Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་སོ་དགུ་པ། སྤྱོད་པ་རྒྱལ་བའི་བཀའ་དང་མཐུན་པའི་ཕྱིར། །སྤྱོད་པའི་གདམས་པ་རྒྱལ་སྲས་ལག་ལེན་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་སོ་དགུ་པ། སྤྱོད་པ་རྒྱལ་བའི་བཀའ་དང་མཐུན་པའི་ཕྱིར། །སྤྱོད་པའི་གདམས་པ་རྒྱལ་སྲས་ལག་ལེན་ཡོད། །next

ལེའུ་སོ་དགུ་པ། སྤྱོད་པ་རྒྱལ་བའི་བཀའ་དང་མཐུན་པའི་ཕྱིར། །སྤྱོད་པའི་གདམས་པ་རྒྱལ་སྲས་ལག་ལེན་ཡོད། །


CMR032_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

༼ཏི༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས་སྤྱོད་པ་རྒྱལ་སྲས་ལག་ལེན་བཞུགས་སོ། །ན་མོ་བཛྲ་དྷ་ར་ཡེ། བོགས་འདོན་རྩ་བ་སྤྱོད་པ་སྟེ། །སྒྱུ་རྣལ་འབྱོར་པ་ཡི་གང་ཟག་གིས། །གྲུབ་ཐོབ་སྤྱོད་པ་མི་བྱའོ། །གྲུབ་པ་ཐོབ་པ་རྣམས་ཀྱིས་ཀྱང་། །སངས་རྒྱས་སྤྱོད་པ་མི་རུང་གསུངས། །འོག་མས་གོང་མའི་སྤྱོད་པ་


CMR032_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། །སེངྒེའི་རྗེས་སུ་ཝ་མཆོངས་དཔེ། །གོང་མས་འོག་མའི་སྤྱོད་པ་བྱས། །མི་རྒན་རྩེད་མོ་རྩེས་དང་འདྲ། །རིག་པ་བརྟུལ་ཞུགས་སྤྱོད་པ་དང་། །ཕྱོགས་ལས་རྣམ་རྒྱལ་སྤྱོད་པ་དང་། །ཁྱི་ཕག་ལྟ་བུའི་སྤྱོད་པ་དང་། །སྨྱོན་པ་ལྟ་བུའི་སྤྱོད་པ་དང་། །སེང་གེ་ལྟ་བུའི་སྤྱོད་པ་རྣམས། །གྲུབ་ཐོབ་རྣམས་ཀྱི་སྤྱོད་པ་སྟེ། །རང་ལ་མྱོང་བ་མེད་ཕྱིར་དང་། །མཁོ་དགོས་མེད་ཕྱིར་སྤྲོས་པ་བསྐྱུངས། །ཤ་བཙོན་ལྟ་བུའི་སྤྱོད་པ་ནི། །ཉེས་ཆེན་ཤ་རྩ་ས་བཙོན་བཟུང་ན། །མ་ཐར་ན་ནི་མཐའ་རྒྱུ་གཅིག །ཨེ་ཐར་ཐབས་ལ་འབད་པ་ལྟར། །དང་པོ་ཆོས་སྒོར་ཞུགས་པའི་དུས། །ཁྱིམ་པའི་གྲ་ནས་ཅི་ཐར་བྱ། །དེ་ནས་སེར་གཟུགས་ཆོས་མེད་ཀྱི། །གྲ་ནས་རང་ཉིད་ཅི་ཐར་བྱ། །དེ་ནས་རིགས་དྲུག་འཁོར་བ་ཡི། །གནས་ནས་ཐར་ཏེ་བདེ་ཆེན་ཞིང་། །ཕྱིར་མི་ལྡོག་པར་འགྲོ་རྩིས་བྱ། །བུང་བ་ལྟ་བུའི་སྤྱོད་པ་ནི། །དབང་ལུང་གདམས་ངག་ཞུ་བའི་དུས། །དཔེར་ན་བུང་བས་མེ་ཏོག་ཀུན། །བཅུད་འཇིབ་མི་ཆགས་མི་སྡང་བར། །སྦྲང་རྩི་འཇིབ་ནས་འགྲོ་བ་ལྟར། །དམ་སེལ་ངན་པས་མ་ཆོད་པའི། །དགེ་བའི་བཤེས་གཉེན་ཐམས་ཅད་


CMR032_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །དབང་ལུང་གདམས་པ་ཅི་ཐོབ་བྱ། །དེ་ལ་ཆགས་ནས་མི་འདུག་ཅིང་། །དམ་ཚིག་ཆག་པར་མི་བྱའོ། །དམ་ཚིག་མི་གཙང་དམ་སེལ་ཅན། །དེ་འདྲར་དབང་ལུང་ཐོབ་གྱུར་ཀྱང་། །ལུང་ཡིག་གྲ་རུ་མི་འབྲི་ཞིང་། །ཉམས་ལེན་མི་བྱ་སྤྲེལ་མི་བྱ། །དེ་སྐད་བདུད་འདུལ་རྡོ་རྗེས་གསུངས།་་་གཏེར་སྟོན་ཡིན་མཆན། །བྱ་རྒྱུད་དོན་ཡོད་ཞགས་པ་སོགས། །དབང་བསྐུར་ཐོབ་པར་མ་གྱུར་ཀྱང་། །གསོ་སྦྱོང་ལེན་ཞིང་དཀར་ཕྱོགས་སྲུང་། །གཟུངས་བཟླ་རུང་ཞེས་ས་པཎ་གསུངས། །དེ་མིན་གསང་སྔགས་སྒྲུབ་ཐབས་ཀུན། །དབང་མ་ཐོབ་ན་མི་རུང་སྟེ། །དབང་ཚུའམ་དབང་གི་ཆུ་བོ་ཞེས། །དབང་རྒྱུན་མ་ཆད་པ་ཞིག་དགོས། །དབང་རྒྱུན་ཆད་ན་བདག་འཇུག་སོགས། །བླངས་ཀྱང་མི་ཕན་གནོད་པ་ཆེ། །དབང་རྫོགས་ལུང་རྫོགས་རབ་ཡིན་ཏེ། །དབང་རྫོགས་འདོན་ཆའི་ལུང་ཙམ་འབྲིང་། །ཐ་མ་ལུང་ནི་མ་ཐོབ་ཀྱང་། །མངོན་རྟོགས་དང་ནི་སྔགས་གཉིས་པོ། །དབང་གི་ཞོར་ལ་ཐོབ་པས་འཐུས། །དེ་ཡི་རྒྱུད་དང་རྒྱ་གཞུང་དང་། །སྒྲུབ་ཐབས་ལས་ཚོགས་དཔག་མེད་དང་། །མདོ་སྔགས་ཁྲིད་རིམ་གདམས་པའི་


CMR032_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །རང་ཉིད་ཤིན་ཏུ་དེ་ལ་མོས། །ལུང་རྒྱུན་ཐོབ་པའི་ཁུངས་མེད་པ། །དཔེ་ཆ་བལྟས་ཙམ་དེ་དོན་ཤེས། །དོན་མེད་ལག་ཏུ་འཁྱར་བྱུང་ཚེ། །མཎྜལ་འབུལ་ཞིང་སྤྱི་བོར་བཞག །ཆོས་བདག་མཁའ་འགྲོས་གཏད་པར་མོས། །ཨོ་རྒྱན་ལ་སོགས་སྨོན་ལམ་ལས། །ལས་ཅན་གཅིག་དང་འཕྲད་པར་ཤོག །གསུངས་ཕྱིར་ལས་ཅན་སྐྱེས་བུ་ལ། །མཁའ་འགྲོས་ཆོས་དེ་གཏད་པ་ཡི། །དངོས་བསྟན་གཏེར་སྟོན་རྣམས་ཡིན་ཀྱང་། །ཤུགས་བསྟན་དེ་དང་ཆ་འདྲ་ཙམ། །རང་གི་ཡི་དམ་སྒྲུབ་སྐོར་སོགས། །མེད་ཐབས་མེད་པ་རྙེད་མེད་ནི། །ལག་ཏུ་ཕྱིན་ཞིང་ཕན་ཐོགས་པ། །མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་རུ། །བརྩི་བར་དྲི་མེད་ཀུན་དགས་གསུངས། །འོན་ཀྱང་གཞན་ལ་སྤེལ་ཐབས་མེད། །བཀའ་བརྒྱུད་ཆོས་སྐོར་ཡིན་ན་ནི། །ཡབ་སྲས་ལ་སོགས་ཞབས་རྗེས་བཀྲམ། །ཡང་ན་ཐུབ་པའི་ཞབས་རྗེས་ནི། །པར་མ་རྙེད་ན་མཆོག་ཡིན་ཏེ། །ཕྱག་ཞབས་རྗེས་བཀྲམ་མཆོད་པ་བཤམས། །ཆོས་དེའི་མངའ་བདག་བླ་མ་དེ། །ཞབས་རྗེས་དེ་ཉིད་ཡིན་པར་བསྒོམ། །སྤྱན་འདྲེན་མཆོད་བསྟོད་མཎྜལ་འབུལ། །མངོན་སུམ་


CMR032_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་ངེས་ཤེས་བསྐྱེད། །ལུང་དེ་གནང་བར་གསོལ་བ་གདབ། །དེ་ནས་ལུང་དེ་གནང་བར་བསྒོམ། །བདག་གིས་ཉན་པའི་མོས་པ་ཡིས། །རང་གིས་ཚར་གཅིག་འདོན་པར་བྱ། །བླ་མའི་ཞལ་ནས་ཡིག་འབྲུ་རྣམས། །བྱོན་ནས་རང་ལ་ཐིམ་པར་བསྒོམ། །གླེགས་བམ་རང་གི་སྤྱི་བོར་བཞག །དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་དང་། རྟེན་འབྲེལ་སྙིང་པོ་ཚར་གསུམ་བརྗོད། ཞབས་རྗེས་གསང་སྤྱོད་མ་ཞེས་པ། །མཉམ་མེད་དྭགས་པོས་མཛད་པ་དང་། །མི་བསྐྱོད་ཞབས་ཀྱིས་མཛད་པའི་དོན། །རང་གི་ཉམས་ལེན་ཀུན་ལ་ནི། །དེ་ཡིས་ཆོག་པར་གཉིས་ཀས་གསུངས། །དྭགས་པོས་གཞན་ལ་སྤེལ་ཆོག་གསུངས། །མི་བསྐྱོད་ཞབས་ཀྱིས་ཞབས་རྗེས་དེ། །བླ་མར་དངོས་སུ་བྱོན་ན་ཆོག །དེ་མིན་སྤེལ་དུ་མི་བཏུབ་གསུངས། །ཡེ་ཤེས་མགོན་པོ་ཕྱག་བཞི་


CMR032_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །བྱ་རོག་ཆེན་པོའི་རྒྱུད་ལས་ནི། །བླ་མར་ཐོབ་དང་ཁྱད་མེད་གསུངས། །ཨོ་རྒྱན་ཆེན་པོས་མཛད་པ་ཡི། །དགོངས་འདུས་པོ་ཏིའི་ལུང་དབང་ནི། །རང་གིས་བླང་བའི་ཆོ་གའི་དོན། །གསར་རྙིང་མདོ་རྒྱུད་གང་འདོད་ཀྱི། །གླེགས་བམ་ཁྲི་སྟེང་གཡས་སུ་བཞག །གཡོན་དུ་འབྲུ་ཡི་འདབ་བརྒྱད་སྟེང་། །འཛོམ་ན་ཐུབ་དབང་གསེར་སྐུ་བཤམ། །དགེ་འདུན་བཞི་སྡེ་འཛོམ་ན་རབ། །མེད་ན་ཡིད་ཀྱིས་བསྒོམ་གསུངས་པས། །དོན་ལ་གནས་ཆོག་རྒྱས་པའམ། །ས་གཞི་བྱིན་རླབས་རྒྱས་པར་འདོན། །ཐུབ་པར་ལུང་གནང་གསོལ་བ་གདབ། །ཚངས་པའི་དབྱངས་ནི་སྙན་པ་ཡིས། །ལུང་དེ་ཡོངས་རྫོགས་གནང་བར་བསམ། །ཚར་གཅིག་འདོན་སོགས་མི་དགོས་སོ། །གླེགས་བམ་སྤྱི་བོའི་གཙུག་ཏུ་བཟུང་། །རྟེན་འབྲེལ་སྙིང་པོ་ཚར་གསུམ་བརྗོད། །དེ་ཚེ་ཐུབ་པའི་ཞལ་ནས་ནི། །གླེགས་བམ་དེ་ཡི་ཡིག་འབྲུ་རྣམས། །དཀར་པོ་སིལ་སིལ་ཆར་ལྟར་བབས་། །ཚངས་བུག་ནས་ཞུགས་རང་ཐིམ་བསྒོམ། །མཎྜལ་བསྔོ་སྨོན་བཀྲ་ཤིས་བརྗོད། །དེ་ནས་དམིགས་མེད་ངང་ལ་བཞག །རྗེས་ནི་བསྔོ་བ་སྨོན་ལམ་དང་། །སྤྲང་པོར་


CMR032_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་གཏོང་ལ་སོགས་པ། །ཅི་འབྱོར་བསོད་ནམས་ཚོགས་གསོག་བྱ། །དེ་ཡིས་མདོ་རྒྱུད་སྒྲུབ་ཐབས་སོགས། །ཐུབ་པ་ཉིད་ལས་ཐོབ་དང་མཉམ། །རང་ལ་ཉམས་མྱོང་ལེགས་སྐྱེས་ནས། །གཞན་ལའང་ལུང་རྒྱུན་སྤེལ་ཆོག་གསུངས། །རྩོམ་པ་ལ་སོགས་བྱེད་དུས་སུ། །བན་བོན་མདོ་རྒྱུད་གསར་རྙིང་སོགས། །ཀུན་གྱི་ལུང་འདྲེན་འདྲི་དགོས་པས། །བརྩམས་དེའི་ལུང་རྒྱུན་སྤེལ་དུས་སུ། །སྔོན་ལ་འདི་ལྟར་བྱ་བ་གཅེས། །བརྒྱུད་པ་མི་གཙང་དམ་སེལ་ཅན། །ཕལ་གྱི་ལུང་རྒྱུན་དོ་ཟླ་མིན། །ཐུབ་པའི་བཀའ་དང་ཨོ་རྒྱན་གསུངས། །དེ་ལ་ཐེ་ཚོམ་ག་ལ་ཡོད། །བུང་བ་ལྟ་བུའི་སྤྱོད་པ་འདི། །རྔོག་ལོ་བློ་ལྡན་ཤེས་རབ་དང་། །མཁས་པ་མང་པོའི་རྣམ་ཐར་ཡིན། །ཇོ་བོ་དཔལ་ལྡན་ཨ་ཏི་ཤས། །ཉིད་ཀྱི་ཡོན་ཏན་བརྒྱ་སྟོང་གི །ཆ་ཤས་ཙམ་ཡང་མེད་པ་ཡི། །བླ་མ་མང་པོ་བསྟེན་ཞེས་གསུངས། །གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཡིས། །ཡུགས་ས་ཡ་ཕོ་ཡན་ཆད་ཀྱི། །བླ་མ་ལྔ་བརྒྱ་བཅོ་ལྔ་བསྟེན། །དེ་བཞིན་རང་གི་ཆོས་འབྲེལ་གྱི། །བླ་མ་ཆེ་ཕྲ་ཐམས་ཅད་ལ། །སྐྱོན་ལ་མི་ལྟ་ཡོན་ཏན་ལེན། །བུང་བས་སྦྲང་རྩི་འཇིབ་པ་


CMR032_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །རང་ཉིད་དབང་ལུང་གདམས་པས་ཕྱུག །བུང་བས་སྦྲང་རྩི་བསགས་པ་འདྲ། །བརྒྱུད་པའི་གང་ཟག་ཞན་ན་ཡང་། །ཆོས་ལ་སྒྲིབ་པར་མི་འགྱུར་ཏེ། །ཆུ་ནི་ཞིང་ལ་ཐེབས་པ་ན། །ཡུར་བ་གཙང་བཙོག་བཟང་ངན་མེད། །དེ་ནི་བོད་ཀྱི་པཎྜི་ཏ། །བློ་ལྡན་ཤེས་རབ་བཞེད་པ་ཡིན། །འབྲོམ་དང་རྒྱ་རས་མི་བསྐྱོད་ཞབས། །དེ་དག་ལ་སོགས་བཞེད་པ་ལ། །འཇིག་རྟེན་ཀ་ཆ་ཉོ་ན་ཡང་། །བརྟག་གཞིག་ལེགས་པར་བྱེད་དགོས་ན། །སྐྱེ་བ་གཏན་གྱི་འདུན་མ་སྟེ། །ཆོས་བརྒྱུད་བླ་མའི་བཟང་ངན་སོགས། །ལེགས་པར་མ་བརྟག་ཞུ་མི་རུང་། །ཀུན་ལ་ཆོས་འབྲེལ་ཞུ་བ་དེ། །དམ་ཚིག་ཉམས་པ་རིན་གྱིས་ཉོས། །བརྒྱུད་པ་ཐག་རུལ་བྲེང་རུལ་མཐུད། །གདམས་ངག་སྤྲང་པོའི་རྩམ་པ་འདྲ་། །ཕ་མང་བུ་ལྟར་རིགས་འཆོལ་བའི། །བརྒྱུད་པ་གང་གིའང་རྐང་མི་ཟིན། །བླ་མ་འཆུག་མེད་གཅིག་བཙལ་ནས། །དེ་ཡི་གདམས་པ་ཉམས་བླངས་པས། །བཀའ་བརྒྱུད་རྒྱལ་ས་ཟིན་ནས་ཀྱང་། །བསྟན་ལ་ཕན་པ་ཡིན་ནོ་གསུངས། །དེ་དག་གཉིས་ཀའི་དོན་བསྡུས་པ། །རྒྱལ་བ་ཆོས་ཀྱི་དབང་ཕྱུག་གིས། །རྒྱ་གར་ལུགས་དང་རྒྱ་ནག་


CMR032_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས། །པཎ་ཆེན་ལུགས་དང་གྲུབ་ཐོབ་ལུགས། །མང་པོ་ཤེས་ནི་དགོས་རྒྱུར་འདུག །ཉམས་སུ་ལེན་བྱ་དེ་ཚོ་ལ། །བྱ་བྱེད་མང་པོ་བྱས་པ་ན། །ཆོས་དང་བླ་མ་གཞན་གྱིས་བསྒྱུར། །སྒར་དང་ཆོས་སྡེ་ངེས་མེད་དུ། །རླུང་འཚུབ་མང་པོའི་དཔལ་འབྱོར་ཅན། །འབྱུང་བར་དོགས་པ་ཁོ་བོས་སེམས། །གསུངས་ཕྱིར་མང་པོ་ཐོབ་ན་ཡང་། །ཉམས་སུ་ལེན་བྱའི་སྙིང་པོ་དེ། །བརྒྱུད་པ་གཙང་བའི་ཆོས་ཤིག་དགོས། །བླ་མ་སློབ་དཔོན་མང་བསྟེན་ཡང་། །གསོལ་བ་འདེབས་ཡུལ་བླ་མ་དེ། །མོས་བློས་ཡར་གཞལ་མི་དགོས་པའི། །སངས་རྒྱས་དངོས་སུ་ཐག་ཆོད་པ། །རྒྱལ་བ་ཡབ་སྲས་ལྟ་བུར་བྱ། །མ་མཇལ་ཆོས་འབྲེལ་མ་ཐོབ་ཀྱང་། །རྩ་བའི་བླ་མར་བཟུང་བྱས་ནས། །རྩེ་གཅིག་གསོལ་བ་བཏབ་པ་ན། །བྱིན་རླབས་ཉམས་རྟོགས་སྐྱེ་བ་ཡི། །ཞལ་བཞེས་དྭགས་པོ་ལྷ་རྗེ་དང་། །དུས་མཁྱེན་རྒོད་ཚང་པ་རྣམས་ཀྱིས། །ཞལ་ཆེམ་བཞག་པ་ཡིན་པར་བཞེད། །གནད་དེ་གོ་བ་གལ་ཆེའོ། །ཁྱིམ་པ་ལྟ་བུའི་སྤྱོད་པ་ནི། །བསམ་བློ་འཕྲོད་ནས་མ་ཤི་བར། །ཟས་ནོར་བསག་ཕྱིར་འབད་པ་ཡིན། །དེ་བཞིན་ཆོས་སྒོར་


CMR032_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཕྱིན་ནས། །མ་ཤི་བར་གྱི་བྱ་བ་རྣམས། །ཚོགས་གཉིས་བསག་ཕྱིར་འབད་པ་ཡིན། །དེ་བཞིན་འཇིག་རྟེན་ཁྱིམ་པ་ཡིས། །དོམ་བཏང་རྒྱ་འགྲོ་དབུས་བསྐོར་སོགས། །ཁེ་ནི་གང་ཆེ་བྱེད་པ་ཡིན། །དེ་བཞིན་ཆོས་སྒོར་ཞུགས་པ་རྣམས། །དགེ་བ་འགྱུར་ནི་གང་ཆེ་བྱེད། །གང་ཟག་འགྱུར་དང་གནས་ཀྱི་འགྱུར། །དུས་ཀྱི་འགྱུར་དང་རྣམ་གསུམ་ལས། །དུས་འགྱུར་བདེ་ཕྱིར་ཀུན་གྱིས་བྱེད། །མདོ་སྡེ་འཇིག་རྟེན་བསྟན་བཞག་ལས། །ཡར་ངོའི་ཚེས་བརྒྱད་མར་ངོས་བརྒྱད་ཉེར་གསུམ། །རྒྱལ་ཆེན་སྡེ་བཞིའི་གཡོག་རྣམས་ཀྱིས། །འཛམ་གླིང་ཐམས་ཅད་ཁྱབ་པར་ཉུལ། །དགེ་སྡིག་གང་བྱས་ཡི་གེར་བྲིས། །བརྒྱ་བྱིན་ལྷ་ཡི་དབང་པོར་གཏད། །དགེ་བ་མང་ན་ལྷ་རྣམས་དགའ། །སྡིག་བྱེད་མང་ན་ལྷ་རྣམས་སྡུག །ཡི་གེ་གཤིན་རྗེའི་ཡུལ་དུ་བསྐུར། །གཤིན་རྗེའི་ཡིག་ཆུང་དེ་ཡིན་གསུངས། །དེ་བཞིན་ཡར་མར་བཅུ་བཞི་ལ། །རྒྱལ་ཆེན་སྡེ་བཞིས་བུ་རྣམས་ཉུལ། །དེ་བཞིན་ཡར་མར་བཅོ་ལྔ་ལ། །རྒྱལ་པོ་ཆེན་པོ་སྡེ་བཞི་དང་། །ལྷ་དབང་བརྒྱ་བྱིན་བཅས་པས་ཉུལ། །དུས་ཚོད་དེ་དག་རྣམས་ལ་ནི། །དགེ་སྡིག་གང་བྱས་


CMR032_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་འགྱུར་ཡིན། །དེ་བཞིན་ཚེས་བརྒྱད་སྨན་བླ་འབྱོན། །སྒྲོལ་དཀར་དང་ནི་ཚེ་རིང་མ། །ཀུ་རུ་ཀུལླེ་ཞིང་སྐྱོང་དུས། །ཡར་ངོ་མར་ངོའི་ཚེས་བཅུ་ལ། །པད་འབྱུང་ཕག་ཁྲོས་བདེ་མཆོག་དང་། །མ་ནིང་དཔའ་བོ་མཁའ་འགྲོ་ཀུན། །ཁྱད་པར་ཉི་ཤར་ཨོ་རྒྱན་འབྱོན། །བཅོ་ལྔ་འོད་དཔག་མེད་པའི་དུས། །དགུ་གསུམ་ལྷ་འདྲེ་ཟློཐམས་ཅད་རྒྱུ། །བཅུ་དགུར་མཁའ་སྤྱོད་དབང་པོ་གཤེགས། །ཡར་མར་དགུ་དང་བཅུ་གཅིག་དུས་་་་་ཡར་གྱི་ཚེས་དགུ་དང་བཅུ་གཅིག་མར་གྱི་ཉེར་དྲུག་དང་ཉེར་བཞིའོ། །དཔལ་ལྡན་ལྷ་མོ་དཔོན་གཡོག་རྒྱུ། །ཉི་ཤུ་བརྒྱད་ལ་མི་བསྐྱོད་ཞབས། །དབང་ཕྱུག་རྡོ་རྗེ་ཆོས་དབང་ཕྱུག །གཤེགས་ཕྱིར་ཉི་ཤུ་བརྒྱད་མཆོད་ཟེར། །དེ་ཉིན་གཤིན་རྗེའི་རིགས་ཀུན་རྒྱུ། །བླ་མའི་དུས་མཆོད་བཟུང་བ་ནི། །བསོད་ནམས་བསམ་གྱིས་མི་ཁྱབ་པར། །མགོན་པོའི་རྒྱུད་སོགས་མང་པོར་བཤད། །གནམ་གང་བཅོམ་ལྡན་ཤཱཀྱ་ཐུབ། །བསྐལ་བཟང་སངས་སྒྱུ་རྒྱས་སྟོང་བཅས་འབྱོན། །དེ་ལྟར་ཉ་མཚམས་བརྒྱད་གསུམ་ལ། །སྟོན་པ་རྣམ་གསུམ་འབྱོན་པའི་ཚེ། །དགེ་བ་འབུམ་འགྱུར་ཡོད་པའི་ཚུལ། །ཇོ་བོ་རྗེ་དང་སྲོང་བཙན་


CMR032_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །ཉི་ཤུ་དགུ་དང་གནམ་གང་ལ། །མགོན་པོའི་རིགས་ཀུན་རྒྱུ་བ་སྟེ། །ལོ་གཅིག་སྒྲུབ་པ་བྱས་པ་བས། །རྒྱུ་དུས་མཆོད་པ་གཅིག་དགའ་བར། །གྲུབ་ཆེན་མཚོ་སྐྱེས་རྡོ་རྗེ་དང་། །ཨོ་རྒྱན་ལ་སོགས་གསུངས་པ་ཡིན། །དེ་ནི་ཟླ་བའི་དུས་ཡིན་ལ། །མཆུ་ཡི་ཟླ་བའི་ཚེས་གཅིག་ནས། །བཅོ་ལྔའི་བར་དུ་ཤཱཀ་ཐུབ་ཀྱིས། །མུ་སྟེགས་བཏུལ་ཞིང་ཆོ་འཕྲུལ་བསྟན། །ས་ག་ཟླ་བའི་བཅོ་ལྔ་ལ། །ལྷུམས་ཞུགས་རབ་བྱུང་མངོན་སངས་རྒྱས། །རྣམ་གསུམ་འཛོམ་པའི་དུས་ཞེས་བྱ། །ཆུ་སྟོད་ཟླ་བའི་ཚེས་བཞི་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས། །ཐ་སྐར་ཟླ་བའི་བཅོ་ལྔ་ལ། །ལྷ་བབས་ཞལ་གྱིས་བཞེས་པའི་དུས། །ཉེར་གཉིས་ལྷ་བབས་དངོས་ཀྱི་དུས། །དེ་གཉིས་གཅིག་ཏུ་བརྩི་བ་ཡིན། །སྟོན་པའི་དུས་ཆེན་བཞི་ཞེས་གྲགས། །དགེ་བ་བྱེ་བ་བརྒྱ་འགྱུར་དུ། །མདོ་སྡེ་མང་པོ་ཞལ་མཐུན་ནོ། །འདི་དག་ཟླ་བ་ངོས་འཛིན་ལ། །རྒྱ་བོད་ཀུན་ཏུ་མི་མཐུན་མང་། །ཨོ་རྒྱན་དགོངས་འདུས་སྐར་མཛོད་ལས། །ཞལ་ནི་གང་འཚམ་བསྟན་གསུངས་ལྟར། །ཁ་ཆེའི་པཎ་ཆེན་ཤཱཀྱ་ཤིས། །མདོ་རྒྱུད་མང་པོ་གུང་བསྟུན་ནས། །


CMR032_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་ངོས་འཛིན་བསྟན་བཅོས་མཛད། །དེ་ཕྱིན་རྒྱ་བོད་ཐམས་ཅད་ཀྱིས། །ཟླ་བ་འདི་བཞི་ཐག་ཆོད་ཡིན། །གཏོར་མ་ཚར་གཅིག་བཏང་ན་ཡང་། །གཏོར་མ་བྱེ་བ་བརྒྱ་རུ་ངེས། །དེ་འདྲ་ཅི་ཡི་ཕྱིར་ཞེ་ན། །སྟོན་པས་བྱིན་གྱིས་བརླབས་པ་ཡིན། །ཁྱད་པར་སྔགས་ཀྱི་བཟླས་བརྗོད་ལ། །ཉི་ཟླ་གཟའ་ཡིས་བཟུང་ནས་ཀྱང་། །སོས་ཡག་མ་རེད་བར་དེ་ལ། །ཟླ་བ་བྱེ་བ་བརྒྱ་འགྱུར་ཏེ། །ཉི་མ་བྱེ་བ་འབུམ་འགྱུར་ཡིན། །དེ་ནི་མདོ་རྒྱུད་མང་པོ་མཐུན། །དེ་ཕྱིར་དབང་ནི་ཐོབ་ཚད་ཀྱི། །ལྷ་ནི་སྐད་ཅིག་དྲན་རྫོགས་བསྒོམ། །སྔགས་ནི་ཕྲེང་སྐོར་རེ་བཟླས་པས། །དེ་དག་ཀུན་གྱི་བསྙེན་པ་ཐེམས། །དབང་བསྐུར་རབ་གནས་སྦྱིན་སྲེག་སོགས། །སོ་སོའི་ལས་ཚོགས་བྱ་རུང་བ། །མཁས་པ་ཐམས་ཅད་ཞལ་མཐུན་ཕྱིར། །དགེ་བཤེས་གསར་པ་ཀུན་གྱིས་མཛད། །དེ་དག་བསོད་ནམས་ཞིང་ས་བཟང་། །དགེ་བའི་ས་བོན་ཐོབ་ཅིག་ཅེས། །བཀའ་གདམས་ཀླུ་པ་ཀུན་ཞལ་གདམས་ཡིན། །དེ་ནས་ཞག་གི་དུས་ཚོད་ལ། །ཐོ་རངས་མངོན་པར་སངས་རྒྱས་དུས། །རླུང་བཟུང་ཚེ་སྒྲུབ་བྱ་བར་བཟང་། །ནམ་ལངས་ནས་ནི་ཉི་དྲོས་


CMR032_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བར། །ཞི་བའི་བཟླས་པ་གང་བྱས་འགྲུབ། །ཉི་དྲོས་ནས་ནི་ཉིན་ཕྱེད་བར། །རྒྱས་པའི་བཟླས་པ་གང་བྱས་འགྲུབ། །ཕྱེད་ཡོལ་ནས་ནི་ཉི་ནུབ་བར། །དབང་གི་བཟླས་པ་གང་བྱས་འགྲུབ། །ཉི་མ་གདུང་གང་ཙམ་ནས་བཟུང་། །ཉི་མ་ནུབ་ཡག་མ་རེད་བར། །གཟའ་དང་ཟློག་པ་ཐམས་ཅད་འགྲུབ། །མུན་རུབ་ནས་ནི་ནམ་ཕྱེད་བར། །དཔའ་བོ་མཁའ་འགྲོ་ཀུན་འདུ་བས། །གཏོར་བསྔོས་ཚོགས་འཁོར་ལ་སོགས་བཟང་། །དྲག་པོའི་སྔགས་ཀྱང་གང་བཟླས་འགྲུབ། །ཁྱད་པར་སྲོད་ཀྱི་དུས་དེ་ཉིད། །ཐུབ་པས་བདུད་བཏུལ་དུས་ཡིན་པ། །བདུད་ཀྱི་བར་ཆད་བརྩམ་དུས་ཡིན། །ཡི་དམ་ཁྲོ་བོའི་བཟླས་པ་བྱ། །ནམ་ཕྱེད་ནས་བཟུང་ཐོ་རངས་ཕྱེད། །གཉིད་ཀྱི་འོད་གསལ་བཟུང་དུས་ཡིན། །དུས་ཚོད་དེ་དང་དེ་རྣམས་སུ། །སོ་སོའི་བཟླས་པ་བྱེད་པ་མཆོག །རི་དྭགས་སྨྲས་མའི་སྤྱོད་པ་ནི། །རི་དྭགས་གྲྭ་རུ་མི་སྡོད་པར། །དབེན་པར་གབ་ནས་འདུག་པ་ལྟར་།མཚམས་དང་སྒྲུབ་པ་བྱེད་པའི་དུས། །རང་ཉིད་གཅིག་པུར་འདུག་པའམ། །མཚམས་གཡོག་ལ་སོགས་ཡོད་གྱུར་ཀྱང་། །མི་གཏུགས་ལུས་ནི་སྦས་ཏེ་འདུག་


CMR032_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱོན་པ་ལྟ་བུའི་སྤྱོད་པ་ཡང་། །ཆ་མཐུན་ཞོར་ལ་འབྱུང་བ་སྟེ། །ཉེ་དུ་ལ་སོགས་ངོ་ཆེན་གྱིས། །འབོད་མི་ལ་སོགས་བྱུང་ན་ཡང་། །ངོ་མི་སྲུང་བར་སྨྱོན་པ་བཞིན། །ཁྱི་ཕག་ལྟ་བུའི་སྤྱོད་པ་ཡང་། །ཆ་མཐུན་ཙམ་ཞིག་ཞོར་ལ་འབྱུང་། །དྲི་ཆུ་ཐིག་ལེ་ལ་སོགས་པ། །བཙོག་པའི་འདུ་ཤེས་མི་བྱེད་པར། །ཁྲུས་དང་བཏུང་སོགས་དགོས་དུས་བྱ། །ཐི་བྱ་ཚང་ཞུགས་སྤྱོད་པ་ཡང་། །དེ་ཡི་ཞོར་ལ་འབྱུང་བ་སྟེ། །དབང་ལུང་གདམས་ངག་ཁྲིད་རིམ་སོགས། །སྔར་ནས་ལེགས་པར་རྩད་བཅད་པས། །དེ་དུས་ཐེ་ཚོམ་སོམ་ཉི་མེད། །ཉམས་ལེན་ཉིད་ལ་འཇུག་པ་ཡིན། །སྦྱིར་ནི་སྤྱོད་པ་འདི་དག་ལ། །མིང་གཅིག་དོན་ནི་མི་གཅིག་པའི། །བཤད་ཚུལ་རྣམ་གྲངས་མང་ན་ཡང་། །ཀུན་ཏུ་བཟང་པོའི་སྤྱོད་པ་དང་། །ཚངས་སྤྱོད་ཅེས་བྱ་དོན་གཅིག་སྟེ། །དྭགས་པོ་བཀའ་བརྒྱུད་ཕལ་ཆེར་གྱི། །སྤྱོད་པ་དེ་ཉིད་ཁོ་ན་ཡིན། །ས་ལམ་ཐམས་ཅད་བགྲོད་པར་བྱེད། །དེ་ཡི་སྤྱོད་པ་གང་ཞེ་ན། །ལུས་ཀྱི་ཆ་ལུགས་སྤྱོད་པ་རྣམས། །འདུལ་ཁྲིམས་བཞིན་དུ་དངོས་ཚུགས་བཟུང་། །དེ་ཡང་དམ་ལྷོད་རན་བྱས་ཏེ། །ཆོས་ཀྱི་


CMR032_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཞལ་སྔ་ནས། །དཔེར་ན་སྟག་མོའི་བུ་ཁུར་བ། །དམ་ན་མཆེ་བས་བུ་འཆི་ལ། །ལྷོད་ན་བུ་ནི་ས་ལ་འབྲུལ། །དམ་ལྷོད་རན་པར་ཁུར་བ་ལྟར། །གུང་ཚིགས་ཅུང་ཙམ་ཕྱི་བ་དང་། །ཆབ་ལེན་རུང་ཆུ་བརྗེད་སོགས་ལ། །སྲོག་ཆད་ཙམ་དུ་སྐྱག་པ་ནི། །མ་དྲག་རྣམ་པར་རྟོག་པས་བཅིངས། །དགོང་ཟ་ཆང་ནི་བག་མེད་བཏུང་། །ཆབ་རིལ་ཆུ་དང་ལོ་མང་བྲལ། །ཡོད་ཀྱང་ཆོས་གོས་ལྷུང་བཟེད་བསྐྱུར། །དགེ་བསྙེན་དང་ནི་དགེ་སློང་གཉིས་་་དགེ་ཚུལ་སོགས་མཚན། །རྒྱུས་ཡོད་མིན་པས་འབྱེད་དཀའ་བས། །དེ་འདྲ་ཧ་ཅང་ལྷོད་པའི་སྐྱོན། །རྒྱུན་དུ་གདན་གཅིག་བྱུང་ན་རབ། །ནའམ་ཡང་ན་ཚོགས་འཁོར་ཉིད། །མིན་པར་དགོང་ནི་བཟའ་མི་བྱ། །ཚོགས་ཤ་མིན་པའི་ཤ་མི་བཟའ། །བསྔོས་ཤ་གཏན་ནས་སྤང་བར་བྱ། །ཆང་ནི་དུག་ལྟར་སྤང་བར་བྱ། །ཚོགས་ཆང་དམ་ཚིག་མི་འགལ་ཕྱིར། །ཐུར་འགྱེད་དམ་ནི་སོར་རྩེས་བླངས། །མང་ཡང་བྷན་འབྲིང་ཚད་།གང་། །དེ་བས་མང་བ་མི་རུང་བ། །བདེ་མཆོག་སྡོམ་འབྱུང་རྒྱུད་ན་གསལ། །ཚོགས་ཤ་བཟའ་བར་རུང་བ་སྟེ།་་་་་རྩ་རླུང་འཁྲུལ་འཁོར་སྦྱོང་དུས་སོགས་ལ་ལུས་གསོ་བའི་ཕྱིར་མཆན། །ཁམས་དང་


CMR032_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་རྒྱས་ཕྱིར་རོ། །དེ་ཡང་བསྔོས་ཤ་ཡིན་ན་སྤང་། །བསྔོས་ཤ་ཡིན་ཀྱང་ཚོགས་ཤུ་ལ། །བསྔོས་ན་དུད་འགྲོ་དེར་ཕན་པ། །འཇའ་ཚོན་སྙིང་པོའི་གསུང་ལས་གསལ། །འདུལ་ཁྲིམས་ཕྲ་ཞིབ་ཐམས་ཅད་ཀྱང་། །ཇི་ལྟར་ནུས་པ་སྲུང་བྱ་སྟེ། །མ་ཐུབ་བམ་ནི་མ་ཤེས་པས། །ལྟུང་བ་ཉེས་བྱས་མང་སོགས་པ། །ཟླ་བ་ཕྱེད་ཕྱེད་གསོ་སྦྱོང་དུས། །དགེ་འདུན་སྡེ་ནི་མེད་པའི་ཕྱིར། །གསོ་སྦྱོང་དངོས་ནི་མི་འོང་ཡང་། །གསོ་སྦྱོང་བྱིན་གྱིས་རླབས་པའམ། །ཡང་ན་ཞི་གནས་གསོ་སྦྱོང་བྱ། །མེད་ན་མ་གཏོགས་གུང་ཚིགས་ཀྱང་། །ལྷུང་བཟེད་ནང་དུ་བཟའ་བྱ་སྟེ། །ཕུད་མཆོད་ཆངས་བུ་ལ་སོགས་ཀྱང་། །གཞུང་ལྟར་རྒྱུན་དུ་མ་བརྗེད་བྱ། །བག་ཡོད་དྲན་ཤེས་སྐྱེ་བའི་ཕྱིར། །ཆོས་གོས་རྣམ་གསུམ་ཆུ་ཚགས་བཅངས། །དུས་བཟང་སྐབས་སུ་བྱང་སྡོམ་ལེན། །ལས་དང་བྱ་བ་གང་བྱེད་ཀྱང་། །སེམས་བསྐྱེད་བཟང་པོའི་ཀུན་སློང་གཟབ། །འགྲོ་བ་སེམས་ཅན་ཀུན་དོན་དུ། །བླ་མེད་བྱང་ཆུབ་བསྒྲུབ་པ་ལས། །དོན་གྱི་གཙོ་བོ་གཞན་མེད་བྱ། །ཉམས་ལེན་བསྐྱེད་རྫོགས་ཟུང་འཇུག་སྟེ། །གཙོ་བོར་ངོ་བོ་སྐྱོང་བར་


CMR032_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །རྒྱལ་བ་ཆོས་ཀྱི་དབང་ཕྱུག་གིས། །ཕྱི་ལྟར་སོ་ཐར་དགེ་སློང་། ནང་ལྟར་བྱང་ཆུབ་སེམས་དཔའ། གསང་བ་སྔགས་ཀྱི་རྣལ་འབྱོར། སུམ་ལྡན་རྡོ་རྗེ་འཛིན་པ། །བསམ་ཞིང་དགའ་བོ་སྐྱིད་དོ། །གསུངས་པའང་དེ་ཡི་དོན་ལ་དགོངས། །སྤྱོད་པ་དེ་ནི་མཚམས་སྒྲུབ་དང་། །གྲོང་དང་དགོན་པ་གར་འདུག་ཀྱང་། །ཐང་ལྷོད་མེད་པར་མཐར་ཕྱིན་བྱ། །དེ་ནི་ཧ་ཅང་དཀའ་བའང་མིན། །དཀའ་ཞིང་མཐར་མི་ཐོན་པ་ཡི། །དམ་བཅའ་བརྩམས་པའང་ཉམས་པའི་རྒྱུ། །དེ་ཀ་ཙམ་ཡང་མི་ཐུབ་སྙམ། །སྒྱིད་ལུགས་པའང་ཉམས་པའི་རྒྱུ། །དེ་ལས་གཞན་པའི་སྤྱོད་པ་རྣམས། །སྐབས་སུ་བབས་ན་བོགས་ཆེ་སྟེ། །ཁྲིགས་སུ་མ་འཕྲོད་གེགས་སུ་ཆེ། །སྤྱོད་པ་གཞན་རྣམས་མ་བྱས་ཀྱང་། ཀུན་བཟང་སྤྱོད་པ་གཅིག་པུ་དེས། །ས་ལམ་ཐམས་ཅད་བགྲོད་པར་གསུངས། །དྭགས་བརྒྱུད་རྣམས་ཀྱི་གཤེགས་ཤུལ་ལམ། །སངས་རྒྱས་བསྟན་ལ་ཕན་པ་དང་། །རང་ཉིད་ཆོས་སྒོ་མཐར་ཐོན་ཅིང་། །རང་ལ་ཡོན་ཏན་གང་ཡོད་ཀྱི། །འགྲོ་དོན་རྒྱ་ཆེན་འབྱུང་བ་དང་། །སྦྱིན་བདག་རྣམས་ཀྱང་དྭངས་བ་འདྲེན། །རྒྱུན་དུ་སྤྱོད་པ་དེ་རང་བྱ། །ཉ་


CMR032_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཅོ་ལྔ་མཚམས་་་་གནམ་གང་། བརྒྱད་གསུམ་་་ཚེས་བརྒྱད། ཉི་ཤུ་གསུམ།་་འདི་མར་ངོའི་ཚེས་བརྒྱད་ཡིན་གསུངས། །ཚེས་བཅུ་དང་བཅུ་་་ཉེར་དགུ། དགུ་གཉིས་ཉི་ཤུ་བརྒྱད། །དེ་དག་རྣམས་སུ་དུས་མཆོད་གཟབ། །གཏོར་མ་ཆག་མེད་གཏོང་ཐོན་རོབ། །མ་འགྲུབ་ན་་་་་ཚེས་བཅོ་ལྔ་མཚམས་་་་གནམ་གང་བརྒྱད་གསུམ་ཚེས་བརྒྱད། གཏོང་། །དེ་ནི་ཛམ་ལྷའི་དམ་ཚིག་ཡིན། །སུ་རཱུ་པ་ཡི་གཏོར་མ་དང་། །བརྒྱ་རྩ་ཤིན་ཏུ་བསྡུས་པ་གཉིས། །ནངས་སྔ་རྩ་སྟོང་ཆག་མེད་བྱ། །ནུབ་མོ་གསུམ་གྱི་མཆོད་པ་དང་། །ལུས་སྦྱིན་རྒྱས་པ་འམ་མ་ལྕོགས་ན། །ཀུ་ས་ལི་ཡི་ཚོགས་གསོག་བྱ། །རྩ་བའི་ཡི་དམ་བདག་བསྐྱེད་དང་། །བསྙེན་པ་གཏོར་བསྔོས་མ་ཆག་པས། །གསར་མའི་བསྐྱེད་རིམ་ཉམས་ལེན་དང་། །སྙིང་མའི་མ་ཧཱ་ཡོ་ག་ཡི། །ཉམས་ལེན་དོན་རྩ་འདུས་པ་ཡིན། །འགྲུབ་སྦྱོར་ལ་སོགས་བཟང་པོའི་དུས། །ཆོས་སྐྱོང་བསྐང་གསོལ་རྒྱས་པ་དང་། །ཞི་རྒྱས་དབང་གི་སྦྱིན་སྲེག་བྱ། །དེས་ནི་བསྐྱེད་རིམ་བོགས་འདོན་འོང་། །རྒྱུན་དུ་ཡི་དམ་ལུས་དཀྱིལ་བསྒོམ། །བཟའ་བཏུང་ནང་གི་སྦྱིན་སྲེག་བྱ། །དབུགས་ཀྱི་འབྱུང་འཇུག་གནས་དང་གསུམ། །


CMR032_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་གསུམ་རྡོ་རྗེའི་བཟླས་པར་དམིགས། །ཁོམ་ན་རླུང་བཟུང་འཁྲུལ་འཁོར་བྱ། །མ་ཁོམ་ལུས་ཀྱི་འགུལ་སྤྱོད་ཀུན། །འཁྲུལ་འཁོར་གར་དང་ཕྱག་རྒྱུར་དམིགས། །དེ་ཡིས་གསར་མའི་ལུས་དཀྱིལ་དང་། །རྙིང་མའི་ཨ་ནུ་ཡོ་ག་ཚང་། །རབ་ཀྱིས་བསྐྱེད་རྫོགས་ཟུང་འཇུག་གམ། །མེད་ཀྱང་ངོ་བོ་སྐྱོང་བར་བརྩོན། །དྲན་རྗེས་ཡང་ཡང་གསལ་འདེབས་བྱ། །ཕྱག་ཆེན་ཁྲེགས་ཆོད་ཉམས་ལེན་ཚང་། །ཟེར་གཉིས་ཐོད་རྒལ་བལྟས་པ་ཡིས། །ཨ་ཏི་ཐེག་དགུའི་ཡང་རྩེ་ཚང་། །དེ་ཉིན་དགེ་སྦྱོར་གང་བྱས་རྣམས། །དོ་དགོང་བསྔོ་སྨོན་རྒྱ་ཡིས་གདབ། །དེ་ཡིས་དགེ་བ་མི་ཉམས་འཕེལ། །དེ་ལྟར་སྤྱོད་པའི་རྣམ་དབྱེ་འདི། །བརྩོན་འགྲུས་རྒྱ་མཚོས་བསྐུལ་བྱས་ནས། །གཞུང་གི་བཤད་པ་མ་བྱས་པར། །རང་གིས་ཉམས་སུ་བླངས་ཚོད་ཙམ། །རང་འདྲ་དམན་པ་གཞན་ལ་ཡང་། །ཕན་པར་འགྱུར་རམ་བསམ་པ་དེས། །ཤིང་སྦྲུལ་མགོ་ཟླའི་བཅོ་བརྒྱད་དང་། །བཅུ་དགུའི་དགོང་མོའི་ཐུན་སྐབས་གཉིས། །རཱ་ག་ཨ་སྱས་སྨྲས་པ་རྣམས། །གུ་རུ་བིདྱས་ཡི་གེར་བྲིས། །ལྟ་སྤྱོད་མཐོན་པོའི་གང་ཟག་གིས། །གཟིགས་ན་སྙིང་རྗེའི་གནས་


CMR032_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མཛོད། །ཐ་སྙད་མཁས་པའི་གང་ཟག་གིས། །གཟིགས་ན་བཞད་གད་གནས་སུ་མཛོད། །བདག་འདྲ་བློ་དམན་གང་ཟག་གིས། །གཟིགས་ན་ཉམས་སུ་བླང་བར་མཛོད། །ཤིན་ཏུ་དམན་པའི་གང་ཟག་ནི། །མང་པོ་འགའ་ལ་ཕན་པར་ཤོག །ལེའུ་སོ་དགུ་པའོ་མངྒ་ལཾ།། །།


previousལེའུ་སོ་དགུ་པ། སྤྱོད་པ་རྒྱལ་བའི་བཀའ་དང་མཐུན་པའི་ཕྱིར། །སྤྱོད་པའི་གདམས་པ་རྒྱལ་སྲས་ལག་ལེན་ཡོད། །next