Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་སོ་ལྔ་པ། བྱང་ཆུབ་སྐྱོན་མེད་ལམ་ལ་འཇུག་པའི་ཕྱིར། །གོལ་ས་གཅོད་པ་མ་ནོར་ལམ་སྟོན་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་སོ་ལྔ་པ། བྱང་ཆུབ་སྐྱོན་མེད་ལམ་ལ་འཇུག་པའི་ཕྱིར། །གོལ་ས་གཅོད་པ་མ་ནོར་ལམ་སྟོན་ཡོད། །next

ལེའུ་སོ་ལྔ་པ། བྱང་ཆུབ་སྐྱོན་མེད་ལམ་ལ་འཇུག་པའི་ཕྱིར། །གོལ་ས་གཅོད་པ་མ་ནོར་ལམ་སྟོན་ཡོད། །


CMR032_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

༼ཅི༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། གོལ་ས་གཅོད་པ་མ་ནོར་ལམ་སྟོན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫགྷོ་ཥ་ཡེ། ཤེས་རབ་སྟོང་པ་ཉིད་ཀྱི་རལ་གྲི་ལ། །ཐབས་མཆོག་སྙིང་རྗེ་ཆེན་པོའི་ངར་བཏགས་ནས། གོལ་སའི་མྱུ་གུ་གཅོད་པའི་རལ་གྲི་འདི། །འཇམ་དབྱངས་བླ་མས་གནང་བའི་ཕ་ནོར་ལགས། །དབང་ལུང་གདམས་པ་ཐོབ་ནས་ཀྱང་། །བསྐྱེད་རྫོགས་ཧ་གོ་ཡོད་པ་ཡིས། །


CMR032_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་དང་སྒྲུབ་པ་བྱེད་ན་ཡང་། །གོལ་ས་ལེགས་པར་མ་ཆོད་ན། །དཀའ་སྤྱད་སྒྲུབ་པ་བྱས་གྱུར་ཀྱང་། །འབྲས་བུ་ཆེན་པོ་མི་ཐོབ་སྟེ། །དཔེར་ན་ཚོང་དཔོན་ཧ་ལོག་བཞིན་། །གསང་སྔགས་ལྟུང་བའི་སྒོ་དགུ་སོགས། །གོལ་ས་ཆེ་ཕྲ་མཐའ་ཡས་ཀྱང་། །བསྡུ་ན་ཆགས་སྡང་རྨོངས་གསུམ་ཡིན། །གཅོད་པའི་གདམས་པ་མཐའ་ཡས་ཀྱང་། །བསྡུ་ན་སྟོང་ཉིད་སྙིང་རྗེ་ཡིན། །ཚེ་འདིའི་ལོངས་སྤྱོད་སྙན་གྲགས་ལ། །ཆགས་པའི་དབང་གིས་འདོད་པ་སྐྱེས། །དབང་དང་རྒྱས་པའི་ལྷ་ཞིག་ལ། །རྩེ་གཅིག་སྒྲུབ་པ་བྱེད་པ་སྟེ་།ཙནྡན་སོལ་བ་བྱས་དང་མཚུངས། །གལ་ཏེ་དེ་འགྲུབ་དངོས་གྲུབ་ཐོབ། །འཆི་བ་རྗེས་སུ་མ་དྲན་པས། །ཟང་ཟིང་འདོད་ཡོན་སྲེད་པས་བཅིངས། །ཉོན་མོངས་འདོད་པ་མེ་ལྟར་འབར། །ད་ནི་བདག་གིས་ལྷ་འདི་འགྲུབ། །ཇི་ལྟར་བྱས་ཀྱང་བདག་གི་དཔལ། །ཉམས་པར་མི་འགྱུར་ཞེ་གདེང་བཅས། །ཤ་ཆང་ཟས་ཀྱིས་ཕོ་བ་བརྒྱངས། །རྩ་རླུང་ཉམས་ལེན་བདག་ལ་ཡོད། །བདག་ལ་མི་སྒྲིབ་ཁྱོད་ཀྱང་འདྲེན། །ཟེར་ཞིང་བཙུན་མ་མང་པོ་ཕབ། །ནལ་ཕྲུག་ལྐོག་གསོད་ཕུག་ན་འདུག །སྒྲུབ་པ་ཡེ་ཤེས་ལྷ་


CMR032_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་ཀྱང་། །སེམས་བསྐྱེད་དབང་གིས་ལོག་པར་སོང་། །འགྲུབ་པ་ལྷ་བུའི་བདུད་དེ་འགྲུབ། །དེ་འདྲར་དགོངས་ནས་མཁའ་སྤྱོད་པས། །ལོ་བརྒྱར་སྒྲུབ་པ་བྱས་ཀྱང་དོན་མ་རིག །དེ་འདྲའི་མི་དེ་ཐེའུ་རིང་སློབ་བརྒྱུད་ཡིན། །གསུངས་པའང་དེ་འདྲར་དགོངས་པ་ཡིན། །དེ་ཡི་གོལ་ས་གཅོད་པ་ནི། །ཚེ་འདིའི་དཔལ་འབྱོར་ལྟ་ཅི་སྨོས། །ཕྱི་མ་ལྷ་མིའི་བདེ་སྐྱིད་དང་། །ཚངས་དང་བརྒྱ་སྦྱིན་འཁོར་ལོས་བསྒྱུར། །ཐོབ་ཀྱང་དགའ་བ་སྤུ་ཙམ་མེད། །བླ་མེད་བྱང་ཆུབ་ལ་དམིགས་ནས། །དབང་དང་རྒྱས་པའི་ཡེ་ཤེས་ལྷ། །བསྒྲུབས་པས་བསོད་ནམས་ཡེ་ཤེས་རྒྱས། །རླུང་སེམས་སྣང་བ་དབང་དུ་འདུས། །དཔེར་ན་ལོ་ལེགས་སྐྱ་རྒྱལ་ན། །སོག་ཕུབ་ཞོར་ལ་འབྱུང་བ་ལྟར། །ཚེ་འདིའི་དཔལ་འབྱོར་སྙན་གྲགས་ཀྱང་། །མ་དམིགས་ན་ཡང་ཞོར་ལ་འབྱུང་། །སྒྲུབ་ལུགས་ཁྱད་པར་མེད་ན་ཡང་། །སེམས་བསྐྱེད་བསམ་པའི་ཁྱད་པར་ཡིན། །དེ་ལས་་ཀྱང་ནི་ཆེར་ངན་པ། །འཇིག་རྟེན་དྲག་རྩལ་ཅན་བསྒྲུབས་ནས། །ཡེ་ཤེས་ལྷ་བས་འདི་ལྷག་སྟེ། །རྣོ་མྱུར་འཕྲལ་དུ་ཆེ་བསམ་ནས། །ཅི་མཛད་ཁྱེད་ཤེས་བློ་རྩེ་གཏད། །


CMR032_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ནི་སྐྱབས་འགྲོའི་སྡོམ་པའང་འཆོར། །དེ་ཕྱིར་བཀའ་གདམས་གླེགས་བམ་ནས། །ལྷ་ངན་ཕལ་ཆེར་འདྲེ་བས་བཙོག །གསུངས་པ་དེ་འདྲར་དགོངས་པ་ཡིན། །དཔེར་ན་སྔོན་འདས་བླ་ཆེན་ཞིག །པེ་ཧར་བསྒྲུབས་ཤིང་ཕྱག་རྟགས་བླངས། །རྒྱ་ནག་ཡུལ་དུ་བྱོན་པ་ལས། །རྒྱ་ནག་རྒྱལ་པོའི་དབུ་བླར་གྱུར། །ཇ་དར་གསེར་དངུལ་དཔག་མེད་རྙེད། །དེ་ནས་བོད་དུ་ཡར་བྱོན་ཏེ། །སྨར་ཤོད་ཕྱོགས་ཀྱི་ས་ཆར་འདས། །རྒྱལ་པོ་གདུག་རྩུབ་ཆེ་བ་དེས། །ཁོ་རང་དེ་ཡི་འཁོར་དུ་སྐྱེས། །ཛ་དེར་གསེར་དངུལ་ལོངས་སྤྱོད་ལ། །གནས་བཅས་ཆོ་འཕྲུལ་དཔག་མེད་བསྟན། །གྲྭ་འཁོར་རྣམས་ཀྱིས་ཁྱེར་མ་ཕོད། །ཕུག་སྟོང་ཆེན་པོའི་ཕུག་ཏུ་བརྩིགས། །ད་ལྟའང་གར་ཡོད་ཀུན་གྱིས་ཤེས། །བལྟ་བ་ཙམ་ཡང་མི་ཕོད་སྐད། །དེ་ཡང་བསྟེན་ལུགས་མ་ཤེས་སྟབས། །ལྷ་མ་བསྙེན་པར་འདྲེ་མ་སྒྲུབ། །ཨོ་རྒྱན་གསུངས་ཀྱང་དེ་འདྲར་དགོངས། །དང་པོ་ཡི་དམ་ལྷ་བསྙེན་ནས། །བསྐྱེད་རྫོགས་གསལ་སྣང་ཐོན་ཙམ་དང་། །རང་རྒྱུད་བྱིན་གྱིས་རློབས་ངེས་བྱ། །དེ་ནས་རྣོ་མྱུར་འདོད་པ་ན། འཇིག་རྟེན་དྲེགས་པ་གང་ཡིན་བསྒྲུབ། །སྐྱབས་སུ་


CMR032_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་མ་ཡིན་ཏེ། །རབ་ཀྱིས་བྲན་དང་གཡོག་པོའི་ཚུལ། །འབྲིང་གིས་སྤུན་དང་ཤ་རོག་ཚུལ། །ཐ་མས་ཕ་ཁུ་ཙམ་དུ་དམིགས། །བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་སྒྲུབ། །འགལ་རྐྱེན་སེལ་བའི་སྡོང་གྲོགས་བཅོལ། །གསོལ་མཆོད་དེ་ཡི་རྔན་པ་ཙམ། །བསྐྱེད་རྫོགས་དགོངས་པ་གསལ་བ་ན། །ས་ལམ་བགྲོད་ལ་མི་སྒྲིབ་པར། །དངོས་གྲུབ་ཡེ་ཤེས་ལྷ་དང་མཚུངས། །རྟོགས་པ་ཤིན་ཏུ་མཐོ་བ་ན། །བཀའ་སྲུང་འཇིག་རྟེན་དྲེགས་པ་རྣམས། །རང་གི་རིག་པའི་རང་རྩལ་ལས། །གཞན་དུ་གྲུབ་པ་མ་དམིགས་གསུངས། །དེ་གཉིས་ཆགས་པའི་གོལ་ས་ཡིན། །གོལ་ས་ལེགས་པར་མ་ཆོད་ན། །ཕྱི་རོལ་མུ་སྟེགས་པ་རྣམས་ཀྱིས། །དབང་ཕྱུག་སྒྲུབ་དང་ཁྱད་པར་མེད། །དེ་ནས་སྡང་བའི་གོལ་ས་ནི། །དུས་ངན་སྙིགས་མར་དགྲ་རྐུན་མོད། །ཉམ་ཆུང་མི་ལ་རྔན་ཆེན་མང་། །གཤིན་རྗེ་ལ་སོགས་དྲག་པོའི་ལྷ། །བདག་གིས་བསྒྲུབས་ནས་འགྲུབ་བྱས་ཏེ། །ཀླུ་བདུད་གདུག་པ་ཅན་བཞིན་དུ། །འགྲས་ཚད་ཐམས་ཅད་རྩད་ནས་བརླག །ཟས་ནོར་ཀ་ཆ་རྟ་ཕྱུགས་རྣམས། །བཙན་དུག་སྡོང་པོ་ཇི་བཞིན་དུ། །སུས་འོས་མི་


CMR032_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྟགས་མྱུར་བ། །དེ་འདྲ་འདོད་ནས་སྒྲུབ་པ་བྱེད། །ཚེ་འདིར་གཞན་ཕུང་ཕྱི་མ་ནི། །རང་ཉིད་ཕུང་བའི་རྩ་བ་ཡིན། །དེ་འདྲའི་སྒྲུབ་པ་ལ་དགོངས་ནས། །མི་བསྐྱོད་ཞབས་ཀྱི་ཞལ་ནས་ཀྱང་། །སྒོམ་ཆེན་མཐུ་མཁན་དང་། སྒོམ་ཆེན་འཆལ་བ་ལ་ཡུད་ཙམ་འཕྲད་ཀྱང་མི་རུང་གསུངས་སོ། །དེ་དོན་འཇམ་དཔལ་རྩ་རྒྱུད་ལས། །རྒྱལ་པོའི་བློན་པོ་བྲམ་ཟེ་ཞིག །རྒྱལ་ཁྲིམས་མ་ནོན་ངོ་ལོག་མང་། །བྲམ་ཟེས་གཤིན་རྗེ་གཤེད་པོ་བསྒྲུབས། །ཁྲིམས་དང་སུ་འགལ་ཐམས་ཅད་བསད། །ལོ་ནི་དུ་མར་བློན་པོ་བྱས། །བྲམ་ཟེ་དེ་ཉིད་ཚེ་འཕོས་ནས། །ཡུལ་འདྲེ་གདུག་པ་ཅན་དུ་སྐྱེས། །ཡུན་རིང་འགྲོ་བའི་སྲོག་དབུགས་བསྡུས། །ཚེ་འཕོས་མནར་མེད་དམྱལ་བར་སོང་། །ལོ་གྲངས་བྱེ་བ་འབུམ་ཕྲག་ཏུ། །དམྱལ་བའི་སྡུག་བསྔལ་བརྗོད་མི་ལངས། །སྒྲིབ་པ་ཟད་ནས་མི་ལུས་ཐོབ། །ཡི་དམ་གཤིན་རྗེ་གཤེད་པོ་ཡིས། །རྗེས་བཟུང་རང་རྒྱལ་འབྲས་བུ་ཐོབ། །ལ་ལས་ཡེ་ཤེས་ལྷ་ཡིས་ནི། །ལས་སྦྱོར་སྒོ་ནས་བསྒྲལ་ན་ཡང་། །སྐྱོན་མེད་ལྷ་དེས་འདྲེན་འགྱུར་པས། རང་གིས་འདྲེན་མ་ཐུབ་ཀྱང་བཟོད། །ཟེར་བ་མི་བདེན་


CMR032_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་གསལ། །དེ་བས་ཀྱང་ནི་ཆེར་ལོད་པ། །འཇིག་རྟེན་དྲེགས་པ་བསྒྲུབས་ནས་བསྒྲལ། །གཏད་དང་སེར་ནག་རླུང་འཁོར་སོགས། །ངན་སྔགས་སྦྱོར་བསད་པ་ནི། །འདུལ་བའི་ལུགས་ལ་སྡོམ་པ་འཆོར། །འདུལ་བའི་ལས་ཆོག་ལས། མིའམ་མིར་ཆགས་པ་བསད་དམ། མཚོན་ཐོགས་པ་གཉེར་གཏམ། འཆིར་བཅུག་གམ།་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ་དགེ་སློང་དེ་ནི་ཕམ་པར་འགྱུར་བ་ཡིན་ཏེ། གནས་པར་མི་བྱའོ། །ཞེས་གསུངས་སོ། །འོན་ཀྱང་བླ་མེད་བྱང་ཆུབ་བསྒྲུབ་པ་ལ། །བར་དུ་གཅོད་པའི་དགྲ་བགེགས་ཚར་གཅོད་དང་། །འགྲོ་བ་ཀུན་གྱི་བདུད་བཞི་ཉོན་མོངས་ཚོགས། །ཚར་གཅོད་བླ་མེད་བྱང་ཆུབ་སར་འགོད་དང་། །བསྟན་པ་སྤྱི་དང་རྩ་བའི་བླ་མ་ཡི། །སྐུ་ཆེ་ཕྲིན་ལས་བར་ཆད་བཟློག་པའི་ཕྱིར། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་ཚོགས། །བསྟེན་ཅིང་བསྒྲུབ་པ་མཁས་གྲུབ་ཀུན་གྱི་ལུགས་། །བསྟེན་ལུགས་འདྲ་ཡང་སེམས་བསྐྱེད་ཁྱད་པར་ཡིན། །དཔེར་ན་ཆོས་རྗེ་རང་བྱུང་རྡོ་རྗེ་ལ། །སྔགས་པ་དགུ་ཡིས་གཤིན་རྗེ་བསྒྲུབས་ནས་བྲུབ། །དེ་ཚེ་བསྙུང་གཞི་


CMR032_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པ་དགོས་འདུག་གསུངས། །གྲགས་པ་སེང་གེས་གཤིན་རྗེ་ཁ་ཐུན་གྱི། །བཟློག་པ་མཛད་པས་སྔགས་པའི་ཕུག་པ་རྡིབ། །སྔགས་པ་དགུ་ཤི་སྔགས་གྲོང་ནད་ངན་འཕྱུར། །ཆོས་རྗེ་སྐུ་ཁམས་གསིང་ཞིང་བསྟན་འགྲོར་ཕན། །དེ་འདྲའི་ནུས་པ་རང་རེར་མེད་ན་ཡང་། །སེམས་བསྐྱེད་བཟང་ན་བྱང་ཆུབ་ལམ་དུ་འགྲོ། །དེ་རྣམས་སྡང་བའི་གོལ་ས་བཀག་པ་ཡིན། །ཡི་དམ་ཁྲོ་བོ་ཨ་འཐས་ཐེར་ཟུགས་སུ། །ལྡེར་སྐུ་བཞིན་དུ་དངོས་པོར་བསྒོམ་པ་ན། །གཤིན་རྗེ་དང་ནི་སྲིན་པོར་གོལ་བ་ཡིན། །རྟ་ཕག་ཡབ་ཡུམ་ལ་སོགས་མགོ་བརྙན་ཅན། །དུད་འགྲོ་དེ་འདྲའི་མགོ་ཅན་ཡིན་སྙམ་ན། །ཤ་ཟ་ཕྲ་མེན་མགོ་བརྙན་ཅན་དུ་གོལ། །ཞི་བའི་ལྷ་རྣམས་ཐེར་ཟུག་ལྡེར་སྐུ་བཞིན། །བསྒོམས་ན་གཟུགས་ཁམས་ལྷ་རུ་གོལ་བ་ཡིན། །དེ་འདྲའི་ཐེར་ཟུག་བསྐྱེད་རིམ་བརྟན་པོ་ནི། །ཤི་དུས་ཐུགས་དམ་བརྟན་ཞིང་བར་དོ་ན། །སྐུ་གཟུགས་ལྷ་དེ་འདྲ་བའི་འབྱུང་པོའི་རིགས། །རིག་འཛིན་ཞེས་བྱ་རླུང་ལྷའི་འཁོར་དུ་སྐྱེ། །དེ་བཞིན་ཐུགས་ཀའི་ས་བོན་ཧཱུྃ་ཡིག་ཡང་། །དངོས་པོར་བསྒོམས་པས་སྦྲུལ་དུ་སྐྱེ་བར་གསུངས། །དེ་བཞིན་དམ་པ་


CMR032_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་རྒྱའི་ལྷ་གྲངས་བརྒྱ། །ཐེར་ཟུག་བསྒོམས་པས་གོལ་ས་བརྒྱ་རུ་བཤད། །གོལ་ས་དེ་དག་གཅོད་པའི་གདམས་པ་ནི། །གོ་བས་གཅོད་དང་སྒོམ་པས་གཅོད་པ་དང་། །ལྟ་བས་གཅོད་དང་རྣམ་པ་གསུམ་དུ་འདུས། །དང་པོ་སངས་རྒྱས་རྣམས་ནི་ཆོས་སྐུར་གཅིག །སྐུ་མདོག་ཕྱག་མཚན་ངེས་པ་ཡོད་པ་མིན། །དཔེར་ན་ཤེལ་གོང་ཤིན་ཏུ་དྭངས་པ་དེ། །གདན་ནི་གང་བཞག་དེ་ཡི་མདོག་ཏུ་འགྱུར། །དེ་བཞིན་ཡི་དམ་ལྷ་ཡི་ཆ་ལུགས་ཀྱང་། །ཞི་དང་ཁྲོ་དང་ཞི་མ་ཁྲོ་ལ་སོགས། །དབུ་ཕྱག་མང་ཉུང་སྣ་ཚོགས་ཅིར་ཡང་འཆར། །དེ་ལྟར་འཆར་བའི་རྒྱུ་མཚན་གང་ཞེ་ན། །ལོངས་སྐུ་དག་པའི་ཞིང་ཁམས་ཐམས་ཅད་ན། །གཙོ་བོའི་ཞལ་ནས་ཆོས་གསུང་མི་དགོས་ཏེ། །གཙོ་བོའི་སྐུ་མདོག་ཕྱག་མཚན་ཙམ་མཐོང་བས། །འཁོར་རྣམས་ཀུན་གྱིས་དེ་དོན་ཆོས་ཀུན་རྟོགས། །ཞལ་གསུམ་སྐུ་གསུམ་ཕྱག་དྲུག་ཕར་ཕྱིན་དྲུག །གཤོག་པ་གཉིས་ནི་ཐབས་དང་ཤེས་རབ་སྟེ། །ཞབས་བཞི་ཚད་མེད་བཞི་ཡི་བརྡ་དོན་ཡིན། །དེ་བཞིན་ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱི། །ཆ་ལུགས་བརྡ་ཡི་སྒོ་ནས་ཆོས་སྟོན་ཡིན། །རྒྱལ་བ་ཐམས་ཅད་ཡེ་


CMR032_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀློང་དུ་གཅིག༔ ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང་༔ ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ༔ ཨོ་རྒྱན་ཆེན་པོས་གསུངས་པ་དེ་ཡི་དོན། །རྟ་ནི་མགྱོགས་ཤིང་ས་ཆོད་ཆེ་བ་ལྟར། །སངས་རྒྱས་ས་ལམ་མྱུར་དུ་བགྲོད་པའི་རྟགས། །རྟ་མགྲིན་དབུ་ལ་རྟ་ཞལ་བྱུང་བ་ཡིན། །ཕག་ལ་གཙང་བཙོག་རྣམ་རྟོག་མེད་པ་ལྟར། །ཕག་ཞལ་སྲིད་ཆོས་སྐུ་མཚོན་པ་ཡིན།། །མི་ལ་ཤ་ཚུགས་ལེགས་ཉེས་ཡོད་པ་ལྟར། །ལྷ་ཡི་ཆ་ལུགས་དེ་བཞིན་ངེས་པ་མེད་། །དེ་ནི་གོ་བས་གོལ་ས་གཅོད་པ་ཡིན། །དེ་ནས་སྒོམ་པས་གོལ་ས་གཅོད་པ་ནི། །བསྐྱེད་རིམ་རྣམ་པ་གསལ་དང་རྣམ་དག་དྲན།། །རྣམ་པ་གསལ་བ་མེ་ལོང་གཟུགས་བརྙན་བཞིན། །རྣམ་དག་དྲན་པ་བར་སྣང་འཇའ་ཚོན་བཞིན། །ང་རྒྱལ་རང་ཉིད་ལྷ་ཡི་ང་རྒྱལ་ཏེ། །ལྟ་བའི་སྒོ་ནས་གོལ་ས་གཅོད་པ་ནི། །ལྟ་བ་སྟོང་ཉིད་རྩི་དང་མ་བྲལ་བ། །ནམ་མཁའི་འཇའ་བཞིན་ཟུང་འཇུག་ཐུབ་ན་རབ་། །མ་ཐུབ་བསྐྱེད་རྫོགས་རེས་མོས་བྱ་བར་གསུངས། །དེ་ནས་གོལ་ས་ཕྲན་ཚེགས་འགའ་ཞིག་ནི། །འབྱོར་པ་ཡོད་ཀྱང་སེར་སྣས་འབྱོར་ཚོགས་ཆུང་། །མཆོད་པ་མུག་


CMR032_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་རྒྱུན་ནི་མ་ཆད་ཙམ། །དེ་ནི་ཡི་དྭགས་གནས་སུ་གོལ་བར་གསུངས། །མེད་ན་མ་གཏོགས་མཆོད་པ་བློ་སྟོབས་བསྐྱེད། །བྱ་སྤྱོད་རྒྱུད་ལ་མཆོད་རོ་བཟའ་མི་རུང་། །རྣལ་འབྱོར་རྒྱུད་ལ་མཆོད་རོ་འགོམ་མི་རུང་། །བླ་མེད་རྒྱུད་འདིར་མཆོད་རོ་དངོས་གྲུབ་རོལ། །དེ་བཞིན་ཤ་ཐུད་མར་སོགས་ཚོགས་ལ་བསྔོ། །རྒྱུ་ནི་མི་གོད་བསོད་ནམས་ཚོགས་ཆེན་རྫོགས། །ཤ་ཆང་ལ་སོགས་ཚོགས་ཀྱི་དམ་རྫས་རྣམས། །ཐ་མལ་ཟས་ཀྱི་སྲེད་པས་མང་ཟོས་ན། །ཡི་དྭགས་མཆུ་བཅིངས་གནས་སུ་གོལ་བར་གསུངས། །ཚོགས་རྫ་ས་ཐ་མལ་ཟས་ཀྱི་འདུ་ཤེས་ཀྱིས། །འདུལ་ཁྲིམས་བསྲུང་ཕྱིར་དེ་ལ་འཛེམ་བྱས་ན། །དམྱལ་བ་ཆུ་བུར་ཅན་དུ་གོལ་བར་གསུངས། །གོལ་བ་ཞེས་བྱའི་དོན་དེ་གང་ཞེ་ན། །ལམ་ནོར་ཅུང་ཟད་བྱུང་ན་འགོར་བ་ལྟར། །རེ་ཞིག་དེ་རུ་སྐྱེ་བ་ལེན་པའི་དོན། །དེ་རྣམས་བསྐྱེད་རིམ་གོལ་ས་གཅོད་པ་ཡིན། །དེ་ནས་ཐབས་ལམ་རྩ་རླུང་སྒོམ་པའི་སྒྱུ་དུས། །དྲོད་སྐྱེས་རས་གོས་ཐུབ་ན་མི་སྔོན་མཛེས། །རྩ་རླུང་ནུས་རྟགས་ཐོན་ན་བག་མེད་དུ། །མི་ཚངས་སྤྱོད་ཀྱང་གཞན་གྱིས་འཕྱ་རྒྱུ་མེད། །དེ་ལྟར་མིན་ཡང་བདག་ལུས་


CMR032_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཉམས་ཀྱིས། །འདོད་ཆགས་ཚོར་བདེ་དེ་ཉིད་དོན་གཉེར་ནས། །རྩ་རླུང་འཁྲུལ་འཁོར་དག་ལ་སྦྱོང་བ་ནི། །འདོད་ཆགས་ཆོས་སུ་སྨྲ་བའི་མུ་སྟེགས་པས། །རྩ་རླུང་སྦྱོང་བ་དེ་དང་འདྲ་བ་ཡིན། །དེ་ལ་དགོངས་ནས་མཁས་པ་འགའ་ཞིག་གིས། །བརྐམ་ཆགས་ཅན་གྱི་རྩ་རླུང་ཉོན་མོངས་རྒྱུ། །གསུངས་པ་དེ་ཡང་དེ་ལ་དགོངས་པ་ཡིན། །ཚོར་བདེའི་ཆགས་པ་དོན་དུ་གཉེར་བ་མིན། །འགྲོ་བའི་དོན་དུ་རྡོ་རྗེ་འཆང་དབང་ཉིད། །རབ་ཀྱིས་ཟླ་གསུམ་འབྲིང་གིས་ཟླ་བ་དྲུག །ཐ་མས་ཀྱང་ནི་ལོ་གསུམ་ཕྱོགས་གསུམ་ན། །རྡོ་རྗེ་འཆང་དབང་འགྲུབ་པར་བྱ་ཕྱིར་དུ། །རྩ་རླུང་ཉམས་སུ་ལེན་པའི་སེམས་བསྐྱེད་དེས། །གོལ་ས་དེ་ཉིད་ཆོད་པར་འགྱུར་བ་ཡིན། །དེ་ནས་རྫོགས་རིམ་སེམས་ངོའི་གོལ་ས་ནི། །བདེ་ཉམས་ལུས་བདེ་སེམས་བདེ་ཞུ་ལ་ཁད། །དེ་ལ་ཆགས་ན་འདོད་ཁམས་ལྷ་རུ་གོལ། །གསལ་ཉམས་སྟོང་རྗེན་ནམ་མཁའ་དྭངས་པ་བཞིན། །གཞན་གྱིས་སེམས་རྒྱུད་ཀྱང་ནི་ཤེས་སྙམ་བྱེད། །དེ་ལ་ཆགས་ན་གཟུགས་ཁམས་ལྷ་རུ་གོལ། །སྟོང་ཉམས་ཐམས་ཅད་སྟོང་པ་ཧད་དེ་བ། །རང་གི་ལུས་ཀྱང་མེད་དམ་སྙམ་པ་འབྱུང་། །དེ་ལ་ཆགས་


CMR032_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ན་གཟུགས་མེད་ཁམས་སུ་གོལ། །ཆགས་པ་ཞེས་བྱ་དེ་ལ་མཆོག་ཏུ་འཛིན། །ངེས་ཤེས་སྐྱེས་ཤིང་སེམས་ལ་འཆང་བ་ཡིན། །གང་ཤར་དེ་ཡི་ངང་ལ་ཅེ་རེ་བལྟ་། །ཆགས་ཞེན་མེད་ན་བྱང་ཆུབ་ལམ་དུ་འགྲོ། །དགེ་སློང་དགེ་ཚུལ་རི་ཁྲོད་འགྲིམ་པའི་དུས། །ཆོས་གོས་སྣམ་སྦྱར་ཤམ་ཐབས་ལ་སོགས་པ། །ཚད་ལྡན་མེད་ཀྱང་སྐྱོན་དུ་མི་འགྱུར་ཏེ། །ཤམ་ཐབས་ཁྲུ་གང་ཡོད་ཀྱང་ཆོག་པ་དང་། །སྐྲ་དང་ཁ་སྤུ་རིང་ཡང་སྐྱོན་མེད་པ། །འདུལ་བའི་གླེང་གཞི་རྣམས་ན་གསལ་བར་ཡོད། །ཟས་ཀྱང་ནང་གི་སྲེག་ཚོགས་འཁོར་སོགས། །བྱེད་ན་དགོང་ལའང་ཉེས་པ་མེད་མོད་ཀྱི། །ཆང་ནི་དམ་རྫས་ཙམ་ལས་བཏུང་མི་བྱ། །ལར་ནི་གདན་གཅིག་དགོང་བཅད་བྱས་ན་བཟང་། །དེ་ཡི་སྤྱོད་པ་ལོག་པར་གོལ་མི་འགྱུར། །དཔེར་ན་གསེར་འགྱུར་རྫས་ནི་ཁྱད་པར་ཅན། །ལྕགས་རིགས་གང་ལ་བྱུགས་ཀྱང་གསེར་དུ་འགྱུར། །དེ་བཞིན་བྱང་ཆུབ་སེམས་བསྐྱེད་བརྟན་པ་ན། །མི་དགེ་ཕལ་ཆེར་དགེ་བར་འགྱུར་བ་དང་། །དགེ་བ་ཐམས་ཅད་བྱང་ཆུབ་ལམ་དུ་འགྲོ། །དེ་ཕྱིར་གོལ་ས་ཐམས་ཅད་གཅོད་པའི་མཆོག །བྱང་ཆུབ་སེམས་


CMR032_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཡིན་པས་སྙིང་ལ་ཆོངས། །དཔེར་ན་རལ་གྲི་བསམ་གཅོད་འབར་བ་དེས། །གང་ལ་ཚད་པ་ཐམས་ཅད་དུམ་བུར་གཅོད། །དེ་བཞིན་ཤེས་རབ་སྟོང་ཉིད་རལ་གྲི་དེས། །དངོས་འཛིན་མཚན་མའི་གོལ་ས་ཐམས་ཅད་གཅོད། །དེ་བཞིན་སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་ན། །གོལ་ས་མང་ཡང་གོལ་བའི་དོགས་པ་མེད། །དེ་སྐད་ཤིང་སྦྲུལ་བདུད་རྩི་འཁྱིལ་བའི་ལོ། །རྒྱུ་སྐར་མགོ་ཡི་ཟླ་བའི་ཡར་ཚེས་དྲུག །ཕྱིར་ནུབ་དང་བཅས་དགོང་མོའི་ཐུན་སྐབས་གཉིས། །རཱ་ག་ཨ་སྱས་འཕྲལ་དུ་གང་དྲན་སྨྲས། །དེ་ཚེ་བླ་མ་བརྩོན་འགྲུས་རྒྱ་མཚོ་ཡིས། །སོར་མོ་རླུང་གི་རྟ་ལ་ཞོན་ནས་བྲིས། །དགེ་བས་བློ་དམན་རི་ཁྲོད་འཛིན་རྣམས་ལ། །འགྲོ་དོན་རྒྱ་མཚོ་ལྟ་བུ་འབྱུང་བར་ཤོག །ལེའུ་སོ་ལྔ་པའོ་མངྒ་ལཾ།།


previousལེའུ་སོ་ལྔ་པ། བྱང་ཆུབ་སྐྱོན་མེད་ལམ་ལ་འཇུག་པའི་ཕྱིར། །གོལ་ས་གཅོད་པ་མ་ནོར་ལམ་སྟོན་ཡོད། །next