Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་ཞེ་ལྔ་པ། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པའི་ཕྱིར། །ཆོས་སྐྱོང་སྤྱི་སྒྲུབ་ཕྲིན་ལས་རླབས་ཕྲེང་ཡོད། །
   
   
   
   
   
   
   
   
   


 
previousལེའུ་ཞེ་ལྔ་པ། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པའི་ཕྱིར། །ཆོས་སྐྱོང་སྤྱི་སྒྲུབ་ཕྲིན་ལས་རླབས་ཕྲེང་ཡོད། །next

ལེའུ་ཞེ་ལྔ་པ། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པའི་ཕྱིར། །ཆོས་སྐྱོང་སྤྱི་སྒྲུབ་ཕྲིན་ལས་རླབས་ཕྲེང་ཡོད། །


CMR032_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

༼བི༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། ཡེ་ཤེས་དང་འཇིག་རྟེན་གྱི་ཆོས་སྐྱོང་སྤྱིའི་སྒྲུབ་ཐབས་ཕྲིན་ལས་རྒྱ་མཚོའི་རླབས་ཕྲེང་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ཀཱ་ལ་དྷམཱ་པཱ་ལ་ཡེ།། སྔགས་ཆུང་གསར་བུ་ཐོས་རྒྱ་ཆུང་བ་ལ། །ཕན་ཕྱིར་ཆོས་སྐྱོང་སྤྱི་སྒྲུབ་གདམས་པ་བྲི། །དམ་ཅན་རྒྱ་མཚོས་བཀའ་གནང་བྱིན་གྱིས་རློབས། །མ་མགོན་ལ་སོགས་ཡེ་ཤེས་ཆོས་སྐྱོང་དང་། །མ་གཟའ་དམ་གསུམ་ལ་སོགས་འཇིག་རྟེན་པ། །དེ་བཞིན་ནོར་ལྷ་གཏེར་སྲུང་ལ་སོགས་པ། །གང་ཡང་འདྲ་སྟེ་སྤྱི་མཐུན་སྒྲུབ་པའི་ཐབས། །དཀྱིལ་འཁོར་རྟེན་རྫ་ས་བླ་རྡོ་ལ་སོགས་པ། །རྒྱས་པར་སོ་སོའི་གཞུང་ལས་འབྱུང་བ་ལྟར། །བསྡུ་ན་ས་སྟེགས་སམ་ནི་མཆོད་གཞིའི་སྟེང་། །འབྲུ་ཡི་ཚོམ་བུ་ལྷ་གྲངས་བཀོད་པའམ། །གཙོ་རྐྱང་


CMR032_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་པདྨ་འདབ་བརྒྱད་བྲི། །དེ་སྟེང་ཁྲི་འམ་མཉྫིལ་བཞག་པའི་སྟེང་། །ཟངས་ལྕགས་ཐོད་པ་ལ་སོགས་གང་འོས་སྣོད། །དེ་ནང་སོ་སོའི་གཏོར་མ་རྒྱན་ལྡན་བཤམས་། །འཁོར་རྣམས་གཏོར་ཆུང་ལྷ་གྲངས་འབྱོར་ནི་བཅའ། །འཁོར་རྣམས་མེད་ཀྱང་རུང་སྟེ་གཙོ་བོས་ཆོག །རྩེ་ལ་སོ་སོའི་ཙཀཱི་བཙུགས་པར་བྱ། །ཡོད་ན་ཐང་སྐུ་རྒྱབ་ནས་ཚུར་ལ་བཤམ། །ཡང་ན་གཏོར་མའི་ཐོད་དེར་བརྐྱངས་ལ་བཤམ། །སྐུ་གཟུགས་སྐུ་དང་གཏོར་མ་གསུང་གི་རྟེན། །ཚོམ་བུ་ཐུགས་རྟེན་ཡིན་པར་རྒྱ་འགྲེལ་གསལ། །གཏོར་མ་དེ་ཉིད་ལྷ་བསྐྱེད་ཡིན་པའི་ཕྱིར། །དང་པོ་བྲན་ནས་མི་བསྒུལ་གསོ་མི་དགོས། །དེ་མདུན་དེ་ལས་ཆུང་ཙམ་གཏོར་མ་གཅིག །རྒྱུན་དུ་ནམ་འདོན་གསོ་བྲན་བྱ་བ་སྟེ། །དེ་ནི་རྟག་གཏོར་རྒྱུན་གཏོར་དོན་གཅིག་གོ །དྲག་པོ་ཡིན་ན་གཡས་གཡོན་སྨན་རཀ་བཤམ། །ནོར་ལྷའི་རིགས་ལ་ཟས་སྣ་གང་འཛོམས་བཤམ། །ཀླུ་རིགས་ཡིན་ན་འོ་མར་ཀླུ་སྨན་བཏབ། །བཙན་དང་འཇིག་རྟེན་གཞི་བདག་རིགས་ཡིན་ན། །ཟན་གྱི་གཡག་ལུག་བྱ་རིའི་གཟུགས་བཤམ་མོ། །དྲག་པོའི་རིགས་ལ་གཏོར་མ་ཤ་ཁྲག་བརྒྱན། །མཁའ་


CMR032_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

རིར་ར་ཤ་དམ་ཅན་མཛོ་ཤ་སྤང་། །གཟའ་དང་དམ་ཅན་བཙན་རིགས་ར་ཤ་ལེགས། །ཀླུ་ཡི་རིགས་ལ་ཤ་ཆང་སྤང་བར་བྱ། །མཐའ་སྐོར་མཆོད་པ་སྣ་བདུན་སྐོར་བཤམ་བྱེད། །ཡོན་ཆབ་ཁྲག་དང་འོ་མ་ཞི་དྲག་ཁྱད། །ཐུན་མཚམས་འབུལ་རྒྱུའི་གཏོར་ཆུང་མང་དུ་བསག །བགེགས་བསྐྲད་མཚམས་གཅོད་ལ་སོགས་སྤྱི་དང་མཐུན། །དེ་ནས་རང་གི་ཡི་དམ་བདག་བསྐྱེད་བྱ། །དེ་ཡི་བསྙེན་པ་ཅུང་ཙམ་བྱས་པའི་རྗེས། །ལྷ་དེའི་གོང་ནོན་གཉེན་པོའི་ལྷར་བསྒྱུར་ཏེ། །དཔེར་ན་ཕྱག་བཞི་པ་ལ་བདེ་མཆོག་བཞིན། །།ཡེ་ཤེས་པ་ཡི་ཆོས་སྐྱོང་ཡིན་ན་ནི། །སྤྲུལ་གཞིའི་ལྷ་དེ་བསྒོམས་པས་འགྲུབ་པར་སླ། །འཇིག་རྟེན་པ་ལ་གང་འདུལ་གཉེན་པོའི་ལྷ། །གཟའ་ལ་ཕྱག་རྡོར་ཀླུ་ལ་རྟ་མགྲིན་དང་། །ཕོ་རྒྱུད་འདུལ་བའི་ལྷ་ནི་གཤིན་རྗེ་གཤེད། །མོ་རྒྱུད་འདུལ་བའི་ལྷ་ནི་ཧེ་རུ་ཀ །ཐམས་ཅད་ཀུན་ལ་གུར་དྲག་གྲོ་ལོད་སོགས། །བསྒོམ་པ་གཉེན་པོ་ཡེ་ཤེས་ལྷ་ཞེས་བྱ། །བསྐྱེད་རིམ་གསལ་ན་བྲན་གྱིས་རྗེ་མཐོང་འདྲ། །སྣང་སྲིད་འཁོར་འདས་ཐམས་ཅད་རང་གི་སེམས། །ཆོས་སྐྱོང་བཀའ་སྲུང་དྲེགས་པ་ཐམས་ཅད་ཀྱང་། །སེམས་ཀྱི་ཆོ་འཕྲུལ་ལས་གཞན་མེད་པར་


CMR032_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས། །དེ་ནི་ལྟ་བ་གྱད་ཀྱི་ལྷ་ཞེས་བྱ། །དེ་ཡོད་རྩུབ་ཆག་འཁུ་ལྡོག་འབྱུང་མི་སྲིད། །བླ་མ་རིགས་བདག་དམ་ཆོས་སྙིང་གི་ནོར། །དམ་ཚིག་གཙང་ཞིང་། སྙིང་ནས་བྱང་ཆུབ་སྒྲུབ། །བསྟན་དང་བླ་མའི་དོན་ལ་སེམས་ཁུར་ཆེ། །ཡེ་ཤེས་ཆོས་སྐྱོང་ཕ་ཁུ་མ་སྲིང་ཚུལ། །འཇིག་རྟེན་ཆོས་སྐྱོང་སྤུན་དང་སྙིང་གི་གྲོགས། །ཁ་ཙམ་མིན་པ་སྙིང་ནས་དེ་ཡོད་ན། །བླ་རྡོ་སྲོག་འཁོར་རྟེན་རྫས་དེ་ལ་ཚང་། །བགེགས་དང་བར་ཆད་རང་གི་རྣམ་རྟོག་སྟེ། །རྣམ་རྟོག་ཡེ་ནས་ཆོས་སྐུ་རྗེན་པ་ཉིད། །དེ་ལྟར་རྟོགས་པས་།དམ་སྲི་མནན་པ་ཚང་། །ཀུན་རྫོབ་རྟེན་འབྲེལ་བགེགས་གཏོར་བྱིན་ལ་བསྐྲད། །མཚམས་བཅད་གུ་གུལ་བདུག་ལ་སྲུང་འཁོར་བསྒོམ། །རང་ཉིད་གོང་ནོན་གཉེན་པོའི་ལྷར་གསལ་བས། །མངོན་རྟོགས་བཞིན་དུ་མདུན་བསྐྱེད་གཏོར་མ་དེ། །ཆོས་སྐྱོང་གང་ཡིན་བསྒོམ་ཞིང་སྤྱན་འདྲེན་བྱ། །ཡེ་ཤེས་ཆོས་སྐྱོང་གུ་གུལ་ཤ་ཆེན་བསྲེག །འཇིག་རྟེན་ལྷ་ཀླུ་ལ་སྤོས་དཀར་དུད་པ་བཏང་། །གཟའ་དང་དམ་ཅན་བཙན་རིགས་ར་ཚིལ་གསུར། །སྤོས་དཀར་ནཱ་གི་སྦྱར་བ་ཀླུ་ཡི་སྤོས། །དེ་དག་མེད་ན་དྲི་བཟང་གང་འབྱོར་བཏང་། །གླ་


CMR032_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་འདྲེས་པའི་སྤོས་ནི་ཀླུ་ལ་སྤང་། །ཅི་ཡང་མེད་ན་ཤུག་དུད་ཙམ་གྱིས་འོང་། །དང་པོ་ཡིན་གྱི་རྒྱུན་དུ་དགོས་པ་མིན། །ཡེ་ཤེས་པ་ལ་སོ་སོར་གཏོར་ཆོག་ནས། །ཉིན་བར་ཐུན་གསུམ་མཚན་དང་ཐུན་བཞི་བྱེད། །མ་མགོན་ལ་སོགས་གཏོར་ཆོག་རྒྱས་པའི་རིགས། །སྔ་དྲོ་མངོན་རྟོགས་ནས་བཟུང་བསྟོད་པ་ཡན། །ཉིན་གུང་གསོལ་ཁ་དགོང་མོ་བསྐང་གསོལ་དང་། །མཚན་མོ་མཚལ་མའི་བསྟོད་པ་ཡན་ཆད་བྱ། །འཇིག་རྟེན་ཆོས་སྐྱོང་མཆོད་བསྟོད་གལ་ཆེའི་ཕྱིར། །ཉིན་གསུམ་མཚན་གསུམ་ཐུན་དྲུག་ལས་བྱང་བཏོན། །ལས་བྱང་ནམ་འདོན་རྒྱུན་གཏོར་གསོ་བྲན་བྱ། །ལས་བྱང་ཚར་ནས་ཐུན་གྱི་བསྙེན་པ་བྱ། །ཐུན་མཇུག་མཚམས་དེར་གཏོར་ཆུང་རེ་རེ་ལ། །བྱིན་རླབས་རྩ་བའི་སྔགས་ཀྱིས་ཁཱ་ཧི་སྦྱར། །སོ་སོའི་བསྟོད་བསྐུལ་རྒྱས་བསྡུས་གང་རིགས་ཤིག །དབྱངས་དང་རོལ་མོར་བཅས་པས་བཏོན་བྱས་ལ། །དཀྱིལ་འཁོར་འགྲམ་དེར་ཡར་ལ་ཕུལ་བའམ། །ཡང་ན་བསྒྲིགས་ཏེ་བཞག་ཀྱང་རུང་བ་ཡིན། །དེ་ནས་བསྙེན་ཚེ་དམིགས་པའི་རིམ་པ་ནི། །རང་ཉིད་ཡི་དམ་སྐུ་ཆེ་ནམ་མཁའ་ཁྱབ། །མདུན་དུ་ཆོས་སྐྱོང་རང་ལས་ཅུང་ཟད་དམའ། །


CMR032_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ནི་རང་གི་སྙིང་ཐད་སླེབ་པ་ཙམ། །གཙོ་འཁོར་རྒྱན་དང་ཆ་ལུགས་མངོན་རྟོགས་བཞིན། །ཐུགས་ཀར་ཞི་བ་ཡིན་ན་ཟླ་བ་དང་། །དྲག་པོ་ཡིན་ན་ཉི་མའི་གདན་གྱི་སྟེང་། །རང་སྲོག་ས་བོན་མཐའ་མར་སྔགས་ཀྱིས་བསྐོར། །རང་གི་ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །ཁོ་ཡི་ཐུགས་ཀའི་ས་བོན་སྔགས་ལ་ཕོག །དཔེར་ན་རླུང་འཁོར་ལ་ནི་རླུང་ཕོག་བཞིན། །ཕོ་རིགས་གཡས་འཁོར་མོ་རིགས་གཡོན་དུ་འཁོར། །དེ་ལས་འོད་ཟེར་རང་མདོག་ལྕགས་ཀྱུའི་དབྱིབས། །རང་རང་གནས་པའི་ཕོ་བྲང་དེར་འཕྲོས་པས། །རང་རང་ལྷ་དེའི་ཐུགས་ཀའི་ས་བོན་ལ། འོད་ཟེར་ལྕགས་ཀྱུའི་རྩེ་མོ་དེ་ཡིས་འཁྱུད། །དཔེར་ན་ཞགས་པས་ཐེབས་པའི་དུད་འགྲོ་བཞིན། །འོད་དེས་འཐེན་པས་འཁོར་བཅས་མྱུར་དུ་བྱོན། །མདུན་བསྐྱེད་སྐུ་ལ་དབྱེར་མེད་ཐིམ་པར་བསམ། །དེ་ནས་རང་གི་ཞལ་ནས་གང་ཡིན་སྔགས། །བརྗོད་པས་སྔོན་གྱི་ཁས་བླངས་དམ་ཚིག་དྲན་། །དཔའ་བོ་ཆེན་པོས་ཅི་གསུངས་བཀའ་བསྒྲུབ་ཅེས། །རབ་ཏུ་དགྱེས་ཤིང་རང་ལ་གུས་འདུད་བསམ། །དམིགས་པ་དེ་ཉིད་ཁོ་ན་ཝིག་བྱ་ཞིང་། །ཞག་གསུམ་ལས་ནི་མི་


CMR032_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་ཙམ་ཞིག་བཟླས། །དེ་ནི་བསྙེན་པའི་དམིགས་རིམ་ཡིན་པའོ། །དེ་ཚེ་སྐྱེས་པ་བུད་མེད་ཆས་བཟང་དང་། །སློབ་དཔོན་བཙུན་པ་ཁྲིམས་ལྡན་དཔོན་རིགས་དང་། །དམག་དང་ཁྲོམ་ཚོགས་ངོ་མི་ཤེས་པ་ཡི། །འདུ་འཚོགས་ཟང་ཟིང་བླ་རྟགས་སྲོག་ཆགས་རྨིས། །སྒོ་བརྡུང་ཁང་པ་འཚགས་དང་ཐུག་ཆོམ་དང་། །རླུང་ཐོག་སེར་ཕྲན་ཆར་དྲག་འབྲུག་སྒྲ་འབྱུང་། །དངོས་ཉམས་སེམས་འཁྲུགས་འཇིགས་སྐྲག་བློ་མི་བདེ། །དེ་ཡི་ས་བསྙེན་པའི་དྲོད་ཚད་གཏན་ལ་ཕེབས། །དེ་ནས་ཐུན་དང་འདོན་ལུགས་གོང་དང་མཚུངས། །རང་གི་ཐུགས་ལས་འོད་ཟེར་སྣ་ཚོགས་འཕྲོས། །མདུན་བསྐྱེད་ལ་ཕོག་སྔགས་དེ་དྲག་ཏུ་འཁོར། །དེ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །ཆོས་སྐྱོང་སྲུང་མ་འཇིག་རྟེན་སྐྱོང་བ་དང་། །ལྷ་སྲིན་དྲེགས་པ་སྟོབས་ལྡན་བདུད་རིགས་ཀྱི། །མཐུ་དང་ནུས་པ་སྟོབས་དང་གཟི་བརྗིད་དང་། །འཇིག་རྟེན་ཁམས་ཀྱི་ཚེ་དང་བསོད་ནམས་དང་། །འོད་ཟེར་ཁ་དོག་སྣ་ཚོགས་རྣམ་པར་བསྡུས། །ཆོས་སྐྱོང་ལ་ཐིམ་གཟི་བརྗིད་བདུན་འགྱུར་འཕེལ། །དེ་ཉིད་དངོས་གྲུབ་འབུལ་བའི་ཚུལ་ཉིད་དུ། །འོད་ཟེར་རྣམ་པར་ཚུར་བྱུང་བདག་ལ་


CMR032_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ། །དམིགས་པ་དེ་ཉིད་བསྒོམ་ཞིང་ཞག་གསུམ་བསྙེན། །དེ་ཚོ་སྔར་རྨིས་སྐྱེས་པ་བུད་མེད་ཚོགས། །དེ་འདྲས་གུས་འདུད་ཕྱག་སྐོར་བྱེད་པ་དང་། །དཀར་གསུམ་ཟས་གོས་འབྲུ་དང་རིན་ཆེན་ཚོགས། །དངོས་སུ་བག་དྲོ་བྱིན་ཆགས་རིག་པ་དྭངས། །དེ་ཚེ་སྒྲུབ་པའི་དྲོད་ཚད་གཏན་དུ་ཕེབས། །དེ་ནས་ཞག་གཅིག་ལས་སྦྱོར་བྱ་བ་ནི། །ལྷ་དེ་ཞི་དྲག་གང་ཡིན་དེ་དང་བསྟུན། །རང་ཉིད་ཐུགས་ལས་འོད་ཟེར་སྔར་ལྟར་འཕྲོས། །མདུན་བསྐྱེད་ལ་ཕོག་མདུན་བསྐྱེད་ཐུགས་ཀ་ནས། །འོད་ཟེར་དཀར་པོ་ཟླ་བ་ཤར་བཞིན་དུ། །བདག་ཅག་དཔོན་སློབ་བསྲུང་བྱ་ཐམས་ཅད་ཀྱི། །ནད་གདོན་དགྲ་དང་བར་ཆད་ཐམས་ཅད་ཀུན། །མུན་པ་ལ་ནི་ཟླ་བ་ཤར་བའམ། །བ་མོར་ཉི་ཟེར་པོ་ཕོག་བཞིན་ཞི་བར་བྱས། །འཇིག་རྟེན་ཁམས་ཀྱི་ཞི་བའི་དངོས་གྲུབ་ཀུན། །འོད་ཟེར་དཀར་པོར་བསྡུས་ནས་བདག་ལ་ཐིམ། །ཞི་བའི་ཕྲིན་ལས་འགྲུབ་པའི་དངོས་གྲུབ་ཐོབ། །དཀར་གསུམ་བརྒྱན་པའི་གཏོར་མ་བཟང་པོ་འབུལ། །རང་ལ་གནོད་པའི་འཇིགས་པ་གང་ཡོད་པ། །ཞི་བའི་བཅོལ་གཏམ་བཀའ་བསྒོ་དྲག་ཏུ་བྱ། །རྨིས་ལྟས་ནམ་


CMR032_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་ཉི་མ་ཤར་བ་དང་། །ནད་གདོན་ཞི་བའི་བརྡའམ་ལུང་བསྟན་འབྱུང་། །རྒྱས་པར་རང་གི་འོད་ཟེར་མདུན་བསྐྱེད་ཕོག །མདུན་ལས་འོད་ཟེར་གསེར་མདོག་ཕྱོགས་བཅུར་འཕྲོས། །རང་དང་དམིགས་ཡུལ་འཁོར་སློབ་རིགས་རྒྱུད་སོགས། །པདྨ་ཆུ་ཡིས་བྲན་ལྟར་བཀྲག་མདངས་རྒྱས། །འཇིག་རྟེན་ཁམས་ཀྱི་ཚེ་བསོད་སྙན་དང་གྲགས། །འོད་ཟེར་སེར་པོར་བསྡུས་ནས་བདག་ལ་ཐིམ། །ཚེ་བསོད་རྒྱས་ཤིང་རྒྱས་པའི་དངོས་གྲུབ་ཐོབ། །ཁྱད་པར་ནོར་ལྷའི་རིགས་ནི་ཡིན་ན་ནི། །ཆོས་སྐྱོང་སྐུ་ལུས་བ་སྤུའི་བུ་ག་དང་། །ཐུགས་ཀའི་འོད་ཟེར་ཉི་ཟེར་འདྲ་བ་ལས། །རིན་ཆེན་ཟས་གོས་ལོངས་སྤྱོད་སྣ་ཚོགས་པ། །ཆར་བཞིན་བབས་པས་དགོས་འདོད་ལྷུན་གྲུབ་བསམ། །རྨི་ལམ་རིན་ཆེན་ཆར་པ་འབེབས་པ་དང་། ཁྲི་ལ་འདུག་དང་དར་ཕྱར་ལོ་ལེགས་རྨིས། །དངོས་སུ་ཟས་མ་ཟོས་ཀྱང་འགྲང་སྙམ་འབྱུང་། །སེམས་མཐོ་ང་རྒྱལ་ཁེངས་པའི་སྣང་བ་འཆར། །གཏོར་མ་རིན་པོ་ཆེ་ཡི་དབྱིབས་འདྲ་ལ། །འབྲུ་སྣ་ཟས་སྣ་ཤིང་ཏོག་བླུགས་པ་འབུལ། །སྟོབས་དང་འབྱོར་པ་རྒྱས་པའི་འདོད་གསོལ་བྱ། །དབང་ལ་རང་ལས་འོད་ཟེར་གོང་ལྟར་


CMR032_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། །མདུན་བསྐྱེད་བསྐུལ་བས་མདུན་བསྐྱེད་ཐུགས་ཀ་ནས། །འོད་ཟེར་དམར་པོ་གློག་ཞགས་ལྟ་བུ་ནི། །ཕྱོགས་བཅུར་འཕྲོ་འམ་གང་དམིགས་ཕྱོགས་སུ་འཕྲོས། །རྒྱལ་བློན་ཡུལ་ཁམས་ལོངས་སྤྱོད་སྙན་གྲགས་བཅས། །འོད་ཟེར་དམར་པོར་བསྡུས་ནས་རང་ཉིད་ཀྱི། །གདན་ཁྲིའམ་ནི་སྐུ་ཡི་སྨད་ལ་བསྟིམ། །སྣང་སྲིད་དབང་སྡུད་དངོས་གྲུབ་ཐོབ་པར་བསམ། །ཁྱད་པར་དམིགས་ཡུལ་ངེས་པ་ཅན་ཡོད་ན། །དེ་ཉིད་འོད་དམར་ཞུ་བཅུག་རང་ལ་བསྟིམ། །གཏོར་མ་ཟུར་གཉིས་འབྲི་མོག་བྱུགས་པ་ལ། །མངར་གསུམ་ཆང་སོགས་བྲན་ནས་གཏོར་མར་འབུལ། །རང་གི་གང་དགོས་བཀའ་བསྒོ་དྲག་ཏུ་བྱ། །རྨི་ལམ་དུང་འབུད་ཁྲོམ་ཆེན་འདུ་བ་དང་། །ཕྱག་འཚལ་བུད་མེད་རྒྱན་ལྡན་འདུ་བ་འབྱུང་། །དངོས་སུ་བདེ་ཉམས་འདོད་ཆགས་འདྲེས་མ་སྐྱེ། །ཡང་ན་ཞེན་མེད་དགོས་མེད་རྟོགས་པ་འཆར། །དྲག་པོ་ཡིན་ན་དམར་གཏོར་ལིང་གར་བཅས། །དགྲ་བགེགས་དགུག་གཞུག་དྲག་ཏུ་བྱ་བའམ། །རྒྱས་པར་སྤྲོ་ན་ཕུར་གདབ་ལིང་ག་བསྒྲལ། །ལིང་རོ་དམར་གཏོར་ནང་དུ་འབུལ་བར་བྱ། །རང་གི་ཐུགས་ལས་འོད་ཟེར་མཐིང་


CMR032_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ནག་འཕྲོས། །མདུན་བསྐྱེད་ལྷ་ཡི་ཐུགས་ཀར་ཕོག་པ་ཡིས། །མཚང་ཆེན་གནད་ལ་ཕོག་པ་ཇི་བཞིན་འཕྲོས། །ཐུགས་ལས་འོད་ཟེར་མཐིང་ག་ཚ་ཞིང་རྩུབ། །འཁོར་ལ་ཕོག་པས་རང་དབང་མེད་པར་རྒྱུག །རང་འདྲ་སྤྲུལ་པའི་ཁྲོ་བོས་འཇིག་རྟེན་བཀང་། །གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་ཀུན། །ལ་ལས་བཟུང་ཞིང་ལ་ལས་གསོད་པར་བྱེད་། །ལ་ལས་ཤ་ཟོས་ལ་ལས་ཁྲག་ལ་འཐུང་། །ལ་ལས་གློ་སྙིང་ནང་ཁྲོལ་ཕྱོགས་ཀུན་ཁྱེར། །ལ་ལས་ལྤགས་གྱོན་ལ་ལས་རུས་པ་མུར། །བྱ་གཅན་ཐེད་ལ་རུབ་པ་ལྟ་བུར་དམིགས་། །ཐུན་གཏོར་བྲན་ལ་སོ་སོའི་བསྐུལ་པ་འདོན། །ཐེབ་ལྡོག་བརྩིས་ལ་ཕྱི་རོལ་ཟོར་དུ་འཕང་། །དངོས་ཉམས་ཞེ་སྡང་རྔམས་རྔམས་རྩིག་རྩིག་སྐྱེ། །ཉམས་དང་རྨི་ལམ་ཤ་ཁྲག་དོན་སྙིང་སྟེར། །སྲོག་ཆགས་བསད་སོགས་དྲག་པོའི་རྨིས་ལྟས་འབྱུང་། །རང་ལ་དགྲ་སོགས་དམིགས་ཡུལ་མེད་ན་ཡང་། །བསྟན་པའི་སྤྱི་དགྲ་བགེགས་སོགས་ལ་དམིགས་ནས། །དྲག་ལས་བརྡའ་མཚོན་འདི་ཙམ་མ་བྱས་ན། །མགོན་པོའི་རིགས་སོགས་བཀའ་སྲུང་དྲག་པོའི་རིགས། །བསྒྲུབ་ན་རང་གི་ཚེ་ལ་གནོད་པ་སྟེ། །དཔེར་ན་དགྲ་


CMR032_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མེད་པར་དམག་བསྡུས་བཞིན། །དེ་དོན་མགོན་པོའི་རྒྱུད་སྡེ་རྣམས་སུ་གསལ། །བསྒྲལ་ཞིང་མ་ཚང་ཆོས་པའམ་དོན་མེད་མི། །དེ་ལ་དམིགས་ན་ཆོས་སྐྱོང་ཐུགས་ཀྱིས་ཁྲེལ། །འཁུ་ལྡོག་འབྱུང་ཞིང་ཕྱི་མའང་ངན་འགྲོའི་རྒྱུ། །བསྟན་པ་སྤྱི་ཡི་དོན་ལ་དམིགས་བྱས་ན། །ཆོས་སྐྱོང་དང་ནི་རང་ཉིད་བསམ་པ་གཅིག །ཞོར་ལ་རང་གི་དོན་ཡང་འགྲུབ་པ་ཡིན། །རང་འདོད་ཁོ་ནར་ལྷ་དེས་ལས་མི་བྱེད། །དེ་ལྟར་བསྙེན་པ་ཞག་གསུམ་བསྒྲུབ་པ་གསུམ། །ལས་སྦྱོར་ཞག་གཅིག་ཀུན་འདུས་ཞག་བདུན་ཚང་། །དེ་ནི་རྣལ་འབྱོར་རབ་ཀྱི་ལུགས་ཡིན་ཏེ། །འབྲིང་གི་གཉིས་འགྱུར་ཐ་མ་སུམ་འགྱུར་དང་། །ཡང་མཐའ་བཞི་འགྱུར་བྱས་ན་མི་འགྲུབ་མེད། །དེ་ནས་ལྷ་དེ་ཡེ་ཤེས་པ་ཡིན་ན། །བེར་ཆེན་ལ་སོགས་མཇུག་ནས་འབྱུང་བ་ལྟར། །དངོས་གྲུབ་ལེན་ཆོག་བཏོན་ལ་རྟེན་གཏོར་དེས། །རང་གིས་རང་ལ་བདག་འཇུག་གཏོར་དབང་བྱ། །རང་རང་སོ་སོའི་རྩ་སྔགས་གང་ཡིན་མཇུག །ཀཱ་ཡ་སིདྡྷི་ཨོ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། སརྦ་སིདྡྷི་ཧཱུྃ༔ ཞེས་བརྗོད་དཔྲལ་མགྲིན་སྙིང་ག་ལྟེ་བར་གཏུགས། །འཇིག་རྟེན་པ་ལ་གཏོར་དབང་


CMR032_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱའོ། །དེ་ནས་ཡེ་ཤེས་འཇིག་རྟེན་གང་ཡིན་ཀྱང་། །གཏོར་མ་ལྷར་བསྐྱེད་ནམ་མཁར་བཏེགས་བྱས་ལ། །དེ་ནས་གཏོར་མ་དེ་ཉིད་གསོ་བྲན་བྱ། །མཆོད་པ་རྣམས་ཀྱི་ཁ་ཡང་ལེགས་པར་གསོས། །རང་རང་ལས་བྱང་གཏོར་ཆོག་འདོན་ལ་བསྔོ། །སྐབས་དེར་དགའ་སྟོན་ཚོགས་འཁོར་འབྱོར་ན་རབ། །ཚོགས་གཞུང་རང་གི་ཡི་དམ་བཞིན་དུ་བྱ། །ཆོས་སྐྱོང་གང་ཡིན་རྩ་སྔགས་ཤམ་བུ་རུ། །གྷ་ན་ཙཀྲ་ཁཱ་ཧི་སྦྱར་བས་འཐུས། །ལྷ་དེ་ཞི་བའི་སྒྲུབ་པ་ཡིན་ན་ནི། །གཏོར་མ་རང་དང་བསྲུང་བྱ་ཀུན་གྱིས་བཟལ། །གཏོར་བདུག་བྱིན་ཡང་ཕན་པ་ཆེ་བ་ཡིན། །རྒྱས་པ་ཡིན་ན་རང་གིས་ཅུང་ཟད་བཟའ། །རང་གི་ཁྱིམ་ཕུག་མཛོད་ཕུག་གང་བདེར་སྦ། །འབྲོག་པ་ཡིན་ན་གཏོར་རྩེ་རྐང་རྩེར་བཅུག །ལྷག་མ་ནང་འཁོར་མི་དང་ཆིབས་པར་སྦྱིན། །བ་གླང་བོང་བུ་བྱ་ཁྱིར་སྦྱིན་མི་རུང་། །དབང་གི་སྒྲུབ་པ་ཡིན་ན་གཏོར་མ་དེ། །རང་གིས་ཟོས་འཕྲོ་ཐབ་ཀྱི་མེ་ལ་བསྲེག །ལྷ་དེ་ཀླུ་རིགས་ཡིན་ན་བསྲེག་མི་རུང་། །མཚོའམ་ཆུ་ཆེན་ནང་དུ་ཕུལ་བར་བྱ། །དྲག་པོའི་སྒྲུབ་པ་གནད་ཆེན་ཡིན་ན་ནི། །སླ་ང་ལ་སོགས་ལྕགས་སྣོད་ཆེན་པོའི་ནང་། །སྒྲུབ་རྟེན་


CMR032_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཆེ་བ་གཉིས་ཀ་བཞག །མཐའ་རུ་གཏོར་ཆུང་ཕུལ་ཚད་རྣམས་ཀྱང་སྤུངས། །ཙཀྱི་ཡར་ཤབ་ཤ་ཁྲག་ཆང་གིས་བྲན། །དང་པོ་དཀར་གཏོར་ཕུལ་ཞིང་གསེར་སྐྱེམས་གཏོར། །མདུན་དུ་དཀར་གཏོར་དེ་རྒྱབ་གཏོར་ཆེན་དེ། །གནོད་པའི་ཕྱོགས་སུ་གཏོར་ཞལ་ཕར་ལ་བསྒྱུར། །མར་རྒྱན་ཐམས་ཅད་དངོས་གྲུབ་ཚུལ་དུ་བླངས། །དེ་ནི་སྔགས་མར་རྩིས་ཆེན་བསྲུང་བྱར་སྦྱིན། །སླར་ཡང་གཏོར་མ་གསོ་བྲན་བྱས་པ་ལ། །དགུག་གཞུག་བྱས་ཤིང་དགྲ་བགེགས་ཤ་ཁྲག་དམིགས། །ནམ་མཁར་བཏེག་པའི་ཆོས་སྐྱོང་ལྷ་ཚོགས་ལ། །དམག་ལྟོ་སྦྱིན་པའི་ཚུལ་དུ་ཁཱ་ཧིས་བསྔོས། །ལྷ་དེའི་བསྐུལ་པ་གང་ཡོད་ཐམས་ཅད་བཏོན། །ཐེབ་ལྡོག་རྩིས་ལ་ཕྱོགས་ནི་གཙང་བའི་སར། །དཀར་གཏོར་གཏོར་ཆེན་དར་ནག་རིམ་པས་ཁྱེར། །གོམ་པ་རེ་བཞི་ལས་ནི་ཐུང་མི་རུང་། །ཐུང་ན་རང་གི་འཁོར་ལ་རྐྱེན་ཁ་འབྱུང་། །དེ་བས་རིང་ཡང་ཉེས་སྐྱོན་མེད་པར་གསུངས། །ཅུང་ཟད་ས་གཞི་ཁོད་སྙོམས་ས་རུ་བསྡད། །སྤྲོ་ན་གསེར་སྐྱེམས་བསྔོ་ཞིང་དཀར་གཏོར་འབུལ། །དེ་ནས་བསྐུལ་པ་ཆུང་ངུ་གཅིག་བྱ་སྟེ། །དེ་ནས་བཞེས་འབོད་གང་ཤེས་དྲག་ཏུ་


CMR032_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །དེ་ནས་དྲག་སྔགས་བརྗོད་ཅིང་གཏོར་ཆུང་རྣམས། །རིམ་པར་འཕངས་རྗེས་གཏོར་ཆེན་གཉིས་ཀྱང་འཕེན། །དམིགས་པ་དགྲ་ལ་མཚོན་ཆའི་ཆར་པ་སྟེ། །བགེགས་ལ་མེ་ཡི་ཕུང་པོ་ཆེན་པོར་དམིགས། །དགྲ་རྣམས་ཕྱོགས་མང་སེར་བ་བརྒྱབ་འདྲར་གཙགས། །དར་ནག་བརྡབས་པས་ནམ་མཁའི་ལྷ་ཚོགས་ཀུན། །སེར་སྤྲིན་དྲག་པོ་རླུང་གིས་བསྐྱོད་པ་བཞིན། །འུར་སྒྲ་ཐུག་ཆོམ་དང་བཅས་དགྲ་ཡུལ་སོང་། །དེ་རུ་གནས་བཅས་ཟ་སྐལ་གཏད་པར་བསམ། །གཏོར་མ་མ་གྱུ་ལན་གསུམ་འཕེན་ཝིག་བྱ། །གཏོར་མ་བྱ་ཁྱིས་ཟོས་ཀྱང་འགལ་བ་མེད། །གཏོར་ཟན་དེ་ཉིད་དགྲ་ལ་འཁྱར་དོགས་ན། །མེ་ཧོམ་སྦར་ལ་དེ་རུ་བསྲེག་པར་བྱ། །དེ་ཡང་ཤིང་དེ་གྲུ་གསུམ་བསྒམ་བྱས་ལ། །མེ་སྦར་མེ་ནང་སྐད་ཅིག་ཆོས་སྐྱོང་དམིགས། །གཏོར་མ་དགྲ་བགེགས་དམིགས་ལ་ཞལ་དུ་བསྟབ། །ཚིག་རྗེས་གཤེགས་གསོལ་མི་དགོས་མི་དམིགས་བྱ། །གཏོར་གཞོང་སྒྲུབ་པ་རི་རབ་ཆེན་པོའི་འོག །དམ་སྲི་བཀུག་མནན་དམིགས་ལ་རྟ་བྲོ་བརྡུང་། །གྲྭ་སློབ་སྔོན་བཏང་རང་ཉིད་ཕྱི་ནས་འོང་། །བྱ་ཁྱུང་འཇིགས་པས་ཕྱིར་གཟིགས་རྗེས་བཅད་བསམ། །ཕྱི་མིག་མི་


CMR032_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་ཁྱུང་སྔགས་བགྲང་ཞིང་འོང་། །གལ་ཏེ་མཐུ་བྱས་ཟོར་སོགས་དགོས་ཡོད་ན། །ནམ་ཕྱེད་སུས་ཀྱང་མི་གོ་གསང་ཐབས་བྱ། །ནང་དུ་ཕྱིན་ནས་བཀྲ་ཤིས་བརྗོད་པ་དང་། །ཡེ་ཤེས་པ་ནི་གཤེགས་སམ་རྟེན་ལ་བསྟིམ། །བསྐྱེད་པའི་དམ་ཚིག་པ་རྣམས་རང་ལ་བསྟིམ། །འཇིག་རྟེན་པ་ཡི་ལྷ་རྒོད་ཡིན་ན་ནི། །སྤྱན་དྲངས་པ་ཡི་ལྷ་དེ་རང་གནས་གཤེགས། །བསྐྱེད་པའི་དམ་ཚིག་པ་དེ་རྟེན་ལ་བསྟིམ། །དེ་ལྟར་ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་སྤྱི་སྒྲུབ་འདི། །རྟ་ལོ་ཁྲུམས་ཀྱི་ཟླ་བའི་དམར་པོ་ཡི། །མར་ངོའི་ཚེས་བཅུའི་སྔ་དྲོའི་ཐུན་མཚམས་ལ། །རཱ་ག་ཨ་སྱས་ངག་ཁྲིད་ཚུལ་དུ་སྨྲས། །བརྩོན་འགྲུས་རྒྱ་མཚོས་བརྗེད་ཐོ་ཡི་གེར་བཀོད། །འདི་ལ་སྔ་འོས་གསལ་བཀོད་ཉེས་མཆིས་ན། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་བཤགས། །དགེ་བས་དཀོན་མཆོག་དབུ་འཕང་ཆེར་མཐོ་ཞིང་། །སངས་རྒྱས་བསྟན་པ་ཡུན་རིང་གླུ་རྒྱས་པར་ཤོག །ལེའུ་ཞེ་ལྔ་པའོ་མངྒ་ལཾ།།་་་་་སྣོད་ལྡན་མ་གཏོགས་པ་འདིའང་བསྟན་པར་མི་བྱ་གསུངས་པས་ཤེས་པར་བྱོས་ཤིག། །།


previousལེའུ་ཞེ་ལྔ་པ། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པའི་ཕྱིར། །ཆོས་སྐྱོང་སྤྱི་སྒྲུབ་ཕྲིན་ལས་རླབས་ཕྲེང་ཡོད། །next