Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཞི་བཅུ་པ། བསྟན་དང་འགྲོ་བའི་དོན་ཆེན་བསྒྲུབ་པའི་ཕྱིར། །འགྲོ་དོན་གདམས་པ་ཕྲིན་ལས་རྒྱ་མཚོ་ཡོད། །
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་བཞི་བཅུ་པ། བསྟན་དང་འགྲོ་བའི་དོན་ཆེན་བསྒྲུབ་པའི་ཕྱིར། །འགྲོ་དོན་གདམས་པ་ཕྲིན་ལས་རྒྱ་མཚོ་ཡོད། །next

ལེའུ་བཞི་བཅུ་པ། བསྟན་དང་འགྲོ་བའི་དོན་ཆེན་བསྒྲུབ་པའི་ཕྱིར། །འགྲོ་དོན་གདམས་པ་ཕྲིན་ལས་རྒྱ་མཚོ་ཡོད། །


CMR032_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

༼ཐི༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། འགྲོ་དོན་ཕྲིན་ལས་རྒྱ་མཚོ་བཞུགས་སོ། །ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡེ། གསོན་དང་བརྩོན་འགྲུས་རྒྱ་མཚོ་བ། །འགྲོ་དོན་འདི་ལ་ལུགས་གཉིས་ཡོད། །ཤཱཀ་ཐུབ་བསྟན་པ་ལུང་རྟོགས་གཉིས། །ལུང་གི་བསྟན་པ་བཤད་པས་འཛིན། །ཤེས་རབ་བརྩོན་འགྲུས་ལྡན་པའི་མིས། །དགེ་བཤེས་མཁས་པ་མང་པོ་བསྟེན། །རིག་གནས་ཀུན་ལ་མ་རྨོངས་ཤིང་། །སྒྲ་དང་ཚད་མ་མངོན་པ་དང་། །དབུ་ཕར་འདུལ་བའི་གཞུང་རྣམས་ལ། །བགྲོ་གླེང་རྩོད་པའི་རིག་པ་བྱང་། །འབྲུ་སྦྱོར་འཕྲོས་ལེན་བཤད་པ་མཁས། །ཉམས་དང་རྟོགས་པ་མེད་ན་ཡང་། །དང་པོ་ཆོས་སྒོར་ཞུགས་པ་ནས། །མངོན་པར་རྫོགས་པར་སངས་རྒྱས་བར། །ས་ལམ་བཤད་པ་ཞིབ་རྒྱས་ཤེས། །བཀའ་


CMR032_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་རབ་འབྱམས་མཁས་མིང་ཐོགས། །སློབ་མ་ལ་ཡང་དེ་ལྟར་བསླབ། །སློབ་མ་དགེ་བཤེས་མང་པོ་ཐོན། །གྲྭ་ས་ཆེན་པོའི་ཆོས་ལུགས་ཡིན། །དེ་དོན་མི་ལ་རས་ཆེན་། གྱིས་། །དབུས་གཙང་རུ་བཞིའི་རྒྱལ་ཁམས་ན། །ཆོས་སྒོམ་པ་མི་འགྲིམ་བཤད་པ་འགྲིམ། །གསུངས་ལྟར་དེ་འདྲར་རྩིས་ཆེའོ། །ཚེ་འདིར་ཉམས་རྟོགས་འདོད་པ་མེད། །ཚུལ་ཁྲིམས་གཙང་མ་བསྲུང་བའི་འབྲས། །སྐྱེ་བ་ཀུན་ཏུ་མི་ལུས་ཐོབ། །བག་ཆགས་བཟང་བས་མཁས་པ་འབྱུང་། །དེ་འདྲའི་སྐྱེ་བ་གྲངས་མེད་གསུམ། །དེ་ནས་སྟོང་ཉིད་རྟོགས་པར་འདོད། །དེ་དང་ཆ་མཐུན་དབང་ལུང་རྣམས། །རྒྱ་ཆེན་ཐོབ་ཅིང་དེ་དོན་ཤེས། །ཉམས་དང་རྟོགས་པ་མ་སྐྱེས་ཀྱང་། །དབང་རྒྱུན་ལུང་རྒྱུན་གཞན་ལ་སྤེལ། །དཔེར་ན་འོན་པས་དུང་བུས་བཞིན། །དེ་དོན་རང་གིས་མ་རྟོགས་ཀྱང་། །ལས་འཕྲོ་ཅན་ལ་ཕན་པ་སྲིད། །དེ་ཚོ་ལུང་གི་བསྟན་པ་སྟེ། །དེང་སང་ཤཱཀ་ཐུབ་བསྟན་པ་ཡང་། །རྟོགས་པའི་བསྟན་པ་ཡོལ་ནས་ནི། །ལུང་གི་བསྟན་པའི་དུས་ལ་བབས། །དེ་ཕྱིར་བཤད་རྒྱུན་ལུང་རྒྱུན་ཙམ། །སྤེལ་ཐུབ་ལུང་གི་བསྟན་འཛིན་ཡིན། །སློབ་མར་ཉམས་


CMR032_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་མི་སྐྱེ་ཡང་། །ཤེས་རབ་ལྡན་ན་ལུང་རྒྱུན་འཕེལ། །རྨོངས་པས་ཐོས་པའི་བསོད་ནམས་ཐོབ། །དུས་ལ་དཔག་པའི་འགྲོ་དོན་ཡིན། །རྟོགས་པའི་བསྟན་པ་སྒྲུབ་པས་འཛིན། །དྭགས་བརྒྱུད་པ་དང་རྙིང་མ་གཉིས། །གཙོ་ཆེར་སྒྲུབ་རྒྱུན་བསྟན་པ་ཡིན། །སྒྲུབ་བརྒྱུད་འགྲོ་དོན་ལུགས་ལ་ནི། །རྩེ་གཅིག་མཐོ་དམན་རྟོགས་པ་དེས། །གཞན་ལ་ཁྲིད་སོགས་འཆད་པ་ན། །གཞན་ལ་མི་ཕན་རང་ལ་གནོད། །དེ་ཕྱིར་སྒྲུབ་ལ་འབད་དུས་ཡིན། །སྤྲོས་བྲལ་མཐོ་དམན་ཉམས་རྟོགས་ཀྱིས། །ཞིབ་རྒྱས་ནན་གྱིས་བཤད་ན་ཕན། །འོན་ཀྱང་རང་ལ་ཅུང་ཞིག་གནོད། །རོ་གཅིག་རྟོགས་པའི་རྣལ་འབྱོར་དེས། །འགྲོ་དོན་དུས་ལ་བབས་པའི་ཕྱིར། །མ་འབད་ལོངས་སྤྱོད་ཆར་ལྟར་འབེབས། །ཅི་སྨྲས་གཞན་གྱིས་གུས་ཤིང་ཉན། །གཞན་རྒྱུད་བྱིན་གྱིས་བརླབ་ནུས་ཕྱིར། །ཉམས་དང་རྟོགས་པ་བསྐྱེད་པར་ནུས། །རང་གིས་དེ་ལྟར་མ་རྟོགས་ན། །བརྐོས་ཕོར་རི་མོ་སཱཙྪའི་དཔེ། །ཁྲིད་ཀྱང་ལུང་རྒྱུན་ཙམ་དུ་འགྱུར། །སྒོམ་མེད་རྟོགས་པའི་གང་ཟག་གིས། །ཧ་ཅང་བཤད་ཀྱང་མི་དགོས་ཏེ། །ཞལ་མཇལ་ཕྱག་དབང་ཐོབ་


CMR032_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་མམ། །མ་མཇལ་དད་པས་གསོལ་བཏབ་ཀྱང་། །ཉམས་དང་རྟོགས་པ་བསྐྱེད་ནུས་པར། །བཀའ་བརྒྱུད་རྣམས་ཀྱི་བཞེད་པ་ཡིན། །དེ་དག་གཉིས་ཀར་གལ་ཆེ་བས། །བྱང་ཆུབ་སྒྲུབ་པའི་ཐབས་དེ་ནི། །རྒྱས་པ་འམ་ནི་བསྡུས་པའང་རུང་། །མ་ནོར་བ་ཞིག་བཤད་ཤེས་དགོས། །མི་ཤེས་བཞིན་དུ་བཤད་པ་ནི། །ཁམས་གསུམ་སེམས་ཅན་བསད་པ་བས། །གཏི་མུག་ཅན་ཀྱིས་ཆོས་བཤད་པ། །ཉེས་པ་ཆེ་བར་ཐུབ་པས་གསུངས། །ཤེས་ཤིང་ཟང་ཟིང་འདོན་ཕྱིར་མིན། །གཞན་ལ་སྙིང་རྗེས་ཆོས་སྦྱིན་པ། །སྟོང་གསུམ་རིན་ཆེན་སྣ་བདུན་གྱིས། །བཀང་ནས་སངས་རྒྱས་མཆོད་པ་བས། །དམ་ཆོས་ཚིགས་བཅད་གཅིག་བཤད་པ། །བསོད་ནམས་ཆེ་བར་ཐུབ་པས་གསུངས་། །ཟང་ཟིང་འདོད་པ་མེད་བཞིན་དུ། །སློབ་མས་དད་པས་ཕུལ་བ་ནི། །ཚིག་གཅིག་བཤད་པའི་ཡོན་ལ་ནི། །གསེར་ནི་རང་ལུས་ཙམ་ཕུལ་ཡང་། །དེ་ཡི་དྲིན་ལན་མི་འཁོར་ཕྱིར། །རང་ལ་དཀོར་སྒྲིབ་འབྱུང་དོགས་མེད། །སློབ་མའང་བསོད་ནམས་ཚོགས་རྫོགས་ཏེ། །ཕྱོགས་བཅུའི་སངས་རྒྱས་ཀུན་མཆོད་བས། །བླ་མའི་བ་སྤུ་


CMR032_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མཆོད་ལྷག །སྐྱེ་བ་དེར་ཡང་ལོངས་སྤྱོད་ལྡན། །མཐར་ནི་སངས་རྒྱས་རྒྱུ་རུ་འགྱུར། །ཟས་ནོར་ལོངས་སྤྱོད་དོན་གཉེར་ནས། །དབང་ལུང་གདམས་ངག་སྤེལ་བ་ནི། །དམ་ཆོས་བཙོང་ནས་ཟོས་པའི་ཕྱིར། །བཤས་ཁེ་ཚྭ་ཁེ་བྱས་ལས་ལོད། །དེ་གཉིས་བྱེད་ལུགས་འདྲ་ན་ཡང་། །བསམ་པའི་ཁྱད་ཀྱིས་དབྱེ་བ་ཡིན། །བསྡུ་བའི་དངོས་པོ་རྣམ་པ་བཞི། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །འགྲོ་དོན་བྱེད་པའི་སྒོ་བཞི་ཡིན། །དེ་དོན་རྒྱལ་བ་འབྲོམ་སྟོན་གྱིས། །ཇོ་བོ་རྗེ་ལ་བསྟོད་པ་ལས། །མཁོ་བ་སྦྱིན་དང་སྙན་པར་སྨྲ་བ་དང་། །འཇིག་རྟེན་དོན་མཐུན་གདུལ་བྱའི་དོན་སྤྱོད་པ། །བསྡུ་བའི་དངོས་པོ་བཞི་ཡི་དཔལ་འབྱོར་གྱིས། །གཞན་དོན་ལྷུར་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་དོན་དེ་ཞིབ་བཤད་ན། །སྒྲུབ་པ་བྱེད་པའི་དུས་སུ་ཡང་། །ཆོས་དང་འཇིག་རྟེན་རྒྱབ་འགལ་ཡང་། །འགྲོ་དོན་བྱེད་པའི་དུས་སུ་ནི། །བསམ་པའི་ཁྱད་པར་མ་གཏོགས་པ། །ཆོས་དང་འཇིག་རྟེན་ཟུང་འཇུག་ཡིན། །ཡོན་བདག་གྲྭ་རིས་སུ་ལ་ཡང་། །ཟས་ནོར་ཆུང་ངུ་བྱིན་བྱས་ནས། །དེ་ལན་ཆེན་པོ་འདོད་པ་ནི། །ལོག་


CMR032_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཚོ་བ་ངན་འགྲོའི་རྒྱུ། །འགྲིམ་འགྲུལ་བཀྲེས་ཤིང་སྐོམ་པ་ལ། །འཕྲལ་དུ་གང་འབྱོར་ཟས་སྐོམ་སྦྱིན། །ཐག་རིང་ནས་འོང་འགྲིམ་འགྲུལ་ལ། །ལམ་ཆས་འཁྱོལ་བར་བསྐུར་བ་དང་། །གནང་སྦྱིན་འོས་པའི་ཡོན་བདག་ལ། །གནང་སྦྱིན་ཕྱག་མདུད་ལ་སོགས་པ། །ཆོས་དང་གདམས་ངག་འདོད་དྲག་པར། །སྣག་སྨྱུག་ཤོག་བུ་སྦྱིན་པ་དང་། །ཆོས་རྒྱགས་ཆད་ནས་ཆོས་ཤོལ་ཕྱིར། །རྒྱགས་མཐུད་ཆོས་དེ་ཚང་ཐབས་དང་། །སློབ་མ་གཞན་དོན་ནུས་པ་ལ། །གང་འོས་དཔེ་དང་མཆོད་ཆ་སྦྱིན། །དེ་ལ་བཟང་ལན་བཀུར་སྟི་སོགས། །ཆེན་པོ་ཨེ་འོང་རེ་བ་སྤངས། །དེ་ནི་མཁོ་བའི་སྦྱིན་པ་སྟེ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན། །བྱེད་ལུགས་གོང་དང་ཁྱད་མེད་ཀྱང་། །བསམ་པའི་ཁྱད་ཀྱིས་དགེ་སྡིག་གཉིས། །ཕྱོགས་ནས་འོང་ལ་ཕྱག་ཕེབས་དང་། །འགྲོ་ཁ་ཐུགས་དམ་གོང་འཕེལ་སོགས། །མྱ་ངན་ཅན་ལ་སེམས་གསོ་དང་། །གྲུབ་མཐའ་ལོག་ཆོས་སྤྱོད་པ་ལའང་། །གཤེ་སྐུར་མི་བྱ་ཡོན་ཏན་བརྗོད། །མི་ཉན་དོགས་པའི་ཁ་ད་ལ། །ཚིག་ངན་མི་བརྗོད་དལ་བུས་སྨྲས། །ཐབས་ཀྱིས་ལེགས་པའི་ཕྱོགས་སུ་ཁྲིད། དེ་


CMR032_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བྱང་ཆུབ་སེམས་དཔའ་ཡིན། །སྙན་པར་སྨྲ་བའི་འགྲོ་དོན་སྒོ། །ཁ་སྡུག་ཁོག་སྐྱིད་ཟེར་བའི་དཔེ། །ལོག་པར་སྤྱོད་ལ་བསྟོད་ར་དང་། །ཁས་བསྟོད་ཞེ་ཡིས་ཁྲེལ་བ་དང་། །ཁ་འཇམ་ཁོག་རྩུབ་སོ་དཀར་སྟོན། །བློ་ངན་དེ་འདྲ་ངན་འགྲོའི་རྒྱུ། །དེ་གཉིས་བྱེད་ལུགས་མཚུངས་ན་ཡང་། །དོན་ལ་མི་མཚུངས་བསམ་པའི་ཁྱད། །རང་ལ་བརྩི་ཞིང་ཁར་ཉན་ན། །འཐབ་རྩོད་འཁྲུག་པ་བཟླུམ་པ་དང་། །ཡོན་བདག་རྣམས་ཀྱི་རྐྱེན་སེལ་ཐབས། །རེ་བ་གང་བཅས་བསྐང་བ་དང་།། །ཆོས་ཀྱི་ཕྱོགས་སུ་ཁྲིད་|ཐུབ་ན། །རུས་དབོན་སྣག་དབོན་སོགས་ཀྱང་བསྐོར། །ཉེ་དུ་ཡོན་བདག་ལ་སོགས་ཀྱང་། །སེམས་ལ་ཆགས་ཞེན་མེད་ན་ཡང་། །འཇིག་རྟེན་པ་དང་མཐུན་པར་སྐྱོང་། །དེ་ནི་འཇིག་རྟེན་དོན་མཐུན་ཞེས། །བྱང་ཆུབ་སེམས་དཔའི་འགྲོ་དོན་སྒོ། །རུས་དབོན་སྣག་དབོན་ཉེ་དུ་སོགས། །ཆོས་ལ་སྦྱོར་བ་མི་ནུས་ཀྱང་། །ཆགས་ཞེན་དབང་གིས་དཀོར་གྱིས་གསོ། །ཕྱི་མ་རྔ་མོང་ལུས་ལེན་པར། །སྲོང་བཙན་སྒམ་པོས་གསུངས་པ་ཡིན། །གཉེན་དང་གྲྭ་རིས་སྐྱོང་བ་དང་། །ཆགས་ཞེན་ཕོ་རུས་བསམ་པ་ཡིས། །བསྐྱང་ན་


CMR032_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ངན་འགྲོའི་རྒྱུ་རུ་ངེས། །རིམ་གྱིས་ཆོས་ཕྱོགས་དཀྲི་བའི་ཕྱིར། །ཡིན་ན་དེའང་འགྲོ་དོན་ཉིད། །ཡོན་དང་ལྷ་རྟེན་འདོད་པའི་ཕྱིར། །ཟློག་པ་སྦྱིན་སྲེག་དབང་བསྐུར་དང་། ཆོ་ག་ཕྱིར་ལྡོག་བྱང་བུ་དང་། །དབང་ལུང་ཁྲིད་སོགས་གང་བྱས་པ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ། །བྱང་ཆུབ་ཐོབ་པའི་གེགས་སུ་ཆེ། །འགྲོ་ཀུན་ཕ་མར་ཤེས་བྱས་ཏེ། །ལྷག་པར་རང་ལ་རེ་བཅས་པ། །ཡོན་བདག་ཚེ་འདིའི་རྐྱེན་སེལ་དང་། །ཡོན་ཏན་མཁན་ལ་ཡོན་ཏན་སློབ། །དེ་ནི་ཚེ་འདིར་ཕན་པ་སྟེ། །ཡོན་བདག་དབང་བསྐུར་བྱང་བུ་དང་། །ཡོན་ཏན་མཁས་ལ་བསྙེན་སྒྲུབ་སློབ། །།ཉམས་དང་རྟོགས་པའི་ངོ་སྤྲོད་སོགས། །དེ་ནི་ཕྱི་མར་བདེ་ཐོབ་ཐབས། །འགྲོ་བ་ཕན་བདེ་ལ་འགོད་པ། །སངས་རྒྱས་བསྟན་པའི་དོན་རྩ་ཡིན། །དེ་གཉིས་བྱེད་ཚུལ་ཁྱད་མེད་ཀྱང་། །བསམ་པའི་ཁྱད་ཀྱིས་ཐ་དད་པ། །བྱང་ཆུབ་སེམས་དཔའི་འགྲོ་དོན་སྒོ། །གདུལ་བྱའི་དོན་སྤྱོད་ཅེས་བྱ་དང་། །ལྟོ་ཕྱིར་གནམ་སྡིབ་གྲོང་ཆོག་གཉིས། །འདྲ་འདྲ་འདྲ་སྟེ་ནོར་དོགས་ཆེ། །མ་ནོར་རང་གི་སེམས་ཀྱིས་ཤེས། །གྲྭ་པ་གཟུགས་མཛེས་གོས་བཟང་བ། །འདོན་པ་


CMR032_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིགས་པ་མང་པོ་ཞིག །འཛོམ་ན་བླ་ཆེན་ཤུགས་ཀྱིས་འོང་། །གང་དུ་ཕྱིན་ཡང་གདུལ་བྱ་འདུ། །བསམས་ནས་མི་གཞོན་མང་པོ་བསྐོར། །འདོན་པའི་ཁ་ཕྲལ་ཆོས་ཡིན་བསམ། །སེམས་རྒྱུད་དུལ་ཞིང་ཉམས་རྟོགས་ཅན། །ཉིན་མོའི་སྐར་མ་བཞིན་དུ་དཀོན། །བསྒོམ་བྱའི་གཙོ་བོ་ཁེ་དང་ཚོང་། །ཆགས་སྡང་འདོད་ཆགས་མེ་ལྟར་འབར། །གསོན་པོའི་རིམ་གྲོ་གཤིན་པོའི་ཆོས། །ཁར་མ་དེ་ཡིས་ཆོག་པར་སེམས། །དཀོར་ལ་རྔམ་ཆེ་ཆོག་ཤེས་མེད། །སྡོམ་པ་དམ་ཚིག་ཐམས་ཅད་ནི། །བླ་མ་ཆོས་ཁྲིམས་པ་སོགས་ཀྱིས། །མ་ཐོས་ན་ནི་དེས་ཆོག་སེམས། །ཕོ་ཁྲོམ་ཁྲོམ་འདུས་འཚོགས་པ་ཡིན། །འཚོགས་པ་བཟང་ངན་འབྲིང་གསུམ་ཡང་། །དགེ་འདུན་དངོས་ཀྱི་དག་སྣང་གི །ངུར་སྨྲིག་ཆོས་གོས་ཤམ་ཐབས་སོགས། །སྐྱེ་བ་སྟོང་ཕྲག་མང་པོ་ལ། །ལན་རེ་ཙམ་ཡང་གྱོན་པར་དཀའ། །བསྟན་པ་འཇིག་པའི་ཚེ་ན་ཡང་། །ངུར་སྨྲིག་གོས་ཉྩ་རྣམས་ཐམས་ཅད་ཀུན། །ལྷ་ཡིས་ཁྱེར་ནས་ལྷ་ཡུལ་དུ། །མཆོད་རྟེན་བྱས་ནས་མཆོད་པར་གསུངས། །ཐམས་ཅད་གྲ་མཉམ་དཀའ་ན་ཡང་། །གྲྭ་མང་ནང་ནས་འགའ་ཟུང་


CMR032_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ། །བསྟན་ལ་ཕན་པའི་དགེ་བཤེས་དང་། །ཉམས་རྟོགས་ཡོད་པའི་རྟོགས་ལྡན་དང་། །བསྙེན་སྒྲུབ་ཐེམ་པའི་སྔགས་འཆང་དང་། །སྡོམ་པ་མཐར་ཕྱིན་དགེ་སློང་ནི། རེ་རེ་བྱུང་ཡང་རིན་ཐང་ཆེ། །སྔོན་གྱི་འདུལ་བ་འཛིན་པ་རྣམས། །དཀོར་རྫས་དངོས་པོ་གང་བྱུང་བ། །གྲྭ་མང་ཞལ་དུ་ཐོངས་མཛོད་དང་། །དགེ་འདུན་སྡེ་འཕེལ་བསྟན་ལ་ཕན། །ཞེས་པ་འདས་ཁར་ཞལ་ཆེམས་བཞག །དཀོར་ཕུད་བྱེད་ལུགས་མང་ན་ཡང་། །ཆོས་མཐུན་གྲྭ་རིས་བསྐོར་བ་ནི། །བསྟན་དང་སེམས་ཅན་གཉིས་ཀར་ཕན། །། འབྲུག་པ་ངག་དབང་བཟང་པོ་དང་། །ཀརྨ་བསྟན་འཕེལ་རྒྱ་ར་བ། །དེ་སོགས་བླ་མ་མང་པོའི་འགས། །ལྷ་བྲི་རྟེན་བཞེངས་ལ་སོགས་པའི། །དཀོར་ཕུད་ཅི་ཡང་མ་མཛད་ཀྱང་། །དཀོར་གྱིས་གྲྭ་རིས་སྐྱོང་བ་དེས། །བསྟན་པས་མདོ་ཁམས་ཤར་ཕྱོགས་ཁྱབ། །དྭགས་པོ་ཕག་གྲུ་ལ་སོགས་པའི། །བཀའ་བརྒྱུད་ཕ་རྒན་དེ་རྣམས་ཀྱང་། །དེ་ལྟར་མཛད་པས་བསྟན་པ་འཕེལ། །དེ་དོན་མདོ་སྡེ་པད་དཀར་ལས། །དགེ་སློང་འཚོ་མཛད་ལུང་བསྟན་སྐབས། །དག་པའི་སློབ་མ་ལྔ་བརྒྱ་དང་། །མ་དག་སློབ་མ་ལྔ་བརྒྱ་


CMR032_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །འདུས་པའི་འཁོར་ཚོགས་ཐམས་ཅད་ལ། །དགེ་འདུན་དངོས་ཀྱི་འདུ་ཤེས་ཀྱིས། །བསྙེན་བཀུར་ཞབས་ཏོག་ཕུན་ཚོགས་ཤིང་། །བླ་མེད་བྱང་ཆུབ་ཕྱིར་བསྔོས་པས། །སྐུ་དེ་མྱ་ངན་འདས་མ་ཐག །བདེ་བ་ཅན་དུ་སྐྱེ་འགྱུར་ཞིང་། །བླ་མེད་བྱང་ཆུབ་ལུང་ཡང་བསྟན། །རྗེས་འཇུག་རྣམས་ཀྱིས་ཕྱག་ལེན་ཡང་། །འདི་ལ་གོ་རྒྱུ་ཆེན་པོ་ཡོད། །ཞེ་འདོད་ཆོས་བརྒྱད་འཁོར་སྡུད་དང་། །བསྟན་དོན་དགེ་འདུན་སྡེ་བཙུགས་གཉིས། ། །འདྲ་འདྲ་འདྲ་ལ་ནོར་དོགས་ཡོད། །མ་ནོར་བསམ་པའི་ཁྱེར་སོ་གཟོབས། །དེ་བཞིན་རྟ་དྲེལ་ནོར་ཕྱུགས་སོགས། །ཆགས་ཞེན་དབང་གི་བྲང་ང་ཡང་། །དགྲ་འདྲེའི་གཡབ་མོ་ངན་སོང་རྒྱུ། །འབྲོག་པ་རྣམས་དང་ཁྱད་པར་མེད། །སྒྲུབ་མཆོད་དུས་མཆོད་དགུ་གཏོར་དང་། །ཉམས་ལེན་སྒྲུབ་པའི་མཚམས་རྒྱགས་དང་། །གྲྭ་ཚོགས་དགེ་འདུན་སྡེ་སྐྱོང་ཕྱིར། །ཇི་ལྟར་མང་ཡང་སྐྱོན་མེད་དེ། །གྲུབ་ཆེན་ཀརྨ་པཀྴི་དེ། །རྒྱ་ནག་ཡུལ་དུ་འབྱོན་ཁ་དུས། །མཚུར་ཕུའི་བྲང་ང་ཐམས་ཅད་ནི། །གཅིག་ཀྱང་མེད་པར་གཏོར་དགོངས་ཚེ། །རང་བྱུང་རྒྱལ་མོ་དངོས་སུ་བྱོན། །ད་རུང་ཁྱོད་ཀྱིས་


CMR032_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདི་ལ། །བྱ་བ་མང་པོ་བྱེད་དགོས་ཡོད། །བྲང་ང་གཅིག་ཀྱང་མ་གཏོར་གསུངས། །ནོར་ཀུན་ཤེ་བཏང་བཞག་ཅེས་བཤད། །ཕྱིས་དུས་མཚུར་ཕུའི་ལྷ་ཆེན་དང་། །རིགས་ལྔ་སྤྱན་རས་གཟིགས་སོགས་བཞེངས། །དེ་བཞིན་དཀོན་མཆོག་མཆོད་པ་དང་། །དགེ་འདུན་སྐྱོང་ཕྱིར་བྲང་ང་དང་། །སེར་སྣས་སྡུག་བཙིར་བྱེད་པ་གཉིས། །བྱེད་ལུགས་འདྲ་ཡང་བསམ་པའི་ཁྱད། །དེ་དོན་འདུལ་བའི་གཞུང་ལས་ཀྱང་། །དགེ་ཚུལ་དང་ནི་དགེ་སློང་གིས། །གསེར་དངུལ་ལེན་པ་མི་རུང་སྟེ། །གཙུག་ལག་ཁང་དང་དགེ་འདུན་དོན། །གསེར་དངུལ་སྲང་ཆེན་བརྒྱ་སྟོང་ཡང་། །ཉ་ར་རུང་བར་གསུངས་པའོ། །དེ་བཞིན་འབུལ་བ་གདུལ་བྱ་སོགས། །དཔག་ཏུ་མེད་པ་བྱུང་ན་ཡང་། །རང་གི་ཕུགས་སྲས་མནོག་དོན་དུ། །བསམས་ནས་བླངས་ན་དཀོར་སྒྲིབ་ཆེ། །དཀོན་མཆོག་མཆོད་དང་དགེ་འདུན་སྐྱོང་། །སྤྱི་ཡི་དོན་དུ་དམིགས་བྱ་ཡི། །རང་གིས་སྒེར་ནོར་བཅངས་བཟུང་དུ། །ལུས་གང་གོས་དང་ཕོར་པ་ཙམ། །དེ་ལས་ཅི་ཡང་མེད་པར་གཅེས། །དེ་ནི་འདུལ་བའི་དོན་དང་མཐུན། །དཀོར་སྒྲིབ་ཤིན་ཏུ་ཆེ་བ་ཡིན། །བྱང་ཆུབ་


CMR032_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་ལྡན་རྣམས་ཀྱིས། །བསྡུ་དངོས་བཞི་ཡི་འགྲོ་དོན་ནི། །ཉམས་མྱོང་ལག་ཏུ་ལོན་ཚོད་ཙམ། །གླུ་ཡི་སརྒ་དང་པོའོ། ༈ །གསོན་དང་བརྩོན་འགྲུས་རྒྱ་མཚོ་བ། །རང་གཞན་དོན་གཉིས་སྒྲུབ་པའི་ཐབས། །རང་ཉིད་སྒྲུབ་པ་བྱེད་པའི་སྐབས། །བསྐྱེད་རྫོགས་ངེས་པ་ཅུང་ཟད་རྙེད། །སྙིང་ནས་དམ་ཆོས་འདོད་པའི་མིས། །རང་ལ་སྙིང་ནས་རེ་བཅས་པ། །དེ་ཡི་རེ་བ་མ་བསྐང་ན། །སེམས་ཅན་བློས་སྤངས་ལྟུང་བར་འགྱུར། །ཧ་ཅང་ཡངས་ན་སྒྲུབ་པ་རལ། །རང་གི་སྒྲུབ་པའི་བར་ཆད་འོང་། །ང་རྒྱལ་རང་མཐོང་དད་གུས་མེད། །གདམས་ངག་རྐུ་ཐབས་བརྒྱུད་པ་གསོང་། །ཞུས་པར་ཐོས་ན་ངོ་ཚར་སེམས། །རིག་པ་རྣོ་ཡང་དད་འདུན་མེད། །ཡོན་ཏན་མི་མཐོང་སྐྱོན་ལ་བལྟ། །རྗེས་ནས་གཤེ་སྐུར་ཀུན་ཏུ་སྒྲོག །ལ་ལ་ཆོས་འདོད་དད་ལྡན་ཡང་། །བཤད་ཀྱང་མི་གོ་བོང་བུ་འདྲ། །ལ་ལ་ཅལ་སྒྲོག་རྗེས་སུ་རྒྱུག །འདི་བསམ་་མེད་པར་ཆོས་ཞུར་འོང་། །ཚང་བོར་མི་ཉེན་ཕྱིར་ལ་རྒྱུགས། །དེ་འདྲ་བརྒྱ་སྟོང་འཚོགས་པ་ལས། །དད་ཅན་ཤེས་རབ་བརྩོན་འགྲུས་ལྡན། །རང་ལ་གུས་ཤིང་གང་ཟེར་ཉན། །


CMR032_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་བླ་མར་འཛིན་པ་ཡི། །སློབ་མ་འགའ་ཟུང་བསྟེན་ན་ཡང་། །འགྲོ་དོན་འབྲས་བུ་དེ་ཆེའི་ཕྱིར། །བཀའ་བརྒྱུད་གོང་མའི་གསུང་ལ་ནི། །ར་ཁྲིད་ལུག་ཁྲིད་ཅེས་ཀྱང་བྱ། །ཁྲོམ་ཆེན་བསྡུ་བ་མ་ཡིན་ཕྱིར། །ཕུག་སྒོར་ཆོས་བཤད་ཅེས་ཀྱང་བྱ། །ཀཿཐོག་རྙིང་མའི་ལུགས་ལ་ནི། །གཅིག་ཁྲིད་ཅེས་བྱ་ཟབ་པར་བརྩི། །དེ་ལ་བྱེད་ལུགས་རིགས་མང་སྟེ། །ཤེས་རབ་ཕུན་སུམ་ཚོགས་པ་ལ། །འཕྲལ་དུ་སྒྲུབ་པ་བྱེད་རྒྱུ་ཡི། །དབང་ལུང་ཉི་མ་གཉིས་ཙམ་བྱ། །དབང་ཞོར་ངོ་སྤྲོད་བཙན་ཐབས་གདབ། །སྒྲུབ་རྒྱགས་ཁང་པ་སོགས་འཛོམ་ན། །ཉེ་ལོགས་དེ་རུ་མཚམས་བསྡམས་ནས། །ལོ་གསུམ་ཕྱོགས་གསུམ་དམ་བཅའ་བླངས། །ཞག་པོ་དྲུག་བདུན་ཙམ་གྱི་སོར། །དམིགས་ཐུན་བསྒོམ་བྱ་རྡུལ་བྱང་བསྐུར། །ལོ་གསུམ་ཕྱོགས་གསུམ་མཐར་ཐོན་ཚེ། །།བསྙེན་སྒྲུབ་ཐེམས་དང་ཉམས་རྟོགས་སྐྱེས། །བླ་མ་འོང་བ་དུས་མཉམ་འབྱུང་། །ཉེ་ལོགས་མཚམས་བསྡམས་མ་འགྲིགས་ན། །ཉམས་ལེན་དབང་ལུང་ཉེར་མཁོ་སྦྱིན། །ངོ་སྤྲོད་གདམས་ངག་ནན་གྱིས་བཏབ། །ཉམས་སུ་ལེན་ཚུལ་ཟིན་བྲིས་བསྐུར། །རྒྱུན་དུ་གེགས་སེལ་


CMR032_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་དང་། །བྱིན་འབེབས་དམིགས་པས་བྱིན་གྱིས་བརླབ། །དེས་ཀྱང་སྒྲུབ་ཐེམས་ཉམས་རྟོགས་སྐྱེ། །མ་མཇལ་ས་ཐག་རིང་པོ་ནས། །དད་ལྡན་འབུལ་བ་བསྐུར་སོགས་ལ། །གསོལ་འདེབས་ངོ་སྤྲོད་ཡི་གེ་བསྐུར། །འགྲོ་མགོན་སངས་རྒྱས་དབོན་པོ་ཡིས། །ཡི་གེ་བསྐུར་བས་གྲོལ་བ་ཡི། །སློབ་མ་བརྒྱ་རྩ་ཡོད་དོ་སྐད། །དེ་ཙམ་རང་རེ་འོང་དཀའ་ཡང་། །བློ་སེམས་ཆོས་ལ་འགྱུར་བ་དང་། །སེམས་ངོ་འཕྲོད་དང་བོགས་ཐོན་སོགས། །འབྱུང་བ་མྱོང་བས་གྲུབ་པ་ཡིན། །དེ་བཞིན་བཀའ་བསྒོ་དམིགས་ཐུན་དང་། །ཕྱིར་ལྡོག་བྱང་བུ་བསྔོ་སྨོན་སོགས། །མཚམས་ཀྱི་ཁོང་ནས་བྱེད་པ་རྣམས། །རང་གཞན་གཉིས་དོན་སྒྲུབ་པ་ཡིན། །རང་གི་སྒྲུབ་ལ་མི་གནོད་པར། །གཞན་ཕན་ཅི་ནུས་མ་སྒྲུབ་ན། །ཐེག་པ་དམན་པར་གོལ་བ་ཡིན། །སེམས་བསྐྱེད་བསམ་པ་བཟང་བ་ན། །དེ་ཀ་ཙམ་གྱིས་འགྲོ་དོན་ཡང་། །ཆུང་རྒྱུ་མེད་པས་ཆེན་པོར་ངེས། །ཐུབ་དབང་བྱ་ནི་ཤིང་རྟ་རུ། །བསམ་ཞིང་སྐྱེ་བ་བཞེས་པའི་དུས། །སེང་གེའི་གྲེ་ཕུག་རུས་སོ་ཟུགས། །ཟུག་གཟེར་ཆེན་པོ་ལྡན་པ་དེ། །སྙིང་རྗེའི་


CMR032_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་འདོན་རོགས་མཛོད། །དེ་ལས་འགྲོ་དོན་གཞན་མེད་ཀྱང་། །ངོ་མཚར་སྐྱེས་རབས་གྲར་བརྩིས་ན། །འགའ་ཟུང་ནད་གདོན་ཞི་བ་དང་། །འགའ་ཟུང་བསྙེན་སྒྲུབ་ཐོན་པ་དང་། །འགའ་ཟུང་ཉམས་རྟོགས་སྐྱེ་ཐུབ་ན། །འགྲོ་དོན་ལེགས་པ་མ་ལགས་སམ། །རང་གཞན་གཉིས་དོན་སྒྲུབ་པ་ཡི། །གླུ་ཡི་སརྒ་གཉིས་པའོ། ༈ །གསོན་དང་བརྩོན་འགྲུས་རྒྱ་མཚོ་བ། །གཞན་དོན་གཙོ་བོར་བྱེད་པ་ལ། །ཕྱི་ནང་གསང་གསུམ་རྟེན་འབྲེལ་བརྟག །ཕྱི་ལྟར་ལོ་ལེགས་ཡུལ་འཁྲུག་མེད། །ནང་ལྟར་སྒར་ཆས་སྒྲུབ་ཚོརྫས་འཛོམ། །གསང་བ་བསྐྱེད་རྫོགས་གདེང་དང་ལྡན། །ཀུན་སློང་བྱང་ཆུབ་སེམས་བསྐྱེད་ནས། །ཕྱོགས་རྣམས་ཀུན་ཏུ་འགྲོ་བའི་ཚེ། །རང་ཉིད་རྒྱལ་བ་རྒྱ་མཚོ་སྒོམ། །སྤྱི་བོར་བྱ་ཁྱུང་རྒྱལ་པོ་ལྡིང་། །ས་བདག་ཀླུ་གཉན་ཟིལ་གྱིས་མནན། །ཆིབས་པའི་གོང་དུ་འདུག་པའི་ཚེ། །ཆིབས་པ་པད་ཟླའི་གདན་དུ་སྒོམ། །རྐང་ལག་མཁའ་འགྲོ་སྡེ་བཞིས་བཏེག །འགྲོ་བའི་དོན་དུ་བྱོན་པའི་ཚེ། །སྟེང་དུ་བཀའ་བརྒྱུད་བླ་མ་རྣམས། །སྤྲིན་ཕུང་བཞིན་བཞུགས་བྱིན་གྱིས་རླབས། །རྒྱབ་ཏུ་ཡི་དམ་ལྷ་ཚོགས་རྣམས། །རྒྱབ་


CMR032_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཚུལ་དུ་རྗེས་རྗེས་བྱོན། །གཡས་ནས་སེང་ཆེན་གཡུ་རལ་བསིག །གཡོན་ནས་སྟག་མོ་འཛུམ་དྲུག་རྒྱས། །མདུན་གྱི་སྒར་སྣར་གླང་པོ་ཆེ། །སྨོན་པའི་བརྟུལ་ཞུགས་ལྡན་པ་ཡི། །སྣ་ལ་མཚོན་ཆའི་འཁོར་ལོ་བསྐོར། །སྒར་གྱི་སྣ་ནས་མིག་མཐོང་སོར། །རྡོ་རྗེ་ལེགས་པ་སེང་གེ་ཆིབས། །སྟེང་དུ་ཁྲ་དང་བྱ་ནག་ལྡིང་། །སྟག་སྤྱང་འཕར་བ་རོལ་དུ་ཁྲིད། །བཙན་དམག་སྟོང་གི་འཁོར་ཚོགས་བཅས། །ཀུན་ཀྱང་དར་མདུང་དམར་པོ་ཕྱར། །བསྲོ་སྒྲ་ཆ་སྒྲ་སྒྲོག་ཅིང་སོང་། །ལམ་དགྲའི་བར་ཆད་སེལ་བ་དང་། །མཐུན་རྐྱེན་དགོས་འདོད་བསྒྲུབ་པར་བསམ། །རང་ཉིད་སྤྱན་རས་གཟིགས་དབང་གི །སྤྱན་གྱིས་གཟིགས་པའི་སྲོག་ཆགས་ཀུན། །སྡིག་སྒྲིབ་མ་ལུས་བྱང་བར་བསྒོམ། །དེ་ནས་སྒར་ནི་བརྒྱབ་པའི་ཚེ། །ས་གཞི་སྣ་ཚོགས་རྡོ་རྗེ་ནི། །སྲ་ཞིང་བརྟན་པའི་ལྟེ་བ་ལ། །པདྨའི་སྡོང་པོ་ཆེན་པོ་སྐྱེས། །འདབ་མས་ས་ཕྱོགས་དེ་ཀུན་ཀླུ་ཁྱབ་། །དེ་སྟེང་པདྨ་ཟླ་བའི་སྟེང་། །རང་ཉིད་ཐུགས་རྗེ་ཆེན་པོ་ཡིས། །རྡོ་རྗེ་སྐྱིལ་ཀྲུང་བཅས་མ་ཐག །ས་ཡང་རྣམ་པ་དྲུག་ཏུ་གཡོས། །འཇའ་གུར་མེ་ཏོག་ཆར་པ་འབབ། །


CMR032_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་དེའི་མི་དང་ལྷ་འདྲེ་ཀུན། །འདུས་ནས་ཕྱག་འཚལ་བསྐོར་བ་བྱེད། །གཏོང་ལེན་དམིགས་པ་ཐུན་གཅིག་བསྒོམ། །བདག་གི་འོད་ཟེར་ཕོག་པ་ལས། །ཐམས་ཅད་སྤྱན་རས་གཟིགས་སུ་གྱུར། །ཡིག་དྲུག་དིར་དིར་འདོན་པར་བསྒོམ། །ཕྱག་དབང་ཞུ་མི་བྱུང་བའི་ཚེ། །སོར་མོ་རྒྱལ་བ་རིགས་ལྔ་ལས། །ཡེ་ཤེས་ལྔ་ཡི་རང་བཞིན་གྱི། །འོད་ཟེར་ཁ་དོག་ལྔ་འཕྲོས་པས། །དུག་ལྔའི་སྒྲིབ་པ་དག་པར་བསྒོམ། །བཟའ་བཏུང་རུང་བའི་འབུལ་བ་ཀུན། །ཨོཾ་ཨཱཧཱུྃ་གིས་བྱིན་བརླབས་པས། །ཡེ་ཤེས་བདུད་རྩིའི་རྒྱ་ཟླུམཚོར་དམིགས། །མགྲོན་རིགས་བཞི་པོ་ཐམས་ཅད་ནི། །སྤྱན་རས་གཟིགས་དང་ཛམ་ལྷ་དཀར། །ལོ་མ་གྱོན་མའི་སྐུར་གྱུར་ནས། །བདུད་རྩི་གསོལ་བས་མཉེས་པར་བསྒོམ་། །སོ་སོའི་སྔགས་ལ་ཁཱ་ཧི་བཏགས། །དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག། ལན་ཆགས་བུ་ལོན་བྱང་གྱུར་ཅིག །རྣམ་བཞིའི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་མཆོད་སྦྱིན་འདི་བསྔོས་པས། །བདག་དང་སེམས་ཅན་ཐམས་ཅད་ཀུན། །ལོངས་སྤྱོད་


CMR032_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞིང་ཚོགས་རྫོགས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཅེས་བརྗོད་དམིགས་མེད་ངང་ལ་བཞག །དེ་བཞིན་འབྲུ་དང་རིན་ཆེན་སོགས། །སྐམ་ཆས་མཎྜལ་དམིགས་ལ་འབུལ། །རྟ་ཕྱུགས་གོ་མཚོན་ལ་སོགས་པ། །གཏོར་བསྔོས་ཞོར་གྱི་བསྐང་ཐུང་ཞོར། །བསྐང་བའི་རྫས་སུ་དམིགས་ཏེ་འབུལ། །བར་ཆད་སེལ་ཞིང་ལོངས་སྤྱོད་འདུ། །དཀོར་སྒྲིབ་ཆུང་བའི་གདམས་ངག་ཡིན། །དེ་བཞིན་ཤི་ཤོག་གསོན་ཤོག་ཀྱང་། །བསྔོ་བའི་སྐབས་སུ་དམིགས་པས་བཞུ། །རྗེས་ནས་རྒྱས་པར་ཆོ་གས་བཞུ། །ཤི་གསོན་འབྲེལ་པ་ཐོགས་ཚད་ཅེས། །རྒྱུན་དུའང་བསྔོ་སྨོན་མ་བརྗེད་བྱ། །ལྷ་དང་བླ་མས་བཀའ་རྒྱ་ཡིས། །རབ་ཏུ་བསྡམས་པའི་དབང་ལུང་དང་། །དྲག་སྔགས་རིགས་དང་ངན་སྔགས་རིགས། །རྐུན་ནོར་བཞིན་དུ་སྦ་བར་བྱ། །འདོད་ཅིང་དྲི་བ་བྱུང་བ་ན། །མི་ཤེས་མ་ཐོབ་དཔེ་ཆ་མེད། །ཟེར་བའི་ལན་དེ་ཁོ་ན་གདབ། །འདི་ཕྱིར་སྒྱུ་ཕན་པའི་དབང་ལུང་དང་། །ཁྲིད་དང་གདམས་ངག་ཟབ་མོའི་རིགས། །སྦྲ་སྲི་མེད་པ་སྟོན་མོར་འགྱེད། །སྣོད་དང་ལྡན་ནམ་མི་ལྡན་པ། །བརྟག་དགོས་མི་དགོས་རྟོགས་པས་


CMR032_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས། །འཁོར་འདས་དབྱེར་མེད་དོན་རྟོགས་ན། །སྣོད་མིན་དབང་བསྐུར་ཆོས་བཤད་ཀྱང་། །དེ་ལ་ཉེས་པ་མེད་པར་གསུངས། །རྟོགས་པ་དེ་ཙམ་མེད་ན་ནི། །སྣོད་མ་ཡིན་དང་དམ་ཉམས་ལ། །དབང་དང་གདམས་པ་ཟབ་སྤེལ་ན། །གསང་བ་ཐུགས་ཀྱི་དམ་ཚིག་ཉམས། །ཚེ་འདིར་མཁའ་འགྲོའི་བཀའ་ཆད་ཀྱིས། །སྨྱོ་འབོག་ལ་སོགས་མི་ལྷོ་དགེ་འབྱུང་། །ཕྱི་མ་དམྱལ་བར་ལྟུང་བར་བཤད། །དེ་ཕྱིར་སྡིག་ཆེན་དམ་ཉམས་སོགས། །ཕྱག་རྟེན་བཟང་བའི་ངོ་བྱས་ནས། །ཤིན་ཏུ་ཟབ་གཉན་དབང་བཞི་དང་། །གསང་སྔགས་ཟབ་གནད་བསྟན་མི་བྱ། །ཀུན་ལ་ཕན་ཞིང་སྤེལ་རུང་བ། །སྐྱབས་སྡོམ་བསྙེན་གནས་སྡོམ་པ་དང་། །སྨྱུང་གནས་ངག་བཅད་སྡོམ་པ་དང་། །ཟབ་མོ་ལྟ་བའི་བརྒྱུད་པའི་ལུགས། །བྱང་ཆུབ་སེམས་བསྐྱེད་སྡོམ་པ་དང་། །སྨན་བླ་ཀུན་རིག་མི་འཁྲུགས་པ། །ཚེ་དཔག་ལྷ་དགུ་འབྱུང་འདུལ་དང་། །ཞི་ཁྲོ་ཐུགས་རྗེ་ཆེན་པོ་སོགས། །བཀའ་རྒྱ་ཡངས་ཤིང་འགྲོ་དོན་ལ། །གཞུང་ནས་བསྔགས་པའི་དབང་རྣམས་བསྐུར། །ཅུང་ཞིག་བཀའ་རྒྱ་དོག་པ་རྣམས། །སུ་ཡིན་མི་བཙུད་ཉུང་དབང་བྱ། །དབང་བསྐུར་


CMR032_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་ཐོག་མར་ནི། །ཁྲོམ་རྣམས་འདུ་བའི་རྟེན་འབྲེལ་དུ། །འགྲོ་བ་དགེ་ལ་བསྐུལ་བའི་ལྷ། །བསྐུལ་བྱེད་མ་ཡི་དབང་བསྐུར་བྱ། །ཁྲོམ་ཚོགས་ཆོས་ཁྲིར་་འདུག་མ་ཐག་།བདུད་ཀྱི་དཔུང་རྣམས་འཇོམས་པའི་གཟུངས། །ཐར་རྒྱན་ནང་ནས་འབྱུང་བ་ལྟར། །སྐད་གསང་མཐོན་པོས་ཚར་གཅིག་བརྗོད། །ཁྲོམ་ལ་རིམས་ནད་མི་འབྱུང་ཕྱིར། །དེ་ནས་ལོ་མ་གྱོན་མ་བསྐུར། །ཉིན་བཞིན་སྔགས་ཐུང་འུར་འདོན་བཅུག །ཁྲོམ་པར་ནད་ཡམས་མི་འབྱུང་བའི། །གདམས་ངག་མཆོག་ཏུ་གྱུར་པ་ཡིན། །དེ་ནས་སྒྲུབ་ཆེན་ཚུགས་ན་རབ། །ཁྲོམ་པ་འཚོགས་དང་འཚོགས་རྒྱུ་ཀུན། །རྒྱལ་ཐོ་སྲུང་འཁོར་ནང་ཚུད་དམིགས། །ཡིག་བདུན་བོ་དྷི་ཙིཏྟ་སོགས། །ཁྲོམ་གྱིས་འུར་འདོན་ཐུན་རེས་བྱས། །དེ་ཡིས་ཐུན་པའི་གོ་ཆོད་ཡིན། །གཞུང་བསྲང་ཚར་རེ་བྱེད་དུ་བཅུག །རང་གི་དམིགས་པས་གསལ་ཡང་བཏབ། །ཕྱག་ལེན་མཐོང་བ་བརྒྱུད་པས་ཤེས། །གལ་ཀླུ་ཏེ་སྒྲུབ་ཆེན་མ་ཚུགས་ན། །ཁྲོམ་དབང་ཞོར་ལ་སྤྱི་ཆོས་བཤད། །ཁྲིད་ཞུ་རྣམས་ལ་ཉུང་ཆོས་བཤད། །གྲོལ་ཁ་ཚེ་དབང་བསྐུར་བ་དང་། །བསྔོ་བ་བཀྲ་ཤིས་རྒྱས་པར་བྱ། །


CMR032_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་རྣམས་ཀྱི་བར་སྐབས་སུ། །འདོད་ཆོས་དབང་ལུང་གདམས་ངག་སྤེལ། །ཚོང་དཔོན་ལྟ་བུའི་འགྲོ་དོན་ཡིན། །དཔེར་ན་ཚོང་དཔོན་ཆེན་པོ་ཡིས། །མཁོ་དགུའི་ལོངས་སྤྱོད་སྣ་ཚོགས་ཁྱེར། །གང་ལ་གང་དགོས་ཡོ་བྱད་ཚང་། །རང་ལ་ཅི་འདོད་ལོངས་སྤྱོད་འབྱུང་། །དེ་བཞིན་དབང་ལུང་ཕུན་ཚོགས་པས། །གང་ལ་གང་དགོས་དབང་ལུང་སྤེལ། །རང་ལ་ཆོས་དང་ལོངས་སྤྱོད་ཀྱི། །དངོས་གྲུབ་སྣ་ཚོགས་འབྱུང་བ་ནི། །ཚོང་དཔོན་ལྟ་བུའི་འགྲོ་དོན་ཞེས། །དགོངས་འདུས་གཞུང་ལས་གསུངས་པ་ཡིན། །ཚོང་དཔོན་ལྟ་བུའི་འགྲོ་དོན་གྱི། །གླུ་ཡི་སརྒ་གསུམ་པའོ།། ༈ །།གསོན་དང་བརྩོན་འགྲུས་རྒྱ་མཚོ་བ། །མཉན་པ་ལྟ་བུའི་འགྲོ་དོན་ནི། །ས་འགག་ཆུ་བོ་ཆེན་པོའི་འགྲམ། །གནས་བཅས་གྲུ་དང་སྐྱ་བ་འཚགས། །འགྲིམ་འགྲུལ་ཕར་ཀ་འགྲོ་འདོད་ཀུན། །གྲུ་ཡིས་སྒྲོལ་ནས་གཏོང་བ་ལྟར། །རྒས་སམ་ལུས་པོ་མི་སྲ་འམ། །སྒར་བཅས་གྲྭ་སློབ་ཁལ་རྟ་མེད། །གྲུ་དང་སྐྱ་བ་འདྲ་བ་ཡི། །དབང་ལུང་གདམས་ངག་ཟབ་དགུ་ཡོད། །དགོན་པ་འམ་ནི་རི་ཁྲོད་ཀྱི། །གནས་མལ་ཞིག་ཏུ་རྟག་ཏུ་འདུག །འཁོར་བ་སྡུག་བསྔལ་རྒྱ་


CMR032_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ལས། །ཐར་འདོད་དད་གུས་བརྩོན་འགྲུས་ཅན། །དབང་ཞུ་ཆོས་ཞུ་སུ་བྱུང་ལ། །སོ་སོའི་འདོད་པ་བསྐང་སྟེ་གཏོང་། །མཉན་པ་ལྟ་བུའི་འགྲོ་དོན་ནི། །ཨོ་རྒྱན་ཆེན་པོས་གསུངས་པ་ཡིན། །རྒྱལ་པོ་ལྟ་བུའི་འགྲོ་དོན་ནི། །འབྲི་སྟག་ས་ཀར་ལ་སོགས་ཀྱི། །ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་ཏེ། །རང་རེ་རྣམས་ཀྱིས་ག་ལ་འོང་་། །འོན་ཀྱང་དེ་ཡི་ཆ་མཐུན་ཙམ། །རང་ལ་ཆོས་དང་འཇིག་རྟེན་གྱི། །ཁ་ཐབས་ཅི་ཙམ་ཡོད་པའི་ཚོད། །རང་ལ་རེ་ཞིང་ལྟོས་པ་ཡི། །སྐྱ་སེར་སྐྱེས་པ་བུད་མེད་སོགས། །ཚེ་འདིར་ནད་གདོན་ཞི་ཐབས་དང་། །ཕྱི་མ་ངན་སོང་སྤོང་བའི་ཐབས། །རང་གིས་ཇི་ལྟར་ནུས་པ་ལྟར། །གཡོ་སྒྱུ་མེད་པར་བྱས་པས་འཐུས། །རང་གི་འབྱོར་པ་དང་དཔག་ནས། །བླ་མ་དགོན་པ་ལ་སོགས་ལ། །དཀོར་ཕུད་འབུལ་བ་མང་ཇ་དང་། །ཀློག་འདོན་སཱཙྪ་ཆུ་གཏོར་དང་། །ལོ་དུས་བསྐང་གསོ་མདོས་སོགས་བཅའ། །ཀླུ་དབུལ་ཕོངས་རྣམས་ལ་ཅི་འབྱོར་སྦྱིན། །ཁྱད་པར་ཆོ་འཕྲུལ་ཡར་ངོ་ལ། །བྱ་བྱེའུ་རྣམས་ལ་ཡོས་སྦྱིན་བཏང་། །ཆུ་སྟོད་ཟླ་བའི་ཚེས་བཞི་ལ། །རྒྱ་གྲོག་ཕུང་པོ་མང་པོ་


CMR032_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གསོ། །སངས་རྒྱས་སྟོང་སྐུ་ལ་སོགས་དང་། །ཡི་དམ་ཆོས་སྐྱོང་སྐུ་རྣམས་བཞེངས། །རང་གི་ཡི་དམ་ཆོས་སྐྱོང་གི །རྒྱུད་གཞུང་གཞུང་པོད་ཅི་ནུས་བཞེངས། །གྲྭ་པ་རབ་འབྲིང་ཐ་མ་རྣམས། །ཀ་ཚར་ཡན་ནས་དབང་བསྐུར་མན། །།བློ་ཚོད་དཔག་པའི་ཡོན་ཏན་བསླབ། །།ཇ་མར་ཤ་ཐུད་གང་བྱུང་རྣམས། །བུམ་སྒྲུབ་ལ་སོགས་བསྙེན་སྒྲུབ་འབད། །ཞག་བདུན་ལ་སོགས་སྔགས་རྒྱུན་བྱ། །ཆུ་འཁོར་རླུང་འཁོར་ཇོ་དར་དང་། །དུང་འཁོར་ལ་སོགས་དགེ་བའི་ཚོགས། །ཀུན་ལ་འབྲེལ་བ་འཇོག་པ་ཡིན། །རྒྱལ་པོ་ལྟ་བུའི་འགྲོ་དོན་འདི། །གུ་རུའི་ཐུགས་སྒྲུབ་གཞུང་ནས་གསུངས། །དེ་རྣམས་རླབས་ཆེན་འགྲོ་དོན་ཏེ། །སརྦ་དེ་ནི་བཞི་པའོ།། ༈ །།གསོན་དང་བརྩོན་འགྲུས་རྒྱ་མཚོ་བ། །རླབས་ཆེན་འགྲོ་དོན་མ་བྱུང་ཡང་། །བསྐྱེད་རྫོགས་ཉམས་ལེན་ཡོད་པའི་མིས། །གྲོང་ཆོག་བྱས་ཀྱང་འགྲོ་དོན་དང་། །རྟོགས་པའི་བོགས་འདོན་གཉིས་ཀ་འོང་། །རྒྱུད་སྡེ་རྣམས་ནས་གསུངས་པ་ཡི། །སྤྱོད་པའི་རྣམ་གྲངས་མང་པོ་ཡང་། །ཞོར་ལ་ཤུགས་ཀྱིས་འགྲུབ་པ་ཡིན། །བོགས་འདོན་གཅོད་ཀྱི་ཁྲིད་ཅེས་པ། །རི་གཉན་མཚོ་གཉན་


CMR032_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི། །གཉན་ཐོག་ཞོར་ལ་གཅོད་པས་ཆོག །སྙིགས་དུས་རྒྱུན་དུ་ཆར་ཆུ་དཀོན། །ལྗང་བུ་སྐམ་ཞིང་མི་རྣམས་སྐྲག །བླ་མ་ཀུན་ཀྱང་ཆར་འབོད་འཚེར། །ནམ་མཁའ་བེང་ལྟར་དྭངས། །ཐན་པ་དུས་མཐའི་མེ་བཞིན་འབར། །མི་ཀུན་སྡུག་ཅིང་གནམ་ལ་བལྟ། །གནས་ཆེན་པ་ཀུན་ཁོག་རྒོད་འཆོར། །དབུལ་པོ་རྣམས་ནི་སྙིང་རྩ་འདར། །སྤྲང་པོ་རྣམས་ཀྱང་ཡི་མུག་སྐྱེ། །འཆི་ནད་མུ་གེ་ཡིན་ནོ་བསམ། །འབུ་སྲིན་རྣམས་ཀྱིས་ཚ་དམྱལ་མྱོང་། །བསམ་ཡོད་ཀུན་གྱིས་སྨེ་སྔགས་འདོན། །དེ་དུས་གདམས་ངག་ཟབ་པ་ཡི། །གཞན་དང་མི་འདྲ་ཁྱད་ཆོས་གཅིག །རྟགས་ཐོན་བསམ་པ་དྲན་མི་རུང་། །འགྲོ་བ་འདི་དག་སྙིང་རྗེ་བས། །འབུ་སྲིན་རྣམས་ལ་སྐྱབས་ཀྱི་སྦྱིན། །འགྲོ་བ་སྤྱི་ལ་བྱམས་པའི་སྦྱིན། །དབུལ་ཕོངས་རྣམས་ལ་ཟང་ཟིང་སྦྱིན། །ཀླུ་དང་ལྷ་འདྲེར་ཆོས་ཀྱི་སྦྱིན། །ཆར་པ་ལེགས་པོ་གཅིག་ཁུག་ན། །སྦྱིན་པ་རྣམ་བཞི་དུས་གཅིག་ཚང་། །ཀླུ་ཡི་དུག་ལྔ་ལྷ་འདྲེའི་ཟེར། །རང་ཉིད་ཤི་ཡང་ཆོས་ཕྱིར་ཡིན། །ནམ་ཡང་ལུས་འདི་སྐྱུར་དགོས་ན། །ཆོས་ཕྱིར་ཤི་ན་དོན་དང་ལྡན། །དེ་


CMR032_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བློ་ཐག་བཅད་ལ་འགྲོ། །ཡི་དྭགས་ལྷ་འདྲེ་ཕྲན་བུ་དང་། །ཆུ་མིག་ཙག་རྩིག་ནུས་པ་མེད། །ནུས་མེད་ལྷ་འདྲེ་བརྡུང་ན་བྲོས། །ཆུ་མིག་ཕལ་ཆེར་ཐན་པས་སྐམ། །རི་གཉན་ཆུ་མིག་མང་བའམ། །མཚོ་གཉན་ཀླུ་བདུད་གནས་སར་འགྲོ། །སྔགས་ལུགས་ཆར་འབོད་བྱེད་ན་ཡང་། །ཐུན་མཚམས་གཅོད་དམིགས་ལུས་སྦྱིན་གཏོང་། །སྤྲིན་ཚོགས་ཡོད་པ་འཇའ་བཞིན་ཡལ། །ཉི་མ་སྔར་ལས་ཚ་བ་འདྲ། །དངོས་ཉམས་རྨི་ལམ་ཆོ་འཕྲུལ་ཆེ། །འོང་དྲན་བསམ་པའི་འགྱོད་པ་འཆོར། །དེ་ཚེ་དེ་ཡི་ངོ་བོར་བལྟ། །བོགས་འདོན་མགོ་བོ་དེ་ནས་བཙུགས། །ཤིང་གཉན་བཅད་དང་བྲག་གཉན་བཤིག །མཚོ་དཀྲུག་ཆུ་མིག་རྨོག་ལ་སོགས། །རླབ་གཏོང་ལ་སོགས་རྩིང་སྤྱོད་དང་། །དམིགས་པས་དྲག་ཏུ་གཟིར་བའི་ཚེ། །སྤྲིན་ནག་གཡག་ཁྱུ་འགྲོགས་པ་འདྲ། །ས་འབྲུག་ལྡིར་ཞིང་ས་གཞི་ཁོལ། །རྐང་པ་འཕོང་རྣམས་སྦྱིད་ཆིལ་ཆིལ། །འབྲུག་སྒྲས་ཀླད་པ་འགེམས་པ་འདྲ། །གློག་ཞགས་སིལ་སྒྲ་རྭ་གཞོབ་འཚུབས། །སྐག་ཅིང་སྙིང་འདར་བ་སྤུ་གཟིངས། །འབྲོས་ས་མེད་དེ་གནམ་གྱི་ཞབས། །སྟེང་ནས་ཐོག་མདའ་འོང་ལ་ཁད། །འོག་


CMR032_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཁྱུག་ཀྱང་འོང་ལ་ཉེ། །ཆར་པ་མི་ཁུག་ཕ་རོལ་ནས། །ཡུལ་ཁམས་སེར་བས་འཇོམས་ལ་ཁད། །དེ་དུས་མ་སྐྲག་མ་འབྲོས་ལ། །བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་སྐྱོང་། །དེ་དུས་ཟིན་ན་བར་དོར་ཟིན། །བར་དོ་ཆུང་ཆུང་དེ་ན་ཡོད། །བོགས་གཅིག་ཐོན་ན་དེ་དུས་ཐོན། །ཉམས་ལེན་སྟེང་དུ་འདུག་ནུས་ན། །དངོས་ཉམས་རྨི་ལམ་ཡད་ཡུད་སྐབས། །ལྷ་འདྲེས་ཕྱག་འཚལ་དངོས་གྲུབ་སྟེར། །ཐོག་དང་སེར་བ་འཇའ་ལྟར་ཡལ། །ཆར་པས་འགྲོ་བ་ཐམས་ཅད་ཚིམ། །ཚར་སློང་གཉིས་ཀ་དུས་གཅིག་རྫོགས། །མི་རྣམས་དགའ་ཞིང་ལེགས་སོ་བརྗོད། །དཀར་གསུམ་ཁྱེར་བའི་བཀུར་སྟི་མང་། །རང་ཡང་ཡིད་དགའ་ང་རྒྱལ་སྐྱེ། །བྱིན་རླབས་ནུས་པ་ང་ཆེ་སྙམ། །ཆར་འབོད་གཞན་ཚོས་མ་ཁུག་པས། །རང་གིས་ཁུག་པའི་ཟུར་ཟ་སྨྲ། །དགའ་བྲོད་བདུད་པོ་དེ་རུ་སླེབས། །དེ་དུས་དགའ་བའི་ངོ་བོ་ལྟ། །རང་གིས་ཡིན་སྙམ་ང་རྒྱལ་སྤངས། །ང་ཡི་བྱིན་རླབས་མ་ཡིན་ཏེ། །དགེ་འདུན་མང་དྲིན་ཡིན་ཞེས་བརྗོད། །བསྔོ་བ་སྨོན་ལམ་རྒྱ་ཡིས་གདབ། །གཞི་བདག་ལྷ་འདྲེ་ཐམས་ཅད་ལ། །མཁོན་


CMR032_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དོགས་པ་མི་བཟུང་བར། །ཡོན་བདག་འདྲིས་ཆེན་ལྟ་བུར་བསམ། །གལ་ཏེ་འགྲོ་བའི་བསོད་ནམས་སམ། །བསྐལ་པའི་ཁུག་ཟུར་ལོ་ཉེས་འདོད། །གནས་དེའི་ས་བདག་ཀླུ་གཉན་ལ། །ནད་ཀྱིས་ཟིན་ནམ་ཆར་པ་མེད། །རང་གིས་ཆར་པ་མ་ཁུག་ཅིང་། །ཆར་གཡོག་གྲྭ་ཁལ་ལ་སོགས་ལ། །ནད་ཀྱིས་ཐེབ་བམ་གོད་ཚོགས་འབྱུང་། །དངོས་ཉམས་རྨི་ལམ་ལྟས་ངན་མང་། །ཡིད་ཕམ་སྐྲག་འཇིགས་སྐྱེས་པ་དང་། །ངོ་ཚ་སྙམ་པའི་ངོ་གནོང་ཆེ། །ལྷ་ལ་ཕམ་ལྟུང་བྱུང་བ་འདྲ། །སེམས་སྡུག་ངོ་ཚའི་ངོ་བོར་ལྟ་།ལྷ་དང་གདམས་ངག་ལོག་ལྟ་སྤང་། །སི་ཏུ་ཆོས་ཀྱི་རྒྱལ་མཚན་སོགས། །སྐྱེས་ཆེན་དམ་པ་མང་པོས་ཀྱང་། །ས་ཚིག་ཆེན་པོ་བྱུང་བའི་དུས། །ཆར་མ་ཁུག་པའི་ལོ་ཡོ་རྒྱུས་བསམ། །གནས་གཅིག་ཡུན་རིང་མི་སྡོད་པར། །རི་གཉན་མཚོ་གཉན་ཆུ་མིག་སོགས། །མང་པོ་འགྲིམ་ཞིང་ལུས་སྦྱིན་དང་། །བྱམས་དང་སྙིང་རྗེ་སྟོང་ཉིད་བསྒོམ། །སྔགས་ལུགས་ཆར་འབོད་གང་བདེ་རྣམས། །སྐབས་སུ་གང་བབས་བྱ་བ་དང་། །དོན་ལ་བབས་རུང་མ་བབས་རུང་། །བོགས་འདོན་གཉན་ཁྲོད་འགྲིམ་པ་ཡིན། །ཆར་པ་


CMR032_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བབས་ལ་དགའ་བ་དང་། །མ་བབས་སྡུག་པའི་རོ་སྙོམས་བྱ། །གཉན་ཐོག་རི་འགྲིམ་དེ་གས་འཐུས། །རི་འགྲིམ་སརྒ་ལྔ་པའོ།། ༈ །།ཡང་གཅིག་གསོན་དང་བརྩོན་འགྲུས་པ། །བོགས་འདོན་ནཱ་རོ་གསང་སྤྱོད་ལུགས། །དུར་ཁྲོད་གྲོང་མཐའ་ལ་སོགས་པ། །མཚན་མོ་འགྲོ་བ་སྐུར་འདེབས་རྒྱུ། །དེ་འདྲ་བྱུང་བ་མཐོང་ཐོས་མང་། །དུར་ཁྲོད་ཞོར་ལ་གཅོད་པས་ཆོག །བཙན་ཐབས་ཤི་དང་གྲི་ཁར་ཤི །གཉའ་བ་བཅིངས་སོགས་གཞོན་ཤིའི་རོ། །ཟ་འདྲེ་རྒོད་པས་འཇིགས་སྐྲག་ཆེ། །མི་གཞོན་རྣམས་ཀྱང་སྐྱིད་རྩ་འདར། །བུད་མེད་རྣམས་དང་བྱིས་པ་ཚོ། །མུན་འགོ་རུབ་ནས་ཆབ་གསིལ་དཀའ། །གྲོང་ཆོག་བླ་མ་དེ་འདྲར་ཕྱིན། །སྦྲ་དང་ཁྱིམ་ནི་ཤིན་ཏུ་དོག །རོ་དང་བླ་མ་མཉམ་དུ་བསྒྲིག །ཉེ་དྲག་ཤི་ཤིག་རྣམས་ཀྱང་འགོས། །མཛེ་ནད་བྱུང་ལྟར་སོར་མོ་འཛད། །དབྱར་ཁ་ཡིན་ན་རུལ་དྲི་འཚུབ། །རླུང་ཁ་གྱུ་དུས་སྐྱུགས་ལ་ཁད།། རོ་ལ་གྲིབ་གཞི་བསྣན་པའམ། །སྦྱོང་མ་འགྲིམ་པའི་སྨན་ནད་ཀྱིས། །རོ་འཕགས་སྐྱངས་ཏེ་གཡག་རོ་ཙམ། །ཁ་ནས་གྲེ་སོགས་བཅའ་འདྲ་བའི། །སྒྲ་སྐད་དང་བཅས་ཁྲག་


CMR032_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་འབབ། །ནུབ་མོ་ཉལ་ཁའི་དུས་ཙམ་ནས། །མི་ཀུན་ཐབས་ཀྱིས་ཕྱིར་ལ་བྱེར། །རོ་དང་བླ་མ་མཉམ་དུ་ལུས། །མར་མེ་ལ་ཡང་གྲིབ་ཕོག་ནས། །ཚག་ཚག་ཟེར་ཞིང་ཇེ་ཇེ་ནག །བསྐལ་པ་ཡར་དར་མ་གཏོགས་པ། །རོ་ལངས་དངོས་ནི་མི་འབྱུང་ཡང་། །མིག་གིས་ལྟ་དང་བཤུད་པ་བྱེད། །གཞོགས་བརྗེ་ཚིག་ངན་བརྗོད་པ་སོགས། །དུས་ཕྱིས་དེ་འདྲ་མཐོང་ཐོས་མང་། །རོ་ཡིས་དེ་ལྟར་མ་བྱས་ཀྱང་། །སྐག་དྲག་རྣམ་རྟོག་དགྲར་ལངས་པས། །ལྟ་སྣང་འགུལ་ཡོལ་བྱེད་སྣང་དང་། །སྦྱོང་མ་འགྲིམ་པའི་སྨན་གྱི་མཐུས། །ཁ་ནས་ཧ་རྩི་བྱེད་འདྲ་འབྱུང་། །འབྲོས་ན་ངོ་ཚ་བྲོས་ཐབས་མེད། །བསྡད་ན་གཉིད་མེད་ནམ་མི་ཆོད། །ས་སྟོང་དུར་རྙིང་མང་པོ་བས། །འཇིགས་པའི་དུར་ཁྲོད་དེ་ན་ཡོད། །དེ་དུས་སྐྲག་སྣང་བཙོག་སྣང་སྒྱུར། །བདག་གི་ལུས་ཀྱང་འདི་དང་འདྲ། །སྙམ་དུ་མི་རྟག་འཆི་བ་བསྒོམ། །འདི་ལ་སྐྲག་དང་བཙོག་པ་དང་། །རང་གི་ལུས་ལའང་སྐྲག་ཅིང་བཙོག །མི་རོ་རང་རོ་གཅིག་ཏུ་བསྲེ། །ཚེ་འདས་དེ་ཡི་རྣམ་ཤེས་ཀྱང་། །རང་གི་སེམས་དང་དབྱེར་མེད་བསྲེས། །ཉམས་ལེན་ཕྱག་རྒྱ་ཆེན་པོ་ལ། །ས་ལེ་སེང་ངེ་


CMR032_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་བཞག །ད་རུང་སྐག་སྣང་བཙོག་སྣང་སྐྱེ། །དེ་ཡི་ངོ་བོར་གཏེར་གྱིས་བལྟས། །ཕྱག་རྒྱ་ཆེན་པོ་ཝལ་གྱིས་འཆར། །འཇིགས་སྐྲག་བཙོག་སྣང་་འཇའ་ལྟར་ཡལ། །བག་ཕེབས་གྲོ་ལྷུབ་གཉིད་དུ་འགྲོ། །གསང་སྤྱོད་དུར་འགྲིམ་དེ་ཀས་འཐུས། །གསང་སྤྱོད་དུར་གཅོད་བོགས་འདོན་གྱི། །གླུ་ཡི་སརྒ་དྲུག་པའོ།། །།ཡང་གཅིག་གསོན་དང་བརྩོན་འགྲུས་པ། །རྟོགས་པའི་བོགས་འདོན་བྱེད་པའི་ཚེ། །སྟན་ཐོག་ལོ་གཅིག་བསྒོམ་པ་ལས། །ལྷ་འདྲེ་དྲག་པོ་གནས་པ་ཡི། །གཉན་སར་ཞག་གཅིག་བོགས་ཆེ་གསུངས། །གཉན་ས་ཆེད་དུ་ཚོལ་མི་དགོས། །བསོད་ནམས་ཆུང་ངམ་ཕོག་ཐུག་ཤོར། །བན་བོན་ནུས་ཅན་འགྲས་པའམ། །རི་དྭགས་བསད་དམ་ཤིང་གཉན་གཅད། །དེ་འདྲའི་ཕོག་ཐུག་ཤོར་བའམ། །ཚེ་སྔོན་བསོད་ནམས་མ་བསག་པའི། །རྒྱལ་འགོང་དམ་སྲི་གཟའི་ཀླུ་སོགས། །སྡེ་བརྒྱད་དྲེགས་པ་དགྲ་རུ་ལངས། །ཤི་སྒྱུ་འཕྲོ་མི་ཆད་ཤི་ཆད་མང་། །ན་འཕྲོ་མི་ཆད་ནད་པ་མང་། །ལྟས་ངན་ཆོ་འཕྲུལ་རྒྱུན་མི་ཆད། །བསོད་ཆུང་འགྲིམ་པ་ཕྱིན་ན་ཡང་། །དེ་ལ་ནད་ཀག་རྐྱེན་ཁ་ལངས། །ཁྱིམ་


CMR032_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དེར་འདྲེ་ཡི་ཚང་བཅས་ནས། །འགྲིམ་པ་ཕྱིན་ཀྱང་གཉིད་མི་ཟིན། །ནད་བུ་ཅན་ཕྱིན་དབང་པོ་འཆོར། །ཆང་བཟི་ཕྱིན་ན་སྨྱོ་རྒོད་འབྱུང་། །དེ་འདྲའི་གདོན་ཅན་ཁྱིམ་དེ་རུ། །གྲོང་ཆོག་བླ་མ་གདན་འདྲེན་འབྱུང་། །མདོས་ཟློག་བསྐང་གསོལ་གཅོད་ཚོགས་སོགས། །བར་ཆད་རྐྱེན་སེལ་བླ་མར་རེ། །གདོན་བྱིང་ཆེ་ཞིང་ཚ་ངད་ལྡན། །གཟི་བརྗིད་ཆོ་འཕྲུལ་འཇིགས་སྐྲག་སྐྱེ། །བ་སྤུ་གྱེན་ལང་ཚ་འུབ་བེ། །དགྱེ་དགྱེ་མི་ཕོད་རྒུ་སྙིང་འདོད། །ལྟག་པའི་བདུད་སྒོའི་ཕྱོགས་ནས་སྐྱག །སྡིག་ཅན་མི་ངན་འདི་ཚང་ན། །མི་འོང་ཀ་མེད་ནན་གྱིས་བོས། །མི་ངན་གར་འདུག་དུ་བའི་ལམ། །ང་ཡང་བསོད་ཆུང་འདི་ན་ཕྱིན། །ཕན་ཐོགས་མ་བྱུང་ངོ་ཡང་ཚ། །དྲག་ལས་དམིགས་པས་གཟིར་དྲག་ན། །རང་གི་སྲོག་ལ་ཡ་ང་ཟ། །གཉན་ས་ཆུང་ཆུང་དེ་ན་ཡོད། །དེ་དུས་འགྱོད་པ་མི་སྐྱེད་ལ། །རྟོགས་པའི་བོགས་འདོན་དྲན་པར་བྱ། །གདོན་དང་ཡོན་བདག་གཉིས་ཀ་ལ། །བྱམས་དང་སྙིང་རྗེས་གཏོང་ལེན་བསྒོམ། །འཇིགས་སྐྲག་རྣམ་རྟོག་གང་སྐྱེས་ཀྱང་། །ངོ་བོ་བལྟས་ལ་མཉམ་པར་བཞག་།འདྲེར་འཛིན་རྣམ་རྟོག་དེ་ཆོད་ན། །


CMR032_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བོགས་འདོན་མཆོག་ཏུ་དེ་འགྱུར་རོ། །གདོན་ཞི་ནད་ཕན་ལྷ་ངོ་འབྱུང་། །དེ་ཚེ་གདོན་དེས་ཡོན་བདག་གི །སེམས་བསྒུལ་རང་ལ་ལེ་ལན་གྱི། །ལེགས་སོ་བཀུར་སྟི་མི་བྱེད་པར། །ཅུང་ཟད་མི་དགའི་ཚུལ་ཞིག་སྟོན། །ཁྱོད་ཀྱི་བཀའ་དྲིན་མ་ཡིན་ཏེ། །ག་ཤད་གཞན་ནས་སུ་ཞིག་གིས། །ཅི་ཞིག་བྱས་པས་ཕན་སྐད་སྨྲ། །དེ་ཚེ་སེམས་ལ་ཞེ་སྡང་སྐྱེས། །འདྲེ་ཡི་ཁ་ནས་དངོས་སུ་བླངས། །ཡོན་དང་འབུལ་བ་མི་གཟབ་སྟེང་། །ཁ་བཟང་ཙམ་ཡང་མི་བྱེད་པར། །ད་ཕྱིན་ཁོ་ལ་དགོས་བྱུང་ན། །ཕན་ཐོགས་བྱེད་རེའི་རྟོག་པ་འཆང་། །བྱང་ཆུབ་སེམས་བསྐྱེད་དེ་རུ་ཤོར། །དེ་ཚེ་སློངས་སུ་ངོས་བཟུང་སྟེ། །ཀྱེ་མ་ཁོ་ལ་རང་དབང་མེད། །དམ་སྲི་རྒྱལ་འགོང་སེམས་ངན་པས། །ཡོན་བདག་སེམས་རྒྱུད་བསྐུལ་ནས་ཀྱང་། །བདག་ལ་ཞེ་ལན་ལེན་པ་ཡིན། །གདོན་དང་ཡོན་བདག་གཉིས་ཀ་ནི། །ཚེ་རབས་མང་པོའི་ཕ་མ་ཡིན། །བཟང་ལན་འདོད་པའི་ཕན་བཏགས་ནི། །ཐ་མལ་སྐྱེ་བོའི་བྱ་བ་ཡིན། །ལན་དང་རེ་བ་མི་འདོད་པའི། །ཕན་གདགས་བྱང་ཆུབ་སེམས་དཔའི་སྲོལ། །གདོན་དང་ཡོན་བདག་ཐོགས་


CMR032_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པའི། །ཁམས་གསུམ་སེམས་ཅན་མ་ལུས་པ། །སངས་རྒྱས་ས་ལ་སྐྱེལ་བར་ཤོག །བསམ་པར་བྱས་ལ་གཏོང་ལེན་བསྒོམ། །དེ་ཡིས་གདོན་འདིའི་བསམ་ངན་ཞི། །ཡོན་བདག་དེ་ཡང་ཇེ་གུས་འགྱུར། །གཉན་ཐོག་ཞོར་ལ་གཅོད་པ་ཡི། །གླུ་ཡི་སརྒ་བདུན་པའོ།། ༈ །།གསོན་དང་ཀརྨ་བརྩོན་འགྲུས་པ། །ནཱ་རོ་པཎ་ཆེན་ཐུགས་ཀྱི་བཅུད། །སྤྱོད་པ་རོ་སྙོམས་སྐོར་དྲུག་སྟེ། །རྟོགས་པས་རོ་ནི་སྙོམས་ནུས་ན། །རོ་སྙོམས་ཞོར་ལ་འོང་ཞིང་གདའ། །དམའ་ན་མི་དགའ་མཐོ་ན་དགའ། །འཇིག་རྟེན་ཆོས་བརྒྱད་རྣམ་གཉིས་ཏེ། །གདན་དང་ཁྲི་ལ་མི་དུམ་རྩོད། །རྒྱལ་བ་རིགས་ལྔར་ཁྲི་རྐང་ལྔ། །དུག་ལྔ་རྣམ་པར་དག་རྟགས་ལགས། །རྒྱ་གར་རྡོ་རྗེ་གདན་དྲུང་དུ། །རྒྱལ་བུ་དོན་གྲུབ་སངས་རྒྱས་ཚེ། །སངས་རྒྱས་སྟོང་དང་རྩ་གཉིས་ཀྱི། །གདན་ཁྲི་ས་ལ་རང་བྱུང་སྐྱེས། །འཁོར་འཇིག་གསེར་ཐུབ་འོད་སྲུང་གི །ཁྲི་ལ་ཕྱག་དང་བསྐོར་བ་མཛད། །ཤཱཀ་ཐུབ་ཁྲི་ལ་བཞུགས་མ་ཐག །ཁྲི་གཞན་ནུབ་སྟེ་མི་སྣང་གྱུར། །བསྐལ་པ་གྲངས་མེད་གསུམ་གྱི་བར། །ཚོགས་བསགས་སྒྲིབ་སྦྱངས་མཛད་པ་ཡི། །བསོད་ནམས་ལས་


CMR032_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་གདན་ཁྲི་ལགས། །ཤཱཀ་ཐུབ་མྱ་ངན་འདས་རྗེས་སུ། །དགྲ་བཅོམ་ལྔ་བརྒྱའི་སྣམ་སྦྱར་བརྩེགས། །དེ་སྟེང་ཉན་ཐོས་འོད་སྲུང་དང་། །ཉེ་བར་འཁོར་དང་ཀུན་དགའ་བོ། །རིམ་བཞིན་བཞུགས་ནས་སྡེ་སྣོད་གསུམ། །ཐུགས་ནས་ཚར་རེ་གསུངས་ཚར་ནས། །ཁྲི་ལ་མ་བཞུགས་ས་ལ་བབས། །མི་བརྗེད་གཟུངས་ཐོབ་གདན་ཁྲི་ལགས་། །དེ་ཚོ་ཕྱག་འཚལ་མཆོད་པའི་ཞིང་། །དེ་མིན་ལུང་དང་ལས་ཀ་དང་། །གདན་སའི་ཐོབ་དང་ཁྲི་ལ་སོགས། །འཇིག་རྟེན་ཆོས་བརྒྱད་ཕྱོགས་དང་མཐུན། །ཅི་ཕྱིར་ལས་ཀ་ཁྲི་ལ་སོགས། །ཕུགས་ནི་རྒྱ་ནག་རྒྱལ་པོ་ཡིན། །འཛམ་གླིང་ཕྱེད་ལ་དབང་བསྒྱུར་ནས། །ལྕགས་ཀྱི་འཁོར་ལོས་བསྒྱུར་རྒྱལ་ནི། །རྒྱ་ནག་རྒྱལ་པོ་ཡིན་པར་འདོད། །ཁོང་གིས་བླ་མར་བསྐོས་པ་ན། །ཀུན་གྱིས་བླ་མར་བཀུར་དགོས་པའི། །རྟགས་ལ་ཐིལ་དམར་གདན་དམར་དང་། །ཁྲི་དང་རྒྱ་གླིང་རྒྱ་དར་སོགས། །རྒྱ་འཇང་སྒྱུ་རྒྱལ་པོའི་ལག་རྟགས་ཡིན། །འཇིག་རྟེན་ངོས་ནས་ཁུར་དགོས་ཀྱི། །ཆོས་ནས་བརྩིས་ན་ལྷག་རྒྱུ་མེད། །མར་མི་དྭགས་པོ་དུས་མཁྱེན་དང་། །སྐྱོབ་པ་ཐང་པ་སོགས་ལའང་། །


CMR032_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་སངས་རྒྱས་ཡིད་མོད་ཀྱི། །ལས་ཀ་ཐེའུ་དམར་གདན་ཁྲི་མེད། །འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡི། །ལས་ཀའི་འཐོབ་ཆ་གདན་ཡིག་ལ། །ཀརྨ་པཀྴིར་ཀར་རྩག་དང་། །ཀོམ་སྟན་ཞིག་ལས་མེད་དོ་སྐད། །འོན་ཀྱང་རྫུ་འཕྲུལ་མངོན་ཤེས་རྣམས། །ཀརྨ་པཀྴི་མ་དོ་བས། །རྒྱ་ནག་རྒྱལ་པོའི་ཞལ་ནས་ཀྱང་། །བླ་མ་བླ་མ་སྟེ། བླ་མཚན་རྒྱ་འབིར་བ་དེ། གསུངས་པའི་ཁ་དཔེ་ཀུན་ལ་འཇག །འགྲོ་མགོན་ཕག་མོ་གྲུ་པ་ཡི། །སློབ་མ་དབུ་ལ་གདུགས་བསྐོར་བ། །ལྔ་སྟོང་བརྒྱད་བརྒྱ་འཚོགས་པ་ལའང་། །དབང་ལུང་གདམས་ངག་གནང་བའི་ཚེ། །ཀོམ་སྟན་གཅིག་ལས་གདན་མེད་སྐད། །དེ་ཕྱིར་རང་ལ་ཉམས་རྟོགས་དང་། །ཡོན་ཏན་ལེགས་པོ་ཡོད་པ་ན། །གདན་ཁྲི་དམའ་ཡང་སྐྱོན་མེད་དོ། །མཚུར་ཕུ་འཇམ་དབྱངས་ཆེན་པོ་དེ། །གདུང་རུས་ཆེ་ཞིང་ཡོན་ཏན་མཁས། །དེ་ཕྱིར་རྒྱ་ནག་རྒྱལ་པོ་ཡིས། །གསེར་ཁྲི་རྒྱབ་ཡོལ་བཅས་པ་བསྐུར། །མཁས་ཤིང་ང་རྒྱལ་ཆེན་པོ་ཡིས། །ཞྭ་དམར་པ་ལ་ཟུར་ཟ་ཆེ། །མཚུར་ཕུའི་དགེ་འདུན་སྟོང་ཕྲག་གི །ཁང་ཚན་མགོ་ཡང་མ་ནོན་པས། །གཟའ་བསྒྲུབས་


CMR032_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་མནན་མཚུར་ཕུ་ཉམས། །ཁོང་རང་ཆོས་ཀྱི་བརྒྱུད་པ་ཆད། །བཀྲ་ཤིས་དཔལ་འབྱོར་ཞེས་བྱ་བ། །ཞྭ་དམར་བཞི་པའི་ཆིབས་ཁ་ཁྲིད། །དཀོར་ལ་འཛེམ་ནས་ཕོག་མ་གསོལ། །ཇ་ལོ་གསོལ་བས་སྔོན་པོར་སོང་། །མིང་ཡང་གཉན་ལ་སྔོ་འཁྱོག་ཟེར། །གདན་ཁྲི་མེད་པའི་བྱ་བྲལ་དེ། །མི་བསྐྱོད་རྡོ་རྗེའི་རིགས་བདག་གྱུར་། །ཀཾ་ཚང་བསྟན་པ་གནས་ཀྱི་བར། །ཁོང་གི་བརྒྱུད་པ་མ་ཆད་དོ། །དེ་དག་རྣམས་ལ་དཔྱད་པ་ན། །གདན་ཁྲི་རྩོད་པ་འཁྲུལ་པ་རང་། །གྲལ་གྱི་མཐོ་དམན་དེ་དང་འདྲ། །རས་ཆུང་རྡོ་རྗེ་གྲགས་པ་ཡང་། །ཞལ་སྐྱེམས་མང་ཇ་ཨེ་རག་གིས། །བཀའ་གདམས་པ་ཡི་གྲལ་མཇུག་བསྡད། །ན་བཟའ་ངུར་སྨྲིག་མེད་པ་དེས། །ར་དཀར་ལུག་གི་གྲལ་མི་ཚུད། །ཟེར་ནས་ཕྱག་ནས་བཟུང་སྟེ་ཕུད། །འབྱོན་ལོང་མ་བྱུང་སྒོ་འདན་པས། །ཞབས་ཡ་སྒོ་ཡི་བར་དུ་བཅིར། །ཟུག་གཟེར་ཆེ་བས་མགུར་དབྱངས་འཐེན། །ཉྩ། ཆོས་རྗེ་བྱ་ཡུལ་པ་ཡིས་གསན། །དད་པའི་དབང་གིས་སྤྱན་ཆབ་ཤོར། །ལྐོག་ཏུ་རྩ་བའི་བླ་མར་བསྟེན། །དེས་ན་དོན་ལ་ཁྲི་དང་ནི། །གྲལ་གྱི་མཐོ་དམན་ཁྱད་པར་མེད། །


CMR032_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་དུས་རྒྱལ་བ་ཡབ་སྲས་རྣམས། །ཇོ་བོ་མཇལ་དུ་བརྫུས་ཏེ་ཕེབས། །དྲུང་འཁོར་རྣམས་ཀྱི་གྲལ་མཇུག་ཏུ། །ཡབ་སྲས་བཞུགས་ཀྱང་སུས་མ་ཤེས། །བུད་མེད་ཌཱཀིའི་རིགས་ཅན་གྱིས། །ཤེས་ནས་སྔོན་དུ་ཇ་དྲངས་སྐད། །ཡབ་སྲས་མཇུག་ཏུ་བཞུགས་པ་དེས། །ཆུང་དུ་སོང་སྐད་མི་འདུག་གོ །འདུལ་བའི་ལུགས་ལ་བསླབ་གྲལ་ཏེ། །སྡོམ་པ་ཞུས་རིམ་སྔ་རིམ་མཐོ། །འོན་ཀྱང་ངེས་པ་མེད་པ་སྟེ། །བསླབ་པ་རྒན་དང་ཡེ་ཤེས་རྒན། །བསླབ་པ་ཞུ་ནི་གང་སྔ་སྟེ། །རྟོགས་པ་ཡོན་ཏན་མེད་པ་ན། །ལོ་བརྒྱ་ལོན་ཡང་བྱིས་པ་ཉིད། །ཡོན་ཏན་ཆེའམ་རྟོགས་པ་མཐོ། །དེ་ནི་ཡེ་ཤེས་རྒན་པ་སྟེ། །སྡོམ་པ་ཞུ་ནི་ཕྱི་ན་ཡང་། །དེ་ཉིད་གོང་དུ་བཞག་པར་གསུངས། །འོན་ཀྱང་གྲལ་རིམ་མ་བསྒྲིགས་པར། །མགྱོགས་གྲལ་བྱས་པས་དགེ་འདུན་སྡེ། །ཚོགས་པ་ཆེ་བའི་རྟེན་འབྲེལ་ཡོད། །དེ་ཕྱིར་ངམ་རིང་ལ་སོགས་པའི། །དགོན་ཆེན་ཕལ་ཆེར་མགྱོགས་གྲལ་ཡིན་། །གཙང་གི་ས་སྐྱའི་དགོན་ཆེན་ན། །གྲལ་ལ་རྩོད་པ་ཆེ་བའི་ཕྱིར། །མཁས་པ་གཙང་ནག་རས་པ་དེ། །གྲལ་གྱི་མཇུག་ལས་མ་ཚུད་པས། །གཙང་ནག་རས་པས་


CMR032_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ནངས་སྔ་དུས། །ནམ་ལངས་མ་ལངས་ཚོགས་འཚོགས་སྐབས། །བོང་བུ་ཞིག་ལ་ཤམ་ཐབས་དང་། །ཆོས་གོས་རྣམ་པ་གསུམ་བཀལ་ནས། །གྲལ་གྱི་སྟོད་ལ་ཁྲིད་དོ་སྐད། །ནམ་ལངས་ཅི་ཡིན་སྨྲས་པ་ན། །འདི་ནི་སྐད་བཟང་ན་བཟའ་བཟང་། །གྲལ་མགོ་འདི་ལ་འཇོག་འོས་གསུངས། །འཇམ་དབྱངས་སྤྲུལ་པ་གཙང་ནག་པའི། །གསུངས་དེ་གོ་རྒྱུ་ཆེན་པོ་གདའ། །གོ་རྒྱུ་དེ་ཉིད་ཅི་ཡིན་ན། །ཡོན་ཏན་ལྡན་ནམ་རྟོགས་པ་མཐོ། །གྲལ་མཇུག་བསྡད་ཀྱང་གྲལ་མགོ་ཡིན། །ལུང་དང་རྟོགས་པའི་ཡོན་ཏན་མེད། །ཚུལ་ཁྲིམས་རྣམ་པར་མ་དག་ན། །གྲལ་མགོར་བསྡད་ཀྱང་གྲལ་མཇུག་ཏུ། །སངས་རྒྱས་བྱང་སེམས་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་གཞི་བདག་སོགས་། །མངོན་ཤེས་ལྡན་པ་ཀུན་གྱིས་མཐོང་། །ལུང་རྟོགས་ཡོན་ཏན་ལྡན་པ་དང་། །ཚུལ་ཁྲིམས་རྣམ་པར་དག་པ་ཡི། །གོང་དུ་འདུག་པ་ཉེས་པ་ཆེ། །མཁས་པའི་གོང་ལྕི་ཅེས་གསུངས་སོ། །ཕྱག་ཀྱང་དེ་དང་འདྲ་བ་སྟེ། །ལུང་རྟོགས་ཡོན་ཏན་ལྡན་པའི་ཕྱག །རང་ལས་ཐེག་པ་མཐོ་གྱུར་ན། །རིང་གི་བསོད་ནམས་ཟད་འགྱུར་ཞིང་། །སྲུང་


CMR032_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོབ་འཇིག་རྟེན་ལྷ་ཀུན་འབྲོས། །ལྷ་དབྱེ་འབྱུང་སྟེ་མཐུ་བས་ཐུ། །ཁྲི་དང་གྲལ་གྱི་མཐོ་དམན་གྱི། །གླུ་ཡི་སརྒ་བརྒྱད་པའོ།། ༈ །།གསོན་དང་བརྩོན་འགྲུས་རྒྱ་མཚོ་བ། །འདྲ་འདྲའི་བླ་མ་མང་འཚོགས་ཚེ། །འཇིག་རྟེན་ཆོས་བརྒྱད་མཐོ་དམན་གཉིས། །རོ་སྙོམས་ཉམས་ལེན་དེ་ན་ཡོད། །མཐོ་བར་འདོད་པའི་བླ་མ་ཀུན། །གུས་ཞབས་བཅས་ཏེ་ཡར་ལ་བཞག །རང་ཉིད་དམའ་བའི་སྡུག་སྣང་གིས། །རྣམ་རྟོག་དེ་ལ་ཧྲིག་གེར་ལྟ། །གཞི་མེད་ཉམས་ལེན་ཀློང་དུ་བསྐྱུར། །མཐོ་འདོད་ཁོང་རྣམས་དགའ་བ་དང་། །དགེ་འདུན་བཀུར་བའི་བསོད་ནམས་འཐོབ། །དེ་ཚེ་དོན་ལ་ང་བཟང་སྟེ། །རྒྱལ་ཁ་ཁོང་ལ་འབུལ་ལོ་བསམ། །ཞེ་ནས་བརྙས་པའི་རྣམ་རྟོག་འབྱུང་། །དེ་ཕྱིར་རོ་སྙོམས་ལམ་མི་འགྲོ། །ཁོང་རྣམས་ལུང་དང་རྟོགས་པ་ཡི། །ཡོན་ཏན་དངོས་སུ་མི་སྣང་བ། །ང་རང་བསམ་པ་མ་དག་ཅིང་། །མངོན་ཤེས་སྤྱན་དང་མི་ལྡན་པས། །གང་ཟག་ཚོད་འཛིན་ག་ལ་ནུས། །ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡིས། །ཁྲ་འབྲུག་མཆོད་རྟེན་རྩ་བ་རུ། །དགེ་སློང་ཆོས་གོས་རུལ་བ་ཅན། །ཤིག་མང་ཤིག་རྣམས་སྤར་བས་


CMR032_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ། །མེ་ཡི་ནང་དུ་འདེབས་པ་གཟིགས། །ཁྱེད་ཉིད་དགེ་སློང་ཆོས་གོས་ཅན། །ཤིག་རྣམས་སྲེག་པ་མི་ལེགས་གསུངས། །དགེ་སློང་སྡིགས་མཛུབ་རྩེ་མོ་རུ། །ཁྲ་འབྲུག་མཆོད་རྟེན་བཞག་ནས་བསྐོར། །རྒྱལ་པོ་ཞལ་སྐྱེངས་ལ་ཐོད་ཕུད། །འོད་དཔག་མེད་ཀྱི་དབུ་བསྟན་པས། །དགེ་སློང་གྲི་གུ་བཏོན་ནས་ཀྱང་། །དགེ་སློང་ཉིད་ཀྱི་བྲང་གཤགས་ནས། །དགྱེས་རྡོར་སྤྲུལ་པའི་ལྷ་དགུ་བསྟན། །རྒྱལ་པོས་རྟག་ཏུ་བླ་མཆོད་བྱས། །དེ་བཞིན་བླ་མ་འདི་རྣམས་ལ། །ཕལ་ཆེར་སོ་སྐྱེ་ཡིན་ངེས་མེད། །བྱང་ཆུབ་སེམས་དཔའ་རྐུན་མ་གཉིས། །གར་ཡོད་མི་ཤེས་ཟེར་བའི་དཔེ། །ཕལ་ཆེར་བྱང་ཆུབ་སེམས་དཔའ་ཉིད། །སྔོན་དུས་བསྐལ་པ་བཟང་བའི་དུས། །དགྲ་བཅོམ་ནམ་མཁར་འཕུར་བ་བས། །དེང་སང་ཆོས་གོས་གྱོན་ཙམ་ཡང་། །ཕན་ཡོན་ཆེ་བར་གསུངས་པ་དང་། །སྔོན་དུས་གྲུབ་རྟགས་ཐོགས་མེད་ལས། །དེང་སང་སེམས་ངོ་སྐྱོང་ཤེས་ཙམ། །ཕན་ཡོན་ཆེ་བར་གསུངས་པ་རྣམས། །ཡིད་ལ་བསམ་ཞིང་དག་སྣང་སྦྱངས། །བདག་ཉིད་ཀུན་ལས་དམན་པར་བལྟ། །དེ་དོན་གླང་རི་ཐང་པ་ཡིས། །གང་དུ་སུ་


CMR032_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་ལྟ་ཞིང་། །གཞན་ལ་བསམ་པ་ཐག་པ་ནས། །མཆོག་ཏུ་གུས་པར་འཛིན་པར་ཤོག །གསུངས་པའི་ཉམས་ལེན་དེ་ལགས་སོ། །མཐོ་དང་དམའ་བའི་རྣམ་རྟོག་གཉིས། །རོ་སྙོམས་ལམ་དུ་ཁྱེར་བ་ཡི། །གླུ་ཡི་སརྒ་དགུ་པའོ།། ༈ །།ཡང་གཅིག་གསོན་དང་བརྩོན་འགྲུས་པ། །རྟོགས་པར་ལྡན་པའི་རྟོགས་ལྡན་གྱིས། །སྒེ་བ་ཀ་བླ་རྐང་དུང་ཁྱེར། །འགྲང་ལྟོགས་དྲོ་འཁྱགས་རོ་སྙོམས་ཕྱིར། །རྒྱལ་ཁམས་ཕྱོགས་མེད་བསྐོར་བ་ནི། །ན་མེད་རླུང་ཁྱེར་ཆོས་པར་བརྩི། །འདུལ་ཁྲིམས་ཞུས་པའི་བཙུན་པ་ཡང་། །དབུས་གཙང་དྭགས་ཀོང་འཁྱམས་པ་ན། །བཏུང་བ་ཆང་ལས་གཞན་མ་མཆིས། །ཆང་ཚུག་མང་བས་ཆང་གིས་བཟི། །སྡེ་དགོན་གྲོང་ནག་སྲང་མདོར་ཉལ། །སྡེ་ཡི་ཆོས་ལད་དམིགས་ལྟོས་ངན། །ཆོས་རྣམས་ཀུན་གྱི་རྩ་བ་སྟེ། །བོད་ཀྱི་སྡོམ་གཅིག་འཆོར་ཉན་གདའ། །དེ་འདྲ་བྱུང་བ་མཐོང་ཐོས་མང་། །ཉམས་ལེན་རྟོགས་པ་ཡོད་པ་ན། །རྙེད་ན་དགའ་དང་མ་རྙེད་སྡུག །འཇིག་རྟེན་ཆོས་བརྒྱད་རྣམ་གཉིས་ཡིན། །མཚམས་དང་སྒྲུབ་པའི་མཐུན་རྐྱེན་རྒྱགས། །


CMR032_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་སྟོན་ལྡོམ་བུ་བྱེད་པའི་ཚེ། །རྙེད་དང་མ་རྙེད་རོ་སྙོམས་ན། །སྤྱོད་པ་མཆོག་ཏུ་གྱུར་པ་ཡིན། །མིང་ཡང་རོ་སྙོམས་ལྡོམ་བུ་ཟེར། །ཆེད་དུ་ཁྱི་འགྲམ་གཅོག་མི་དགོས། །འདྲིས་ཆེ་ལྷ་དྲིན་ཡོད་པ་ཡི། །ཡོན་བདག་ཞིག་ལ་གཏད་ནས་འགྲོ། །གདུལ་བྱ་ལོངས་སྤྱོད་འོང་སྙམ་ཙ། །བུ་ཆུང་ཐལ་མདོག་སྒོ་ནས་བྱུང་། །དེ་རིང་ཨ་ཕ་ག་ཤེད་སོང་། །ཨ་མས་ཇ་མེད་ཅི་བྱེད་ཟེར། །གྲོང་པ་རྣམས་ཀྱང་མུ་གེ་ཆེ། །གཙང་ལངས་དགོས་སམ་མ་དགོས་ཙམ། །གྲྭ་པ་རྣམས་ཀྱང་ངོ་འཛུམ་ནག་།ཡོན་ཀླུ་བདག་དེ་ལ་གནད་ཚིག་བརྗོད། །བླ་མ་གུང་ཚིགས་མ་ཐེབས་ནས། །དཔོན་སློབ་ཐམས་ཅད་ལྟོགས་ཡུས་ལུགས། །དཔོན་སློབ་ཀུན་གྱི་ངོ་དང་སེམས། །ཆ་ལུགས་མཐུན་པར་ནག་ཐུག་གེ །དེ་དུས་བོགས་འདོན་དུས་གཅིག་ཡིན། །མ་རྙེད་སྙམ་པའི་ཡི་མུག་དེ། །འཇིག་རྟེན་ཆོས་བརྒྱད་སྣ་གཅིག་ཡིན། །དེ་ཡི་ངོ་བོ་ཧྲིག་གེར་བལྟ། །ལྟ་བའི་ངང་ལ་ཕྱམ་མེར་བཞག །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །དཀོར་གྱི་ཉེས་པ་གསུངས་པའི་ཚེ། །དགེ་སློང་མང་པོས་སྡོམ་པ་ཕུལ། །དེ་ལ་སྟོན་པས་ཡི་རངས་མཛད། །དེ་


CMR032_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གདུལ་བྱ་མ་རྙེད་པར། །དཀོར་སྒྲིབ་ཆུང་བའི་དགའ་བ་བསྒོམ། །ཡོན་བདག་དེ་དང་རུ་བ་དེར། །མི་དགའི་བསམ་པ་རྩད་ནས་སྤང་། །བྱམས་དང་སྙིང་རྗེས་གཏོང་ལེན་བསྒོམ། །དེ་ནས་ཡང་ཅིག་བྱོན་པ་དང་། །རྒྱུས་མེད་ངོ་ཤེས་མེད་པ་ཡི། །གྲོང་ངམ་རུ་པར་འགྲོ་བསམ་པས། །གྲྭ་པ་དམུས་ནས་མི་འགྲོ་ཟེར། །མི་ལ་རས་པའི་གསུངས་བཞིན་དུ། །ཆེ་བའི་སྦྲ་ལ་མ་རྔམ་པར། །ཆུང་བའི་སྦྲའུ་མི་སྐྱུར་དཔེ། །ལམ་ཞོར་རེད་པས་འགྲོ་གསུངས་འབྱོན། །རྒྱུས་མེད་མི་ཚང་བྲེལ་ཚུབ་བེ། །གདན་བཏིང་དུ་བ་ནག་ཕྱུར་རེ། །བྱིན་རླབས་ཞུ་དང་བཀའ་བསྒོ་ཞུ། །དབང་བསྐུར་ཞུ་དང་ཞལ་ཕུ་ཞུ། །བྱང་བུ་ཞུ་དང་བསྔོ་བ་ཞུ། །རུ་བའི་ལྡོམ་བུ་ཆི་ལེར་འདུས། །བཟའ་བཏུང་འཚོ་བས་མདུན་རྣམས་བཀང་། །རྒྱུས་མེད་འདྲིས་མེད་འོས་མེད་པར། །འདི་ཚང་བཀུར་སྟེ་འདི་ཙམ་གཟབ། །ཅི་ཡིན་བསམ་ཞིང་དཔོན་སློབ་ཀུན། །ཐུགས་དགོངས་དགྱེས་ཤིང་ཞལ་རས་འཛུམ། །ཇ་སྙིགས་ཕོས་པ་ཐམས་ཅད་ཀྱང་། །མིག་ལ་བྱུགས་དང་རྐེ་ལ་བྱུགས། །དད་པ་ཆེ་འོས་མེད་པར་ཆེ། །དེ་ཚེ་རྙེད་པ་རྙེད་པ་ཡི། །དགའ་ཚོར་སེམས་དཔང་


CMR032_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་བ་དེ། །འཇིག་རྟེན་ཆོས་བརྒྱད་སྣ་གཅིག་ལགས། །དགའ་བའི་བསམ་པ་གཞི་མེད་དུ། །ལྟ་བའི་ཀློང་དུ་ཡལ་བཅུག་སྟེ། །རྙེད་དང་མ་རྙེད་བསམ་པ་གཉིས། །ཁྱད་མེད་ངེས་པར་རོ་སྙོམས་ན། །རོ་སྙོམས་ཆུང་ཆུང་དེ་ན་ཡོད། །བོགས་གཅིག་ཐོན་ན་དེ་དུས་ཐོན། །རྙེད་དང་མ་རྙེད་རོ་སྙོམས་ཀྱི། །གླུ་ཡི་སརྒ་བཅུ་པའོ།། ༈ །།གསོན་དང་བརྩོན་འགྲུས་རྒྱ་མཚོ་བ། །དཀར་ལྡོམ་ཐག་རིང་བགྲོད་པའི་ཚེ། །ལ་མཐུར་ཆེ་བས་བླ་རྐང་ལོག །ཚུགས་ཐག་རིང་བས་ལྟོ་བ་བཀྲེས། །ཆར་དྲག་སེར་བས་ནག་ནུ་རེ། །ཇག་རྐུན་ཁྱི་སྨྱོན་སྤྱང་ཀིར་སྐྱག །མི་རྙེད་སྡུག་དང་མི་ཁྱག་སྡུག །མགོ་ཐོན་དཀའ་བའི་སྡུག་དང་གསུམ། །སྡུག་བསྔལ་འཇིག་རྟེན་ཁྱིམ་ཐབས་སྤངས། །ང་ལ་སྡུག་བསྔལ་འོང་དོན་མེད། །ངེད་རང་དཔོན་སློབ་འདི་རྣམས་ཀྱིས། །ཁ་རྒྱབ་ཙམ་ཞིག་མ་གཏོགས་པ། །མི་སོས་རྒྱུ་ཡང་གཞན་མེད་པར། །འདི་འདྲའི་སྡུག་བསྔལ་ཅི་ཡིན་ཨང་། །ཚེ་སྤང་དུས་འཁྱམས་ངོ་ཡང་ཚ། །ཡོན་བདག་རྣམས་ཀྱང་ཨེ་མི་སུན། །ཆོས་སྒོར་ཞུགས་པ་བཟང་ལགས་ཏེ། །མི་ཚེར་སྤྲང་དགོས་སྡུག་པོར་གདའ། །སྤྲང་


CMR032_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་པའི་ལོངས་སྤྱོད་ཅིག །ཡོད་ན་ཅི་མ་རུང་སྙམ་ནས། །ཕྱུག་པོའི་མི་ལ་ཡིད་སྨོན་འཆོར། །དབུལ་པོས་བཙལ་བས་མི་རྙེད་སྡུག །ཕྱུག་པོས་འཚོ་སྐྱོང་མི་ཐུབ་སྡུག །དེ་གཉིས་མི་རྣམས་ཀུན་ལ་ཡོད། །ཆོས་སྒོར་ཞུགས་པས་ལན་པ་མིན། །མི་ལུས་བླངས་པས་ལན་པ་ཡིན། །རྣམ་རྟོག་དེ་ཡི་ངོ་བོར་བལྟ། །དཀའ་ལས་ཆེ་བའི་སྡུག་བསྔལ་དང་། །ངོ་བོ་བསྲེས་པས་བོགས་གཅིག་འབྱུང་། །རྟོགས་ལྡན་རྒྱལ་ཁམས་བསྐོར་བ་རྣམས། །དཀའ་ལས་དེ་ཉིད་ཚོལ་ཕྱིར་བྱོན། །དཀའ་ལས་ཚོལ་དུ་མ་སོང་ཡང་། །ཤུགས་ཀྱིས་འབྱུང་ལ་བསྲེ་ཐུབ་བྱ། །ཆགས་ཞེན་མེད་པའི་ལྡོམ་བུ་ནི། །ཐུབ་པས་གནང་བའི་ཕ་འབབ་ལགས། །དེ་ལ་དཀོར་སྒྲིབ་ཡོད་པ་མིན། །ཡང་གཅིག་བྱོན་པའི་ལམ་ཀ་ནས། །འབྱོར་ལྡན་རུ་ཆེན་མང་པོའི་གསེབ། །ཤ་ཐུད་མར་སོགས་ཁུར་ཞིང་སྤྱང་། །རི་དང་ས་ཕྱོགས་ཐམས་ཅད་ཀུན། །རྟ་ལུག་ནོར་གྱིས་ཁྲ་ལྟེམ་མེ། །ཉི་མ་དྲོ་ཞིང་འཇའ་སྤྲིན་འཁྲིགས། །སྤང་ལྗོངས་གཡུ་ཡི་ཁ་དོག་ལ། །མེ་ཏོག་སྣ་ཚོགས་ཚལ་ཆེན་རྒྱས། །བུང་བ་ཁུ་བྱུག་གསུང་སྙན་སྒྲོག །འབབ་ཆུ་ཏུང་ཏུང་སྙན་པའི་སྒྲ། །སེམས་


CMR032_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དགའ་སྤྲོ་སྣང་བ་སྐྱིད། །སྤང་ལྗོངས་དེ་རུ་འདུག་སྙིང་སྤྲོ། །གསོལ་འདེབས་མགུར་དབྱངས་བྱེད་སྙིང་འདོད། །དེ་ཚེ་མེ་ཏོག་ཐམས་ཅད་ནི། །ཡིད་ཀྱིས་ཡི་དམ་ལྷ་ལ་འབུལ། །དེ་མིན་མེ་ཏོག་སྔོན་པོ་ལ། །འགོང་ན་གསང་བདག་དམ་ཚིག་ཉམས། །མེ་ཏོག་ཚལ་གྱི་དཀྱིལ་དེ་རུ། །གདིང་བ་གཏིང་ཞིང་ལུས་གནད་བསྲང་། །སྣང་བ་དགའ་དང་ཡལ་ལེ་བའི། །རྣམ་རྟོག་དེ་ལ་ཧྲིག་གེར་བལྟ། །དགའ་དང་ཡི་མུག་བསམ་པ་གཉིས། །ལྟ་བའི་ངང་དུ་རོ་སྙོམས་ན། །རོ་སྙོམས་ཆུང་ཆུང་དེ་ན་ཡོད། །བོགས་འདོན་ཆུང་ཆུང་དེ་ཡིས་འོང་། །དེ་བཞིན་ལུས་བདེ་སེམས་སྡུག་མེད། །ཉི་མ་དྲོ་ཞིང་བཟའ་བཏུང་འཛོམས། །ཆོས་ཀྱི་གནད་འགག་ང་རང་ཤེས། །སུ་ལ་ཞུ་དགོས་འདྲི་དགོས་མེད། །ཤི་ཡང་ངན་སོང་འགྲོ་དོགས་མེད། །མི་ཚེ་ཆོས་ལ་བསྐྱལ་བ་ཡིན། །བསམ་པས་ཡིད་དགའ་བློ་བདེ་དང་། །ན་ཚ་སྡུག་བསྔལ་དུ་མས་མནར། །ང་ལ་འདི་འདྲ་ཅི་ལ་འོང་། །བློ་ཕུགས་དཀོན་མཆོག་གསུམ་ལ་གཏད། །སྐུ་རིམ་རྐྱེན་ཟློག་གསོལ་མཆོད་གཟབ། །བདུད་དང་དམ་སྲིའི་བར་ཆད་དམ། །ཕ་རོལ་གཏད་མནན་ངན་


CMR032_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སམ། །སྔོན་གྱི་ལས་ངན་སྨིན་པའམ། །སྣང་སྲིད་ལྷ་འདྲེའི་གཡོས་ཆེན་འདི། །ཅིས་དྲག་ཅིས་ཕན་བློ་སྣ་མང་། །དེ་ལྟར་སྐྱིད་སྡུག་བསམ་པ་གཉིས། །ལྟ་བའི་ངང་དུ་རོ་མཉམ་ན། །པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས། །སྐྱིད་སྡུག་ལམ་ཁྱེར་གདམས་པ་ཡིན། །སྐྱིད་སྡུག་ལམ་དུ་ཁྱེར་བ་ཡི། །གླུ་ཡི་སརྒ་བཅུ་གཅིག་གོ། ༈ །།ཡང་གཅིག་གསོན་དང་བརྩོན་འགྲུས་པ། །སྙན་གྲགས་དགའ་དང་མི་སྙན་སྡུག །འཇིག་རྟེན་ཆོས་བརྒྱད་སྣ་གཉིས་ཡིན། །རང་ལ་ལུང་དང་རྟོགས་པ་ཡི། །བསྟོད་འོས་ཡོན་ཏན་མི་ཆེ་ཡང་། །ཡོན་བདག་ལ་སོགས་བླུན་དད་ཅན། །མང་པོས་དུས་གསུམ་སངས་རྒྱས་ཟེར། །ལ་ལས་གྲུབ་ཐོབ་ཡིན་ནོ་ཟེར། །རང་ཉིད་ནམ་འཆི་མི་ཤེས་ཀྱང་། །གཞན་གྱིས་་མངོན་ཤེས་ཡོད་ཟེར་བསྟོད། །གོས་དུམ་སྐྲ་སེན་ཆབ་བསིལ་ཡང་། །དད་ཅན་མང་པོས་འཁྱེར་དང་བཏུང་། །སྡེ་དཔོན་ཤོག་དཔོན་ཡུལ་དཔོན་དང་། །སྐུ་སྐྱེ་དགེ་བཤེས་དཔོན་རིགས་སོགས། །འཐོབ་ཐང་ཆེ་ཞིང་ང་རྒྱལ་ཅན། །མང་པོས་ཕྱག་འཚོལ་དབང་ཆོས་ཞུ། །རྒྱུས་མེད་ཕྱོགས་ཕྱོགས་སྡེ་རྣམས་ཀྱང་། །གཞན་ཟེར་ཅལ་སྒྲོག་རྗེས་རྒྱུག་


CMR032_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

གི །དེ་བ་བཟང་པོ་རེད་ཅེས་གླེང་། །དེ་ཚེ་རང་མཐོང་ང་རྒྱལ་སྐྱེ། །ཀུན་གྱིས་བཀུར་སྟི་ཆེ་བ་དེས། །རང་ཡང་བཟང་པོ་ཡིན་སྙམ་བྱེད། །སྙན་གྲགས་ལྷ་ཡི་བུ་ཡི་བདུད། །ང་རྒྱལ་སྐྱེས་ན་ཐར་ལམ་བཀག །སྙན་གྲགས་བྲག་ཆ་འདྲ་བ་དེ། །གྲག་སྟོང་ལྟ་བའི་ཀློང་དུ་བསྒྱུར། །མཐོན་པོའི་ཁྲི་ལ་འདུག་པ་དང་། །མི་ཆེན་བླ་ཆེན་ཕྱག་འཚལ་ཚེ། །ཆོས་དང་དབང་གི་ཆེ་བ་ཡིན། །བདག་ནི་མཐོན་པོའི་ཁྲིར་འདུག་དང་། །གཞན་གྱིས་ཕྱག་འཚལ་ག་ལ་འོས། །དབང་ལུང་ལ་སོགས་བྱེད་པ་ཡང་། །ཆོས་ནི་མཎྜལ་ཚུལ་དུ་འབུལ། །བླ་འདོད་བླ་མ་ཡིན་སྙམ་སྤང་། །སྙན་གྲགས་ལམ་དུ་ཁྱེར་བ་ཡིན། །དེ་བཞིན་རང་ལ་ཉེས་མེད་པར། །དོན་མེད་གཤེ་སྐུར་འདེབས་པ་དང་། །རྫུན་མ་ཟོག་པོ་ཡིན་ཟེར་དང་། །སུ་ཞིག་བུ་དང་མ་དེའི་བུ། །ཟེར་ཞིང་རུས་ཀྱི་མཚང་ནས་བརྗོད། །ཕོ་མགོ་བསྐོར་ཞིང་མོ་མགོ་གཡོག །སོ་ཞོ་མིག་ཚིལ་ཡན་ཆད་ཀྱི། །སྡེ་ཡི་བཅུད་ཚོ་འདིས་བསྡུས་ཟེར། །རང་ནོར་ཕྲོག་པ་ཙམ་དུ་འབར། །དབང་ལུང་གདམས་ངག་སྤེལ་བ་ན། །ཁོ་ལ་ཕུགས་མེད་རྫུན་ཡིན་ཟེར། །གདམས་ངག་ཟིན་བྲིས་


CMR032_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་བསྟན་ན། །རང་བཟོ་རྫུན་གྱིས་མགོ་བསྐོར་ཟེར། །ནད་ཞི་གདོན་ཞི་ཕན་ཐོགས་ན། །འདྲེ་ཡི་ཟ་ཁ་ཕྱེས་སོ་ཟེར། །ལེགས་ཉེས་གང་སྨྲས་ཐོགས་བབས་ན། །ཐེའུ་རང་ལྟག་རྗེས་ཡིན་ནོ་ཟེར། །ཆོས་ར་འགྲོ་དོན་ཆེ་བ་ན། །དབང་སྡུད་ངན་སྔགས་ཡོད་དོ་ཟེར། །དེ་སོགས་མི་སྙན་སྒྲ་ཐོས་ཚེ། །ཉེས་མེད་པ་ལ་ཅི་ཕྱིར་འབར། །རྫུན་ནི་ང་ཡིས་སྨྲ་མ་མྱོང་། །གནོད་པའི་བྱ་བ་ངས་མ་བྱས། །དད་ལྡན་གདུལ་བྱ་བྱུང་བ་ལ། །ཁོང་རྣམས་སེར་སྣ་ཆེ་དོན་ཅི། །སྙམ་དུ་སེམས་རྩུབ་མི་དགའ་ཚེ། །ངོ་བོ་བལྟས་ལ་ཀློད་ཉལ་བཏང་། །བྱམས་དང་སྙིང་རྗེ་གཏོང་ལེན་བསྒོམ། །རང་གིས་ཉེས་པ་བྱས་པ་ན། །རང་གི་མ་ཕེར་སྡུག་པ་ཡིན། །རང་གིས་ཉེས་པ་མ་བྱས་པར། །འབར་ཤ་གཏམ་ངན་མང་པོ་དེ། །སྡིག་སྒྲིབ་ཕྱགས་མས་འདེབས་པ་ཡིན། །ང་ཡི་སྡིག་སྒྲིབ་སྦྱོང་རོགས་དེ། །དོན་མེད་ཁོང་ཚོས་བྱེད་པ་ལ། །མི་དགའ་ཅི་ཡོད་འོར་ཆེ་བསྒོམ། །དེ་ལྟར་སྙན་དང་མི་སྙན་གཉིས། །རྟོགས་པའི་ངང་དུ་རོ་སྙོམས་ན། །རོ་སྙོམས་ཆེན་པོ་དེ་ན་ཡོད། །བོགས་འདོན་དེ་ཡིས་ཆེན་པོ་འོང་། །སྙན་དང་མི་སྙན་འཇིག་རྟེན་ཆོས། །


CMR032_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རོ་སྙོམས་གླུ་ཡི་སརྒ་སྟེ། །ལེའུ་བཅུ་གཉིས་པ་ཡིན་ནོ།། ༈ །།གསོན་དང་ཀརྨ་བརྩོན་འགྲུས་པ། རང་འདོད་ཁོག་ཏུ་བཅུག་པ་ཡིས། །དོན་མཐུན་འགྲོ་དོན་འོང་བ་མེད། །སྙིང་ནས་རང་འདོད་མེད་པ་ཡིས། །འགྲོ་རྣམས་སངས་རྒྱས་སར་འགོད་པའི། །སེམས་བསྐྱེད་བཟང་པོའི་རྩིས་ཟིན་ན། །གསེར་འགྱུར་རྩི་ཡིས་ཟིན་པ་ཡི། །ལྕགས་རྣམས་གསེར་དུ་འགྱུར་བ་བཞིན། །ཅི་བྱས་བྱང་ཆུབ་ལམ་དུ་འགྲོ། །མི་དགེ་ཕལ་ཆེར་དགེ་བར་འགྱུར། །ལོ་ཏོག་ཤིན་ཏུ་ལེགས་པ་ན། །སོག་ཕུབ་ཞོར་ལ་འབྱུང་བ་ལྟར། །རང་དོན་མ་བསམ་ལྷུན་གྲུབ་ཡིན། །ཐུབ་པས་རྟག་ཏུ་གཞན་དོན་མཛད། །རང་དོན་མངོན་པར་སངས་རྒྱས་ཐོབ། །ཐ་མལ་སྐྱེ་བོས་རང་དོན་བསྒྲུབས། །རང་དོན་མ་གྲུབ་ངན་སོང་ལྟུང་། །འདི་ཉིད་ཁྱད་པར་ལྟོས་ཤིག་ཅེས། །རྒྱལ་སྲས་ཞི་བ་ལྷ་ཡིས་གསུངས། །འདི་འདྲའི་སེམས་བསྐྱེད་མ་ཤེས་ན། །གསང་སྔགས་བླ་མེད་ཉམས་བླངས་ཀྱང་། །བྱང་ཆུབ་ལམ་དུ་འགྲོ་བར་དཀའ། །འདི་དོན་དྭགས་པོ་ལྷ་རྗེ་ཡིས། །ཆོས་ནི་ཆོས་སུ་འགྲོ་བའི་ཐབས། །གདམས་ངག་ཟབ་པར་གསུངས་པ་ཡིན། །


CMR032_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དོན་རྩ་བ་སེམས་བསྐྱེད་ཀྱི། །གླུ་ཡི་སརྒ་བཅུ་གསུམ་པ། །གླུ་ཆུང་སརྒ་བཅུ་གསུམ་འདི། །བརྩོན་འགྲུས་རྒྱ་མཚོས་བསྐུལ་བྱས་ནས། །ཤིང་སྦྲུལ་མགོ་ཟླའི་དམར་པོའི་ཕྱོགས་། །དྲུག་བདུན་བརྒྱད་ཀྱི་དགོང་ཐུན་མཚམས། །རང་གི་མྱོང་བ་དང་བསྟུན་ནས། །རཱ་ག་ཨ་སྱས་སྨྲས་པ་དེ། །བླ་མ་བཱིརྨ་སཱ་ག་རིས། །སོར་མོ་གློག་གི་རྟ་ལ་ཞོན་། །མགོ་རྒྱལ་ཟླ་བའི་ཚ་ངར་ལ། །བཟོད་པ་ཆེན་པོའི་གོ་ཆ་བགོས། །ཕྱི་རབས་གཞན་ལ་ཕན་པའི་ཕྱིར། །མྱུར་མགྱོགས་བརྩོན་པའི་ཅང་ཤེས་བཅིབས། །དུང་མདོག་ཤོག་བུའི་ངོས་ཉིད་ལ། །བཻཌཱུར་མདོག་འདྲ་སྣག་ཚས་བྲིས། །བདག་འདྲའི་བྱ་བྲལ་ཉམ་ཆུང་འགའ། །སྤྱོད་པ་ལམ་དུ་བསླངས་ནས་ཀྱང་། །དངོས་མཚན་ཆེན་པོ་མེད་པའི་ངོས། །ས་ལམ་རིམ་པ་མང་བགྲོད་ནས། །རྫོགས་སངས་ས་ལ་འགོད་པར་ཤོག །ལེའུ་བཞི་བཅུ་པའོ་མངྒ་ལཾ།། །།


previousལེའུ་བཞི་བཅུ་པ། བསྟན་དང་འགྲོ་བའི་དོན་ཆེན་བསྒྲུབ་པའི་ཕྱིར། །འགྲོ་དོན་གདམས་པ་ཕྲིན་ལས་རྒྱ་མཚོ་ཡོད། །next