་པ་ལ། །ང་རྒྱལ་སྐྱེས་ན་དེ་ནས་མི་ཐིག་སྟེ། །རང་ཡང་ལྷ་དང་འཁའ་འགྲོར་ལོག་ལྟ་སྐྱེ། །དམ་ཚིག་སེལ་ཞུགས་ལོག་པའི་ལམ་དུ་འགྲོ། །ལུང་བསྟན་བྱུང་ཞིང་ཐིག་ན་ང་རྒྱལ་སྤང་། །མ་ཐིག་བསླུས་། ནའང་ལོག་ལྟ་ཐེ་ཚོམས་སྤང་། །ལྟ་བའི་ཀློང་དུ་རོ་སྙོམས་ནུས་པ་ན། །ལུང་བསྟན་མཁན་དེ་བཟང་ངན་སུ་ཡིན་ཡང་། །གེགས་སུ་མི་འགྲོ་བྱང་ཆུབ་ལམ་དུ་འགྲོ། །དེ་བཞིན་ནམ་མཁར་ཡི་གེ་ཤར་བ་དང་། །བཀའ་ཤོག་འདྲ་བའི་ཡི་གེ་ལག་ཏུ་ཕྱིན། །རང་གཞན་དོན་གཉིས་གསལ་ཞིང་ཐིག་ན་ཡང་། །ང་རྒྱལ་རློམ་སེམས་མི་བྱ་གནད་དུ་ཆེ། །དེ་བཞིན་ཉམས་སྣང་རི་བྲག་མི་སྒྲིབ་པར། །གཟུགས་མཐོང་སྐད་ཐོས་མངོན་ཤེས་འདྲ་ན་ཡང་། །མངོན་ཤེས་ཡིན་སྙམ་ང་རྒྱལ་སྤང་བ་གཅེས། །དེ་བཞིན་ཉམས་སྣང་ཕ་རོལ་མི་གཞན་གྱིས། །ཁོ་རང་གང་བསམ་ཁ་ནས་ཟེར་སྣང་འབྱུང་། །དེ་ལ་བརྟེན་ནས་ཅི་བསམ་ཤེས་འདྲ་ཡང་། །ཉམས་ཀྱི་འཆར་སྒོ་ཡིན་པས་ང་རྒྱལ་སྤང་། །གང་ཟག་ཐ་མལ་


CMR032_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཉམས་རྟགས་མཚན་དཀོན། །རྟགས་རྣམས་རྨི་ལམ་བརྟག་དགོས་ལབ་སྒྲོན་གསུངས། །ཁྲུས་བྱེད་གོས་དཀར་གྱོན་དང་གངས་རིར་འཛེགས། །ནམ་ལངས་ཤེལ་རྙེད་མཆོད་རྟེན་བ་སྐོར་བ་བྱེད། །དེ་དག་སྒྲིབ་པ་དག་པའི་རྟགས་སུ་གསུངས། །ཉི་ཟླ་ཤར་དང་རྟ་ཞོན་གྱེན་ལ་རྒྱུག །དར་ཕྱར་དུང་འབུད་ཁྲོམ་འདུ་ཁྲི་ལ་འདུག །དེ་དག་བསོད་ནམས་རྒྱས་པའི་རྟགས་ཡིན་ནོ། །གོ་གྱོན་མཚོན་ཐོགས་བཙན་པའི་གནས་སུ་འདུག །མཁར་བརྩེགས་རྫོང་འདུག་སྲུང་བ་འགྲུབ་པའི་རྟགས། །དམག་དང་སེར་བ་བཟློག་དང་ཕུར་པ་བཅག །གཅན་གཟན་ཁ་བཅིང་བཟློག་པ་འགྲུབ་པའི་རྟགས། །གཡུལ་འགྱེད་བཙོན་བཟུང་བསད་བཅད་དྲག་པོའི་རྟགས། །མུན་རུབ་གོས་ངན་གྱོན་ཞིང་ཐུར་དུ་སོང་། །ལམ་ངན་འགྲིམ་རྨིས་ཚེ་བསོད་ཟད་པའི་རྟགས། །རང་ཉིད་བཙོན་བཟུང་ཁྲིབ་དང་སེར་བས་དེད། །མདའ་ཚུབ་བྱུང་རྨིས་བྱད་ཁ་ཟུགས་པའི་རྟགས་། །ཚེ་ཚད་སྨྲ་དང་སཱཙྪ་མང་པོ་རྨིས། །བདུད་རྩི་སིལ་ཐོག་སུས་ཟོས་ཚེ་འཕེལ་རྟགས། །སྐྲ་དང་ཁ་སྤུ་རིང་སྐྱེས་གཏེར་རྙེད་དང་། །རྩྭ་སྔོ་རིན་ཆེན་རྙེད་པ་ནོར་འཕེལ་


CMR032_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས། །བཟང་ངན་ཕལ་ཆེར་རིག་པས་དཔག་སྟེ་ཤེས། །འོན་ཀྱང་བཟང་བཟང་འདྲ་ལ་ངན་པའི་རྟགས། །བུད་མེད་རྒྱན་ཅན་མང་པོས་གླུ་གར་བཅས། །རང་ལ་བཀུར་སྟི་གུས་ཞབས་ཆེན་པོ་ནི། །མཁའ་འགྲོའི་སུན་མས་རང་ཉིད་ཚེ་འཕོའི་རྟགས། །དེ་ལ་སུན་བཟློག་བྱེད་པ་གནད་དུ་ཆེ། །ལྷ་མོ་སྒྲུབ་དུས་ཡིན་ན་སྐྱོན་ཆེར་མེད། །མེ་ཏོག་དམར་པོའི་ཐང་ལ་ཕྱིན་པ་དང་། །ལུས་ལ་མེ་ཏོག་དམར་པོས་བརྒྱན་པ་ན། །དབང་གི་ཕྲིན་ལས་བསྒྲུབ་ན་འགྲུབ་རྟགས་ཏེ། །དུས་མིན་བྱུང་ན་རང་ཉིད་འཆི་བའི་རྟགས། །མཁར་ཁང་བཙན་པོར་འདུག་པ་བཟང་ལགས་ཀྱི། །མཁར་ནི་དམར་པོ་རིང་པོའི་རྩེར་འདུག་ཅིང་། །མཐར་མར་འོབས་དང་ལྕགས་རི་མང་པོས་བསྐོར། །དེ་ནི་འཆི་བའི་རྟགས་སུ་གསུངས་པ་ཡིན། །ཉ་དང་དུག་སྤྲུལ་ཆེན་པོས་རང་ཉིད་དེད། རང་ཉིད་ཇུར་མིད་བྱས་ཏེ་མགོ་འམ་མཇུག །ཅུང་ཟད་ཁར་མ་ཤོང་བ་ཕྱིར་ལུས་པ། །རླུང་བཟུང་སྐབས་ཡིན་དབུ་མར་ཚུད་རྟགས་བཟང་། །དུས་མིན་རྨིས་ན་འཆི་འམ་གཏད་མནན་རྟགས། །གསེར་ནི་མང་པོ་རྙེད་པ་རྨིས་པ་ན། །ཉམས་ལེན་བརྩོན་སྐབས་ཡིན་ན་རྟོགས་པ་སྐྱེ། །ནོར་


CMR032_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བྱེད་སྐབས་ཡིན་ན་དངོས་གྲུབ་འབྱུང་། །བྱ་བ་སྒྲུབ་ཁ་ཡིན་ན་ཕྱི་དལ་ཆེ། །དུས་མིན་རྨིས་ན་འཆི་བའི་རྟགས་ཡིན་ནོ། །དངུལ་ནི་མང་པོ་རྙེད་པ་རྨིས་པ་ན། །རྩ་རླུང་སྒོམ་སྐབས་ཐིག་ལེ་འཕེལ་བའི་རྟགས། །ཞི་བའི་ལས་དང་ནོར་སྒྲུབ་འགྲུབ་པའི་རྟགས། །དུས་མིན་རྨིས་ན་རྒྱལ་པོའི་བར་ཆད་ཡིན། །གཙུག་ལག་ཁང་དང་དགེ་འདུན་སྡེ་ཆེན་པོ། །དྲི་ཞིམ་དང་བ་འགྲོ་རྨིས་སྒྲིབ་དག་རྟགས། །སྒོག་ཧྲལ་དང་བ་མི་འགྲོ་རྒྱལ་འགོང་རྟགས། །དེ་སོགས་བཟང་རྟགས་ངན་པར་སྟོན་པ་རྣམས། །རྨི་ལམ་བཟང་ཡང་སད་ཚེ་སྙིང་མི་དགའ། །དེ་ནས་ངན་རྟགས་བཟང་བར་སྟོན་པ་ནི། །ལུས་ལ་རྣག་ཁྲག་སྐྱུགས་འགྲིམ་མི་གཙང་ཐོན། །རང་ལུས་མེས་བསྲེགས་ཐལ་བ་རླུང་ལ་བསྐུར། །དེ་དག་སྒྲིབ་པ་དག་པའི་རྟགས་ཡིན་ནོ། །རང་སྙིང་རང་ཟོས་རང་ཁྲག་རང་གིས་འཐུང་། །རང་ལུས་རང་གིས་གཏོར་ནས་རྗེས་མེད་བྱས། །ལུས་པོ་བསྐྱུར་ནས་གློ་སྒྱུ་སྙིང་རྒྱབ་ཏུ་གྱོན། །དེ་དག་ཉམས་རྟོགས་བཟང་པོ་སྐྱེ་བའི་རྟགས། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་གང་སྒྲུབ་པའི། །སྐུ་དངོས་མཐོང་ངམ་བྲིས་སྐུ་ལྡེར་སྐུ་དང་། །རང་བྱོན་


CMR032_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ནི་གསེར་སྐུ་ལེགས་པོ་མཇལ། །དེ་དག་སྐུ་ནི་འགྲུབ་པའི་རྟགས་སུ་གསུངས། །ལྷ་དེའི་རྒྱུད་དང་སྒྲུབ་ཐབས་གླེགས་བམ་དང་། །བྲིས་ལེགས་སྤོས་དྲི་ཅན་གྱི་དཔེ་ཆ་རྙེད། །ཤོག་སེར་གཏེར་བཏོན་གསུང་ནི་འགྲུབ་པའི་རྟགས། །ཌ་དྲིལ་ཕུར་པ་ཁཊ་ལ་སོགས་པ། །ཕྱག་མཚན་ལེགས་པོ་རྙེད་རྨིས་ཐུགས་འགྲུབ་རྟགས། །དེ་སོགས་ཕལ་ཆེར་རིགས་པས་བརྟགས་པས་ཤེས། །སྣུམ་ཞིང་བཀྲག་ཆེ་དང་བ་འགྲོ་ན་ལྷ། །ཐལ་མདོག་སྒོག་ཧྲལ་འགོང་པོའི་ལྟས་ཡིན་ནོ། །ནམ་སྲོད་རྨི་ལམ་བག་ཆགས་ངེས་པ་མེད། །ནམ་ཕྱེད་ལྷ་འདྲེའི་ཆོ་འཕྲུལ་ངེས་པ་མེད། །ཐོ་རངས་རྨི་ལམ་འབྲས་བུ་ཡོད་པ་སྟེ། །དེ་ཡང་ཙོག་པུའམ་སེང་གེའི་ཉལ་སྟབས་དགོས། །གཞོགས་གཡོན་སར་བསྟན་རྩ་རླུང་འཁྲུགས་པའི་ཕྱིར། །རྩུབ་པོ་རྨིས་ཀྱང་ངེས་པ་ཡོད་པ་མིན། །རྨི་ལམ་མང་ཡང་སད་ཚེ་བརྗེད་གྱུར་ན། །བཟང་ངན་ཇི་ལྟར་རྨིས་ཀྱང་ངེས་པ་མེད། །རྨི་ལམ་སྐྲག་སྔངས་བྱུང་བ་ལ་བརྟེན་ནས། །བསྐྱེད་རིམ་ཟིན་པ་རྩུབ་ཟིན་ཞེས་བྱའོ། །དེ་ཚེ་གདོན་སོགས་དྲག་པོས་བཏུལ་བ་ནི། །ནུས་པ་ཅུང་ཟད་ཐོན་པའི་རྟགས་ཡིན་ནོ། །འཛམ་ཟིན་ལན་འགར་


CMR032_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ན་བར་དོར་ཟིན། །རྨི་ལམ་དང་པོ་ཡི་དམ་ལྷ་བསྒོམས་པས། །དེ་ཉིད་རང་ཉིད་དངོས་སུ་གྱུར་པ་དང་། །ལྷ་དང་མཁའ་འགྲོ་མང་པོས་ཕྱག་འཚལ་དང་། །རིག་འཛིན་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །རང་ཉིད་དབྱེར་མེད་གཅིག་ཏུ་མཐོང་བ་དང་། །དེ་དག་རྣམས་ཀྱིས་ཆོས་གསུངས་དབང་བསྐུར་དང་། །བརྡ་ཡི་ཚུལ་གྱིས་དམ་ཆོས་སྟོན་པ་དང་། །རྒྱ་བོད་རིག་འཛིན་ཡི་དམ་ཆོས་སྐྱོང་ཚོགས། །རང་དང་འབྲེལ་བ་ཡོད་མེད་སྣ་ཚོགས་པ། །ཡང་ཡང་ཞལ་མཇལ་གདམས་པ་བསྟན་པ་སོགས། །རང་གིས་ཡི་དམ་གང་སྒྲུབ་དེའི་རྟགས་ཏེ། །རྒྱལ་བ་ཐམས་ཅད་ཡེ་ཤེས་གཅིག་ཕྱིར་རོ། །རང་གི་སྐྱུར་ནས་གཞན་དེ་འདོན་མི་དགོས། །དེ་དག་བསྐྱེད་རིམ་འབྱོངས་པའི་རྟགས་ཡིན་ནོ། །དེ་ནས་ཐབས་ལམ་སྒོམ་པའི་རྣལ་འབྱོར་པ། །ལུས་ནི་རྡུང་གཏག་བཏང་བཞིན་ཆད་ཅིང་ཧྲལ། །སྒྱུར་སྙིང་འདོད་པ་གཏུམ་མོ་སྡུག་བསྔལ་སྒྱུ་དུས་། །དེ་ཡི་རྟགས་སུ་ཤེས་བྱས་སྙིང་རུས་བསྐྱེད། །ཞུ་སླ་འགྲང་དཀའ་དྲོད་ནི་ཅུང་ཟད་འབར། །ཕོ་ནད་ལ་སོགས་གཅོང་ནད་ཕལ་ཆེར་བྱུང་། །རླུང་དང་གཏུམ་མོ་གནད་དུ་


CMR032_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་རྟགས། །ཕྱི་ཡི་ལུས་པོ་འཁྱགས་པར་གྱུར་ན་ཡང་། །སེམས་ནི་དྲོ་བའི་སྣང་བས་འཁྱགས་མི་ཚོར། །དྲོད་ནི་ཕྱི་ནས་སྐྱེ་དང་ནང་ནས་སྐྱེ། །ཁོལ་བུར་སྐྱེ་སོགས་རྩ་། རིགས་ཁྱད་ཡིན་ཏེ། །གོས་ནི་སྤུ་ཅན་གྱོན་པར་མི་བྱ་སྟེ། །གྱོན་ན་དྲོད་ནི་ཨི་སྐྱེ་མི་ཚོར་གསུངས། །དྲོད་ནི་སྐྱེས་རིམ་གོས་ནི་ཇེ་སྲབ་བྱ། །གོས་ནི་སྲབ་པར་གོམས་འཇུག་གནད་ཡིན་གསུངས། །ལོ་གསུམ་བར་དུ་རས་རྐྱང་བྱས་པ་ན། །རྟོགས་ལྡན་རབ་ཀྱི་གྲལ་དུ་བརྩི་སྲོལ་གདའ། །རླུང་དང་འཁྲུལ་འཁོར་དམིགས་པ་མ་བྱས་ན། །ལུས་པོ་རྡོ་ལྟར་འཁྱགས་ཤིང་བྱས་མ་ཐག །དྲོ་འུར་འཕྲལ་དུ་དྲོད་ནི་འབར་བ་ན། །གཏུམ་མོ་ཉམས་ལེན་སྦྱོང་བའི་སྐབས་རང་ཡིན། །དམིགས་པ་བྱས་ཀྱང་ལྷག་ཏུ་མི་དྲོ་ལ། །ཉམས་ལེན་སེམས་ངོའི་སྟེང་དུ་བཞག་པ་ན། །དགུན་སྒང་རས་རྐྱང་བྱས་ཀྱང་མི་འཁྱགས་པ། །མཐར་ཕྱིན་མཆོག་གི་གཏུམ་མོ་ཡིན་ནམ་སྙམ། །དེ་ནི་གཏུམ་མོ་དྲོད་ཀྱི་དུས་ཡིན་ལ། །དྲོད་ཀྱི་སྟོབས་ཀྱིས་ཐིག་ལེ་འཕེལ་བའི་རྟགས། །བཟའ་བ་ཞེན་ཀྱང་ལུས་ཉམས་བཟང་བ་དང་། །ལུས་ཀྱི་བཀྲག་མདངས་རྒྱས་ཤིང་འདོད་ཆགས་འབར། །དེ་དང་


CMR032_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་བསྲེས་པས་བདེ་སྟོང་འདྲེས། །རྟོགས་པས་མ་ནོན་སྡོམ་པ་འཆོར་བའི་སྐབས། །རྟོགས་པས་ནོན་ཅིང་ཉམས་ལེན་སྐྱོང་ནུས་ན། །རྩ་ཐིག་རླུང་གསུམ་དབང་དུ་འདུས་པའི་རྟགས། །ལྷའདྲེ་མི་གསུམ་མི་ནོར་ཟས་གསུམ་འདུ། །མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་གསུངས། །རྒྱུན་དུ་རླུང་ནི་ཆག་མེད་བཟུང་བ་ན། །རང་གཞན་དོན་ཀུན་རླུང་གི་རྟགས་ཀྱིས་ཤེས། །ལེགས་ཉེས་དགོངས་པ་ཞུ་མི་བྱུང་མ་ཐག །ཡང་ན་རང་གི་བྱ་བ་འགྲུབ་མི་འགྲུབ། །ལེགས་ཉེས་བྱ་བ་བརྟགས་པར་དྲན་མ་ཐག །རླུང་ནི་གཡས་ནས་རྒྱུ་ན་ངན་པ་སྟེ། །གཡོན་ནས་རྒྱུ་ན་ཤིན་ཏུ་བཟང་བ་ཡིན། །མཉམ་དུ་རྒྱུ་ན་འབྲིང་སྟེ་ཐག་མི་ཆོད། །ནང་དུ་རྔུབ་དང་ཐུག་ན་ཤིན་ཏུ་བཟང་། །ཕྱི་རུ་རྒྱུ་དང་ཐུག་ན་ཤིན་ཏུ་ངན། །ཁོང་དུ་གནས་དང་ཐུག་འབྲིང་ཐག་ཆོད་མེད། །གཡས་ནས་རྒྱུ་དང་ཕྱིར་འབུད་ངན་ཐོག་ཆོད། །གཡོན་དུ་རྒྱུ་དང་ནང་རྡུབ་བཟང་ཐག་ཆོད། །མཉམ་དུ་རྒྱུ་དང་ནང་གནས་ཐག་མི་ཆོད། །གཡས་རྒྱུ་ནང་ཆུབ་བཟང་ངན་འདྲེས་མ་སྟེ། །གཡོན་རྒྱུ་ཕྱིར་འབུད་དེ་བཞིན་བཟང་ངན་འདྲེས། །བཟང་ངན་འདྲེས་མ་རིམ་གྲོས་བཅོས་པ་


CMR032_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ། །ཐག་མི་ཆོད་པ་རྣམས་ལ་རིམ་གྲོས་བསླུས། །དེ་ལྟར་རྟོགས་ལྡན་བཟང་པོ་རྣམས་ལ་ནི། །རླུང་ལྟས་བརྟགས་པ་ཞུ་བ་དབུས་གཙང་ལུགས། །རྒྱུན་དུ་བཟུང་མཁན་མིན་པས་མི་ཐིག་གསུངས། །རང་ཉིད་ཕྱོགས་སུ་འགྲོ་བ་ལ་སོགས་ཚེ། །གོམ་པ་དང་པོ་བོར་བའི་དུས་དེ་རུ། །རླུང་ལྟས་ངན་ན་མི་འགྲོ་བཤོལ་བ་དང་། །བཟང་ན་མགོ་ཐོན་བར་ཆད་མེད་རྟགས་ཡིན། །དེ་ནས་རྫོགས་རིམ་ཁྲིད་ནི་བསྒོམས་པའི་རྟགས། །མི་རྟག་འཆི་བ་ཉུང་ཉུང་ཡང་ཡང་དྲན། །ཚེ་འདིའི་བྱ་བ་གལ་ཆེན་གང་བས་ཀྱང་། །ཉམས་ལེན་སྒྲུབ་པ་གལ་ཆེན་དོན་གོ་ན། །འཆི་བ་མི་རྟག་བསྒོམས་པའི་རྟགས་ཡིན་ནོ། །ཁས་བླངས་སྡོམ་པ་དམ་ཚིག་ལེགས་པར་བསྲུང་། །ཐོས་བསམ་སྒོམ་ལ་དུས་རྣམས་ཐམས་ཅད་དུ། །བྱ་རྒྱུ་ཆོས་ལས་མེད་པ་ཞིག་བྱུང་ན། །དལ་འབྱོར་རྙེད་དཀའ་བསྒོམས་པའི་རྟགས་ཡིན་ནོ། །བཙན་པོས་མི་བྱེད་ཀ་མེད་བསྡིགས་པའམ། །ཕྱུག་པོས་རྔན་པ་ཆེན་པོ་སྟེར་བའམ། །མི་བྱ་ཀ་མེད་རང་ལ་གལ་ཐུག་ཀྱང་། །རྩ་བ་བཞི་པོ་གཏོང་བར་མི་བྱེད་ན། །རྒྱུ་འབྲས་ཁྲིད་རིམ་བསྒོམས་པའི་རྟགས་ཡིན་ནོ། །རང་གིས་ཅི་བྱས་ལམ་དུ་མ་


CMR032_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ཞིང་། །རང་གིས་བློ་སེམས་ཆོས་ལ་གཏད་བཞིན་དུ། །མི་དགེ་མི་རུང་ནད་གདོན་དགྲས་མནར་ཡང་། །དཀོན་མཆོག་ལྷ་ལ་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ཁྱེད་ཤེས་ད་དུང་བློ་གཏད་ན། །སྐྱབས་འགྲོའི་ཁྲིད་རིམ་བསྒོམས་པའི་རྟགས་ཡིན་ནོ། །རང་གིས་ཉེས་པ་རྡུལ་ཙམ་མ་བྱས་པར། །མི་ཁ་རྔན་ཆེན་སྲོག་ལ་བསྡོ་ཤོམ་ཡང་། །ནམ་ཞིག་དེ་ཡང་སངས་རྒྱས་སར་བཞག་ལ། །སྐྱེ་བ་ཚེ་རབས་གཏན་ནས་བརླག་བསམ་པའི། །སུ་ལའང་བསམ་ངན་དེ་ལྟར་མི་འཆང་བ། །བྱང་ཆུབ་སེམས་བསྐྱེད་བསྒོམས་པའི་རྟགས་ཡིན་ནོ། །དངོས་སུ་སེམས་དགའ་ཁམས་དྭངས་དབང་པོ་གསལ། །རྨི་ལམ་ཁྲུས་བྱས་ལུས་ལས་མི་གཙང་ཐོན། །བདུད་རྩི་འོ་མ་འཐུང་དང་ནམ་མཁར་འཕུར་། །རྡོར་སེམས་སྒོམ་བཟླས་བྱས་པའི་རྟགས་ཡིན་ཏེ། །ཉམས་ལེན་དགེ་སྦྱོར་གང་ཡང་མ་བྱས་པར། །འཕུར་བ་རྨིས་ན་ཆས་ཀ་ཇེ་བསྲབ་འགྲོ། །དངོས་སུ་ཟས་མ་ཟོས་སྒྱུ་ཀྱང་མི་ལྟོགས་ཤིང་། །ལུས་ཉམས་བཟང་ཞིང་ཡིད་དགའ་བདེ་ཉམས་སྐྱེ། །རྨི་ལམ་ལོ་ལེགས་རིན་ཆེན་གཏེར་ཁ་རྙེད། །གོས་བཟང་གྱོན་རྨིས་མཎྜལ་རྟགས་ཡིན་ནོ། །


CMR032_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་མོས་གུས་གདུང་ཤུགས་དབང་མེད་འབར། །བླ་མའི་མཚན་ནས་འབོད་ཅིང་རྒྱང་འབོད་འཆོར། །གསོལ་བ་འདེབས་དུས་དབང་མེད་མཆི་མ་འཁྲུགས། །རྨི་ལམ་བླ་མ་མཇལ་ཞིང་དབང་ལུང་གནང་། །གེགས་སེལ་བོགས་འདོན་ལེགས་ཉེས་ལུང་སྟོན་མཛད། །རང་ཉིད་བླ་མ་དེ་ཉིད་དངོས་གྱུར་དང་། །ངོ་བོ་དབྱེར་མེད་འདུག་པར་ཤེས་པ་རྨིས། །བླ་མའི་རྣལ་འབྱོར་བསྒོམས་པའི་རྟགས་ཡིན་ནོ། །དབང་པོ་ཚོགས་བརྒྱད་མི་གསལ་གཉིད་པ་བཞིན། །དྲན་པ་མེད་པར་ཡུན་རིང་ཐོམ་མེར་ལུས། །ཞི་གནས་འཐོམ་པོ་སྐྱེ་བའི་རྟགས་ཡིན་ནོ། །འགྱུ་བ་བགག་ནས་ཅི་ཡང་མི་དྲན་པར། །ཐོམ་མེར་འདུག་པ་སྒོམ་དུ་རློམ་པ་ནི། །རྒྱ་ནག་ཧྭ་ཤང་ལྟ་བ་སྐྱེས་རྟགས་སོ། །རང་སེམས་རང་དབང་ཐོབ་པ་ལྟ་བུ་ཡི། །དམིགས་པ་གང་ཡང་མི་འཕྲོ་ཡུན་རིང་གནས། །ཐུན་མོང་ཞི་གནས་སྐྱེས་པའི་རྟགས་ཡིན་ནོ། །རང་སེམས་མ་བཅོས་ལྷུག་པར་གཞག་པའི་ཚེ། །ཧ་ཅང་མི་འཕྲོ་ཡུན་རིང་གནས་པ་ན། །ཚད་ལྡན་ཞི་གནས་སྐྱེས་པའི་རྟགས་ཡིན་ནོ། །གནས་པ་དེ་ཡི་ངོ་བོར་བལྟས་པའི་ཚེ། །སྟོང་པར་མཐོང་བའི་ངང་ལ་ཡུན་རིང་གནས། །ཞི་ལྷག་ཟུང་


CMR032_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་རྟོགས་པའི་རྟགས་ཡིན་ནོ། །སེམས་ཀྱི་བྱུང་གནས་འགྲོ་གསུམ་ཁ་དོག་དབྱིབས། །སོ་སོར་དཔྱད་པས་གཅིག་ཀྱང་མ་རྙེད་པ། །ཐུན་མོང་ལྷག་མཐོང་ཤར་བའི་རྟགས་ཡིན་ནོ། །རྟོག་པ་གང་སྐྱེས་ངོ་བོར་གཅེར་གཅེར་བལྟས། །རང་ཞི་ཆུ་དང་ཆུ་རླབས་ལྟར་མཐོང་ན། །འགྱུ་བ་ལྷག་མཐོང་ཤར་བའི་རྟགས་ཡིན་ནོ། །ཁབ་མིག་སྐུད་པ་སྤྲད་ལྟར་མ་ཡེངས་པར། །གནས་དང་འགྱུ་བའི་ངོ་བོ་གང་ཤར་བལྟ། །གནས་འགྱུ་རྐྱང་དེད་ཤེས་པའི་རྟགས་ཡིན་ནོ། །དེ་ནས་དེ་ལྟར་དཀའ་གནད་མི་དགོས་པར་། །དྲན་པ་ཙམ་ནས་ཐོག་ཏུ་ཁྲིག་ཁྲིག་སླེབས། །ཉམས་ལེན་སྐྱོང་བདེ་ཡོད་པའི་རྟགས་ཡིན་ནོ། །ལྟོ་གོས་གཏམ་སོགས་འདོད་པ་ཆུང་དུ་སོང་། །ཆོས་ཕྱོགས་ཡོན་ཏན་སྣ་མང་བསླབ་མི་འདོད། །ཉམས་ལེན་མོས་གུས་གཉིས་པོ་སྙིང་པོར་གོ །འཇིག་རྟེན་བྱ་བ་ཀུན་ཀྱང་དགོས་མེད་རྟོགས། །སྒོམ་ཆེན་གསར་པས་གསེར་མི་འདོད་པའི་དུས། །བདེ་ཉམས་བྲོད་ཀ་རྙེད་པའི་རྟགས་ཡིན་ནོ། །ཆོས་རྣམས་ཐམས་ཅད་སྟོང་པ་ཡིན་པར་རྟོགས། །སྟོང་སྐད་མཐོ་ཞིང་ལས་འབྲས་མི་འཛེམ་པ། །སྟོང་ལྟ་ཧད་པོ་སྐྱེས་པའི་རྟགས་


CMR032_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །རང་གི་ཉམས་ལེན་ངེས་ཤེས་ཐེ་ཚོམ་མེད། །སུ་ལའང་མི་མགུ་ཞེ་ཡིས་ཞབས་ན་གནོན། །གསལ་ཉམས་བརྟན་པོ་སྐྱེས་པའི་རྟགས་ཡིན་ནོ། །ཡུན་རིང་བསྒོམས་ཀྱང་ཤེས་རྒྱུད་སྔར་ལས་རྩུབ། །ཀོ་ལོང་སེར་སྣ་ཕྲག་དོག་སྔར་ལས་ཆེ། །མི་གཞན་སྒོམ་ཆེན་ཟེར་ཞིང་མཚང་ནས་འབྲུ། །སྒོམ་ཆེན་རྙིང་པས་ལྷམ་ཀླད་བསྡུ་བའི་དུས། །རྩུབ་ཉམས་ཆེན་པོ་སྐྱེས་པའི་རྟགས་ཡིན་ནོ། །མེ་ཆེན་འབར་བའི་སྔོན་དུ་དུད་པ་བཞིན། །དེ་དབང་མ་ཤོར་ངོ་བོ་སྐྱོང་ནུས་ན།། །བོགས་ཆེན་མྱུར་དུ་སྐྱེ་བའི་རྟགས་ཡིན་ནོ། །སྔོན་གྱི་ཉམས་མྱོང་ཐམས་ཅད་ཤུན་པར་བུད། །སེམས་ཀྱི་ཉམས་མྱོང་ངག་གིས་བརྗོད་མི་ཤེས། །ངེས་ཤེས་ང་རྒྱལ་ཐམས་ཅད་འཇའ་ལྟར་ཡལ། །རང་སེམས་ངོ་བོ་རྟོགས་པའི་རྟགས་ཡིན་ནོ། །ཉམས་དང་རྨི་ལམ་དག་སྣང་གཅིག་ཀྱང་མེད། །ངེས་འབྱུང་སྐྱོ་ཤས་མོས་གུས་ཇེ་ཆེར་འབར། །བར་ཆད་མེད་ཅིང་མི་ཚེ་སྒྲུབ་ལ་སྐྱེལ། །རྟགས་མེད་རྟགས་ཀྱི་རྒྱལ་པོ་ཞེས་བྱ་སྟེ། །བཀའ་བརྒྱུད་རྣམས་ཀྱིས་དེ་ལ་ཐུགས་རྩིས་ཆེ། །རང་སེམས་རྟོགས་པའི་གདེང་ལ་འཕོ་འགྱུར་མེད། །མ་རྟོགས་འགྲོ་ལ་ཤུགས་འབྱུང་སྙིང་རྗེ་སྐྱེ།


CMR032_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ནོར་སྙན་གྲགས་འདོད་པ་སྤུ་ཙམ་མེད། །ཁྲིད་རིམ་གདམས་ངག་ལོ་ཟླ་སྦྲེལ་ན་ཡང་། །བློ་འཛིན་མ་བྱས་དཔེ་ལ་མ་བལྟས་ཀྱང་། །སེམས་ལ་གང་ཕན་བཤད་རྒྱུ་ཟད་མཐའ་མེད། །གཞན་ཕན་འགྲོ་དོན་རན་པའི་རྟགས་ཡིན་ནོ། །དེ་ལྟར་བསྒྲུབས་པའི་རྟགས་ཡིག་མདོར་བསྡུས་འདི། །བླ་མ་བརྩོན་འགྲུས་རྒྱ་མཚོས་བསྐུལ་བྱས་ནས། །ཤིང་སྦྲུལ་མགོ་ཡི་ཟླ་བའི་ཡར་ཚེས་ལ། །དགེ་སློང་རཱ་ག་ཨ་སྱ་ཞེས་བྱ་བས། །དགོང་མོའི་ཐུན་མཚམས་འགའ་ཞིག་ལ་སྨྲས་པ། །བསྐུལ་བ་པོ་ཡིས་བརྗེད་ཐོ་ཡི་གེར་བཏབ། །བློ་དམན་འགའ་ལ་ཕན་ཐོགས་རྒྱ་ཆེར་ཤོག །ལེའུ་སོ་བཞི་པའོ་མངྒ་ལཾ།། །།


previousལེའུ་སོ་བཞི་པ། རྩ་གསུམ་ལྷ་ཚོགས་འགྲུབ་དང་མ་འགྲུབ་པའི། །ཚོད་འཛིན་རྟགས་ཡིག་འཕྲུལ་གྱི་མེ་ལོང་ཡོད། །next